བོད་ཀྱིས་གློག་འཕྲིན་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་གི་གཡོ་ཐབས་གསར་པར་རྡུང་རྡེག་ཇི་ལྟར་གཏོང་རྒྱུའི་སྐོར་གྱི་དྲི་བ་ཁག་གསུམ།

2019-04-17
0

   ན་ནིང་ཟླ་1པོ་ནས་ཟླ་12པའི་བར། བོད་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་སྐོར་གྱི་གྱོད་གཞི་ཁྱོན་972ཐོ་འགོད་བྱས་པ་དེ་ལོ་གོང་མའི་དུས་མཚུངས་ལས་0.62%འཕར་བ་དང་དཔལ་འབྱོར་གྱི་གྱོང་གུན་ཕོག་ཚད་ལོ་གོང་མའི་དུས་མཚུངས་ལས་2.6%ཆག་ཡོད་པ་རེད།

          གྲངས་གཞི་འདི་ལས་སྤྱི་ཚོགས་ཆ་འཕྲིན་ཅན་གྱི་ཐོན་ཁུངས་རྒྱུན་ཆད་མེད་པར་ལེགས་སྒྲིག་བྱས་པ་དང་བསྟུན་ནས་གྲངས་གཞི་ཆེ་མོའི་དུས་རབས་ལས་བྱུང་བའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་རྒྱལ་ཡོངས་སུ་ཡོངས་ཁྱབ་ངང་ཐོན་མང་དུ་སོང་བའི་རྣམ་པ་མངོན་ཡོད་ལ་བོད་ཀྱང་དེ་དང་གཅིག་མཚུངས་ཡིན་པ་ར་སྤྲོད་ཐུབ་ཡོད།

          འོན་ཀྱང་འདས་ཟིན་པའི་ལོ་གཅིག་ནང་བོད་ཀྱིས་དེ་སྔོན་གྱི“རྡུང་རྡེག་རྐྱང་པའི”བྱེད་ཐབས་ལ་འགྱུར་ལྡོག་བཏང་སྟེ་འབྱུང་རྩ་ནས་བཀག་འགོག་བྱེད་རྒྱུར་མཐོང་ཆེན་བྱེད་པ་དང་། སྔོན་འགོག་དང་། སློབ་གསོ། དྲིལ་བསྒྲགས་བཅས་བྱེད་ཤུགས་ཆེ་རུ་གཏོང་བ། སྔོན་འགོག་དང་རྡུང་རྡེག་ཟུང་འབྲེལ་བྱེད་པ། མཉམ་དུ་རྡུང་རྡེག་གཏོང་རྒྱུར་སྐུལ་འདེད་བཏང་ནས་སྤྱི་བདེ་དང་། དངུལ་ཁང་། འཕྲིན་གཏོང་དོ་དམ་སྡེ་ཚན་སོགས་ཀྱི་མཉམ་འབྲེལ་གྲོས་ཚོགས་ཀྱི་ཁོངས་མིས་རང་འགན་གཙང་སྒྲུབ་ཀྱིས་བོད་ཀྱི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་སྔོན་འགོག་དང་རྡུང་རྡེག་གཏོང་བའི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ཡོད། ཉེ་ཆར་བོད་ཀྱིས་གློག་འཕྲིན་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་གི་ཐབས་ལམ་གསར་པའི་ད་ལྟའི་གནས་ཚུལ་ལ་སྔོན་འགོག་དང་། རྡུང་རྡེག བཅོས་སྒྲིག་བཅས་བྱ་རྒྱུའི་སྐོར་ལ་གསར་འགོད་པས་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ཉེས་དོན་མྱུལ་ཞིབ་སྤྱི་ཁྱབ་རུ་ཁག་གི་སྤྱི་ཁྱབ་རུ་དཔོན་གཞོན་པ་པ་སངས་ལ་ཆེད་དོན་བཅར་འདྲི་ཞུས་པ་ཡིན།


          འདི་ནི་2018ལོའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་སྔོན་འགོག་དང་རྡུང་རྡེག་གཏོང་བའི་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོའི་རིང་གྲོང་མི་ཞིག་གིས་གློག་འཕྲིན་ཁ་བསླུས་སྐོར་གྱི་དྲིལ་བསྒྲགས་ནང་དོན་ལ་ནན་ཏན་ངང་ལྟ་བཞིན་པ།

          ◆དྲི་བ་དང་པོ། སྤྱི་བདེ་ལས་ཁུངས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ལ་རྡུང་རྡེག་གཏོང་ཐབས་གང་དག་སྤྱད་ཡོད་དམ།

