སྐར་མ་མིག་དམར་སྟེང་དུ་ལོ་ངོ་ཁྲི་བཅུ་ཕྲག་ལྷག་ལ་བཞུར་བའི་གཙང་བོ་ཞིག་ཡོད་པའི་བདེན་དཔང་ཐོག་མ་རྙེད་པ།

2020-06-08
0

ད་ལྟའི་མིག་དམར་ནི་བྱེ་རྡུལ་གྱི་འཇིག་རྟེན་ཞིག་དང་འདྲ་བར་གསོན་ཤུགས་སྤུ་ཙམ་མེད་ནའང་། མིག་དམར་ཕྱི་ངོས་ཀྱི་པར་རིས་ལས་ཤེས་རྟོགས་ཐུབ་པ་ནི། སྔོན་ཆད། མིག་དམར་སྟེང་དུ་པ་ཏྲའི་རིས་སུ་བཏབ་པ་ལྟ་བུའི་གཙང་བོ་དང་ཆུ་བོ་ཆེན་པོ་ཡོད། དབྱིན་ཇིའི《ཚན་རིག་པ་གསར་བ》དྲ་ཚིགས་སྟེང་ཚེས་ལྔ་ཉིན་ཧོ་ལན་ཚན་རིག་པས་སྐར་མ་མིག་དམར་སྟེང་དུ་ལོ་ངོ་ཁྲི་བཅུ་ཕྲག་ལྷག་ལ་བཞུར་བའི་གཙང་བོ་ཞིག་ཡོད་པའི་བདེན་དཔང་ཐོག་མ་རྙེད་ཅེས་བཀོད་ཡོད།

ཝུའུ་རྡི་ལི་ཀྲུ་སློབ་ཆེན་གྱི་སའེ་ལི་དང་ཁོང་གི་ལས་གྲོགས་ཀྱིས་སྐར་མ་མིག་དམར་གྱི་ཧེ་ལ་སི་གཤོང་སའི་ནུབ་བྱང་ཕྱོགས་སུ་བྲག་གཟར་མཐོན་པོ་ཞིག་རྙེད་པ་དང་། དེ་ནི་བཞུར་རྒྱུན་རིང་བའི་གནའ་བོའི་གཙང་བོ་ཞིག་གིས་ཉམས་ཟད་དུ་བཏང་བ་དང་འདྲ། གསར་དུ་རྙེད་པའི་བྲག་གཟར་དེའི་མཐོ་ལ་སྨི200དང་ཞེང་ལ་སྨི1.5ཡོད། བྲག་གཟར་འདི་འདྲ་བ་ཞིག་གྲུབ་པར། ཆེས་ཉུང་ནའང་ལོ་ངོ་ཁྲི་བཅུ་ཕྲག་ལྷག་ལ་བཞུར་བའི་གཙང་བོས་རྟག་ཏུ་བརྡར་བའམ་ཟེགས་རྡོ་བསགས་དགོས་པ་ཡིན། ཞིབ་འཇུག་ཚོ་ཆུང་གིས་ཨ་རིའི་རྒྱལ་ཁབ་མཁའ་སྐྱོད་མཁའ་འགྲུལ་ཅུས(NASA)ཡི་མིག་དམར་བརྟག་ཞིབ་འཁོར་ལམ་འཕྲུལ་ཆས་ཀྱི་ཚན་རིག་པར་ཆས་སྤྱད་དེ་བྲག་གཟར་དེ་མཐོང་བ་ཡིན། 

སའེ་ལིས་བཤད་རྒྱུར། དུས་རྒྱུན་མིག་དམར་གྱི་འཁོར་སྐར་བརྙན་རིས་ཀྱི་ལྟ་ཕྱོགས་ནི་ཐུར་བལྟ་ཡིན་པས། ང་ཚོས་བསགས་དངོས་ཀྱི་རྩེ་མོའི་པར་རིས་ལས་མཐོང་མི་ཐུབ། ཐེངས་འདིར་ང་ཚོས་དྲང་ཐད་ཀྱི་ལྟ་ཕྱོགས་ཀྱིས་བྲག་གཟར་དེར་བལྟས་ཏེ3Dབརྙན་རིས་བཟོས་པ་ཡིན་ཟེར།

སའེ་ལིས་གསལ་བཤད་བྱེད་རྒྱུར། སྨི200ཡོད་པའི་བྲག་གཟར་རམ་བསགས་དངོས་འདི་འདྲ་ཞིག་གྲུབ་པར། གཤེར་གཟུགས་ཆུའི་ཁོར་ཡུག་ཆེན་པོ་ཞིག་དགོས་པ་ཡིན། དེས་མིག་དམར་སྟེང་དུ་སའི་གོ་ལ་དང་མཚུངས་བའི་ཉིན་མཚན་དབྱེར་མེད་དུ་བཞུར་བའི་ཆུའི་འཁོར་རྒྱུག་ཡོད་པ་མཚོན་ཡོད། 

ཧེ་ལ་སི་གཤོང་ས་ནི་མིག་དམར་གྱི་གོ་ལ་ཕྱེད་ལྷོ་མར་གནས་པ་དང་། སྔོན་ཆད་དེར་མཚོ་ཆེན་པོ་གཅིག་གམ་གཙང་བོ་རབ་དང་རིམ་པ། ཟུར་གསུམ་གླིང་ཕྲན་སོགས་གནས་ཡོད། སའེ་ལིས་བཤད་རྒྱུར། ས་གཤིས་འདི་དག་གིས་ང་ཚོས་མིག་དམར་སྟེང་དུ་གནའ་བོའི་སྲོག་ཆགས་འཚོལ་བར་བདེན་དཔང་གལ་ཆེན་མཁོ་འདོན་བྱས་ཡོད་ཟེར། །


  • 顶 0