          པ་སངས། རང་སྐྱོང་ལྗོངས་དང་གྲོང་ཁྱེར་དང་ས་ཁུལ་རིམ་གཉིས་གློག་འཕྲིན་ཁྲིམས་འགལ་ཉེས་གསོག་གི་ཐབས་ལམ་གསར་པར་རྡུང་རྡེག་གཏོང་བའི་ལས་དོན་གྱི་མཉམ་འབྲེལ་ཚོགས་འདུ་འཚོགས་པ་དང་། རང་སྐྱོང་ལྗོངས་ཁ་བསླུས་ངོ་རྒོལ་ལྟེ་གནས་དང་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་ཁ་བསླུས་ངོ་རྒོལ་ལྟེ་གནས་བཙུགས་པ། 《གྱོད་འབྲེལ་ལག་ཐོགས་ཁ་པར་གྱི་ཨང་གྲངས(དངུལ་ཁང་གི་བྱང་བུའི་ཨང་གྲངས)དང་ཁ་བསླུས་དྲ་ཚིགས(སྦྲེལ་མཐུད)གང་མགྱོགས་འཚོལ་ཞིབ་དང་། སྤྱོད་མཚམས་འཇོག་པའི་ལས་ཀའི་ལམ་སྲོལ》དང་། 《བོད་རང་སྐྱོང་ལྗོངས་ཁ་བསླུས་ངོ་རྒོལ་ལྟེ་གནས་འཁོར་སྐྱོད་ལམ་སྲོལ(ཚོད་ལྟའི་ལག་བསྟར)》 《བོད་རང་སྐྱོང་ལྗོངས་ཁ་བསླུས་ངོ་རྒོལ་ལྟེ་གནས་སྔོན་བརྡ་བཀག་སྡོམ་བསླབ་བྱའི་ལས་ཀའི་ལམ་སྲོལ(ཚོད་ལྟའི་ལག་བསྟར)》བཅས་བཟོས་ཡོད།

          རིམ་ཁག་མཉམ་འབྲེལ་གཞུང་ལས་ཁང་གིས་མངའ་ཁོངས་ཁུལ་གྱི་ཁེ་ལས་དང་བྱ་གཞག་ཚན་པ་ཆེ་གྲས་ཁག་དང་གློག་འཕྲིན་དྲ་རྒྱའི་ཁ་བསླུས་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲིའི་ཡི་གེ་བཞག་པ་དང་། བོད་ཀྱི་གྲོང་ཁྱེར་དང་ས་ཁུལ་རིམ་པའི་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱིས་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཁ་བསླུས་ངོ་རྒོལ་ལྟེ་གནས་དང་ཁ་བསླུས་ངོ་རྒོལ་ལས་ཀའི་མཉམ་སྒྲུབ་གྲོས་མཐུན་བཞག་པ། འཕྲིན་གཏོང་དོ་དམ་སྡེ་ཚན་དང་གཉེར་སྐྱོང་ཚན་པ་ཆེ་གྲས་གསུམ་དང་མཐུན་སྦྱོར་བྱས་ནས“སྦྲེལ་ཚུགས་རྫུས་མའི”ལྟ་ཞིབ་ཚད་ལེན་མ་ལག་དང་། “རྫུན་འགོག་དྲན་སྐུལ་ཞབས་ཞུའི”མ་ལག རྫུན་འགོག་ཁ་པར་དྲ་རྒྱ་ཡོངས་འགོག་མ་ལག་བཅས་རང་བརྟེན་ཞིབ་བཟོ་བྱས་པའམ་ཡང་ན་ནང་འདྲེན་བྱས་ནས་ལག་རྩལ་ཐོག་ནས་ངོ་རྒོལ་བྱེད་པའི་ནུས་པ་ཆེ་རུ་བཏང་ཡོད།

          བོད་ཀྱི“རྡུང་རྡེག་གསུམ་དང་བཅོས་སྒྲིག་གཅིག”གི་ཆེད་དོན་ལས་དོན་དང་ཟུང་འབྲེལ་གྱིས་ཉིན་མཚན་བདུན་གྱི་ཆེད་མི་དང་ཆེད་སྤྱོད་དྲ་བ་གཏན་སྲུང་བྱེད་པའི་ལས་ཀའི་གཏན་འབེབས་ལག་བསྟར་ནན་པོ་བྱས་ཏེ་ཉེན་བརྡ་འབྱོར་བ་དང་གཏོང་སྤྲོད་མཚམས་འཇོག་བྱེད་པ། སྔོན་བརྡ་བཀག་སྡོམ་བསླབ་བྱ་སོགས་ཀྱི་ལས་དོན་ཁག་དུས་ཐོག་ཏུ་སྤེལ་བ་དང་འབྲེལ། གྲོང་ཁྱེར་དང་ས་ཁུལ་ཁག་གི་མཉམ་འབྲེལ་གཞུང་ལས་ཁང་ལ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཞིབ་འཇུག་དང་བརྡར་གཅོད་ཀྱི་འགན་འཁྲི་དང་དམིགས་ཚད་ཀྱི་གྲངས་གཞི་འདོན་རྒྱུའི་གཏན་འཁེལ་བྱས་ཡོད། རྒྱུན་རྣམ་ཅན་གྱི་དྲིལ་བསྒྲགས་ཀྱི་རྨང་གཞིའི་ཐོག་འདི་ལོའི་ཟླ་1པོ་ནས་ཟླ་9པའི་བར་ས་ཁོངས་བར་གྱི་འབྲེལ་གཏུག་གཞུང་དོན་ཁང་གིས་སྔ་རྗེས་སུ་མཉམ་འབྲེལ་གྲོས་ཚོགས་ཀྱི་ཁོངས་མིའི་ཚན་པ་དང་གྲོང་ཁྱེར་དང་ས་ཁུལ་ཁག་གི་མཉམ་འབྲེལ་གཞུང་ལས་ཁང་23སྒྲིག་འཛུགས་བྱས་ཏེ་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ“གློག་འཕྲིན་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་གི་ཐབས་ལམ་གསར་པར་སྔོན་འགོག་ཚོད་འཛིན་བྱེད་པའི་དྲིལ་བསྒྲགས་གཟའ་འཁོར”དང“གློག་འཕྲིན་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་གི་ཐབས་ལམ་གསར་པར་སྔོན་འགོག་ཚོད་འཛིན་བྱེད་པའི་སྒྲོག་འགྲེལ་ཟླ་བའི”བྱེད་སྒོ་གཅིག་སྡུད་ཐོག་སྤེལ་རྒྱུ་རེད།

          ◆དྲི་བ་གཉིས་པ། 2018ལོར་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ལ་རྡུང་རྡེག་བཅོས་སྒྲིག་བྱས་པར་གྲུབ་འབྲས་གང་དག་ཐོབ་ཡོད་དམ།

          པ་སངས། ཉེན་བརྡ་འབྱོར་བ་དང་། གཏོང་སྤྲོད་མཚམས་འཇོག སྔོན་བརྡ་བཀག་སྡོམ་བསླབ་བྱ་བཅས་གང་མགྱོགས་མངོན་འགྱུར་ཡོང་བ་བྱས་ཡོད། 2018ལོར་བོད་ཀྱི་རིམ་ཁག་ཁ་བསླུས་ཉེས་གསོག་ངོ་རྒོལ་ལྟེ་གནས་དང་། རང་སྐྱོང་ལྗོངས་དང་རྫོང་གི་སྤྱི་བདེ་ལས་ཁུངས་ཁག་གིས་ཆ་འཕྲིན་ཁག་1700ལྷག་ཙམ་གྱི་ཉེན་བརྡ་འབྱོར་བ་དང་གཏོང་སྤྲོད་མཚམས་འཇོག་བྱས་པ་དང་། ཆ་འཕྲིན་ཁག་1600ལྷག་ཙམ་ཕབ་འཇུག་བྱེད་མཚམས་བཞག་པ། གྱོད་འབྲེལ་དངུལ་སྒོར་ཁྲི་2500གྲུབ་འབྲས་ཐོབ་པའི་སྒོ་ནས་སྤྱོད་མཚམས་བཞག་པ། མགོ་སྐོར་ཐེབས་ཉེན་ཆེ་བའི་ཁ་པར་སྤྱོད་མཁན་2500ཙམ་ལ་གྲུབ་འབྲས་ཐོབ་པའི་སྒོ་ནས་སྔོན་བརྡ་བཀག་སྡོམ་དང་བསླབ་བྱ་བྱས་པས་དཔལ་འབྱོར་གྱི་གྱོང་གུན་ཕོག་ཚད་ལོ་གོང་མའི་དུས་མཚུངས་ལས་2.6%ཆག་ཡོད།

          གྱོད་གཞི་ཞིབ་འཇུག་དང་བརྡར་གཅོད་མཉམ་སྦྲེལ་གྱིས་སྤྱི་ཁྱབ་རུ་ཁག་གི“གསུམ་སྒྲིལ”ལས་སྟེགས་ལ་བརྟེན་ནས་གྱོད་གཞི་ཞིབ་འཇུག་དང་བརྡར་གཅོད་མཉམ་འབྲེལ་ལ་རིམ་བཞིན་ཤུགས་སྣོན་རྒྱག་པ་དང་མཉམ་འབྲེལ་ལས་སྒྲུབ་བྱས་པས་གསང་འཕྲིན་མྱུལ་ཞིབ་ནུས་པ་ཉིན་རེ་བཞིན་མངོན་གསལ་དོད་དུ་སོང་ཡོད། མིག་སྔའི་བར་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཞིབ་འཇུག་དང་བརྡར་གཅོད་ཐོན་རྫས་ཁག་56བཏོན་པས་གྱོད་གཞི་ཁག་55བདེ་བླག་ངང་མཉམ་སྦྲེལ་ཐུབ་ནས་གྱོད་གཞི་79རྩད་ཆོད་པ་རེད། མཉམ་འབྲེལ་གཞུང་ལས་ཁང་གི་ཁོངས་མིའི་ཚན་པ་དང་གྲོང་ཁྱེར་དང་ས་ཁུལ་ཁག་གི་མཉམ་འབྲེལ་གཞུང་དོན་ཁང་23སྒྲིག་འཛུགས་བྱས་ནས་ཁྱོན་དྲིལ་བསྒྲགས་ཐེངས་1078བྱས་པ་དང་། གློག་འཕྲིན་དྲ་རྒྱའི་ཁ་བསླུས་སྔོན་འགོག་ཚོད་འཛིན་གྱི་དྲིལ་བསྒྲགས་དཔྱད་གཞིའི་ཡིག་ཆ་ངོ་གྲངས་ཁྲི་8དང་དྲིལ་བསྒྲགས་དྲན་རྟེན་དངོས་པོ་བསྡོམས་ཁྲི་1ལྷག་ཙམ་སྤྲད་པ། གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཁྲིམས་འགལ་ཉེས་གསོག་གི་ཐབས་ལམ་གསར་པར་སྔོན་འགོག་ཚོད་འཛིན་བྱེད་པའི་སྤྱི་ཕན་དྲིལ་བསྒྲགས་པར་གཞི་ཁག་12བཟོས་པ། རིམ་རྩིས་བྱས་ན། སྤྱི་ཕན་འཕྲིན་ཐུང་ཁག་དུང་ཕྱུར་4.3བཏང་ཡོད།

          ◆དྲི་བ་གསུམ་་པ། 2019ལོར་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ལ་རྡུང་རྡེག་བཅོས་སྒྲིག་ཇི་ལྟར་བྱ་རྩིས་ཡོད་དམ།

          པ་སངས། ང་ཚོས《2019ལོར་བོད་རང་སྐྱོང་ལྗོངས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་ལས་དོན་གྱི་ཇུས་གཞི》གཏན་འཁེལ་བྱས་ནས་མཉམ་འབྲེལགཞུང་ལས་ཁང་གི་ཁོངས་མིའི་ཚན་པའི་འགན་འཁྲི་ཁ་གསལ་བཟོ་རྒྱུ་དང་། རིམ་ཁག་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱིས“ས་གནས་དེ་གར་གཞི་ཚུགས་ནས་རྒྱལ་ཡོངས་ཀྱི་གྱོད་གཞི་རྩད་ཆོད་པ་དང་ས་གནས་དེ་གའི་གྱོད་གཞི་རྒྱལ་ཡོངས་ཀྱིས་ཐུན་མོང་ཐོག་རྩད་ཆོད་པའི”འདུ་ཤེས་ལ་བརྟེན་ནས་སྤྱི་བདེ་པུའི“1+8+32”ཀྱི་མྱུལ་ཞིབ་ཞིབ་འཇུག་དང་བརྡར་གཅོད་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་སྤྱི་བདེ་པུའི་གློག་འཕྲིན་ཁ་བསླུས་གྱོད་གཞི་མྱུལ་སྒྲུབ་ལས་སྟེགས་ལ་བརྟེན་ནས་གཞི་གྲངས་ཕབ་འཇུག་དང་། ཞིབ་འཇུག་དང་བརྡར་གཅོད་མཉམ་སྦྲེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་བདེ་པུའུ་ལ་གོང་ཞུ་བྱས་པ་དང་ཞིང་ཆེན་ཁག་ལ་འོས་སྐྱེལ་བྱས་པའི་གྱོད་གཞི་དུས་ཐོག་ཏུ་ཞིབ་དཔྱད་བྱས་ནས་གཅིག་གྱུར་འཛིན་བཟུང་དང་རྡུང་རྡེག་ནན་པོ་གཏོང་རྩིས་ཡོད་པ་རེད།


  • 顶 0