སློབ་ཆེན་འདིས་དབྱར་རྩྭའི་དག་རྫུན་འབྱེད་ཐབས་ཡག་པོ་ཞིག་རྙེད་འདུག

2020-04-22
0

  《ཞང་ཀང་ཚོང་དོན་ཚགས་པར་》ཐོག་སྤེལ་པའི་གནས་ཚུལ་ལྟར་ན། ཞང་ཀང་ཅིན་ཧུའེ་སློབ་ཆེན་(香港浸会大学)ཀྲུང་ལུགས་གསོ་རིག་སྨན་རྫས་ཞིབ་འཇུག་ཚོགས་པས་དབྱར་རྩྭ་དགུན་འབུའི་མངར་ཆའི་འདུས་གཟུགས་ཁྱད་པར་བ་ཞིག་གསར་རྙེད་བྱུང་ཡོད་པ་དང་། དེ་ཀྲུང་ལུགས་སྨན་རྫས་རྩ་ཆེན་སྣ་ཚོགས་ཀྱི་གྲུབ་ཆའི་སྤུས་ཚད་གསལ་འབྱེད་བྱེད་ཐབས་སུ་སྤྱད་ཡོད་འདུག བྱེད་ཐབས་འདིའི་མ་གནས་དམའ་བ་མ་ཟད་ཆུ་ཚོད་1ནང་དབྱར་རྩྭ་དགུན་འབུ་དང་ཐོན་རྫས་རྫུན་པ་ཤན་འབྱེད་བྱེད་ཐུབ་པས་2019ལོའི་ཟླ་7པར་ཨ་རིའི་ཆེད་ཁེའི་བདག་དབང་ཐོབ་ཡོད་པ་དང་། ཞང་ཀང་གི་ཚན་རྩལ་གསར་གཏོད་ཀུང་སི་ཞིག་ལ་གསལ་འབྱེད་བྱེད་ཐབས་འདི་ཚོང་ལས་ལག་ཐབས་སུ་བསྒྱུར་བའི་བདག་དཔང་ཐོབ་ཡོད།

      དབྱར་རྩྭ་དགུན་འབུ་ནི་གྲོ་སུག་ཤ་སྲིན་ཡིན་ལ་ཕ་ཝང་འབུ་མེ་ལྕེབ་རིགས་ཚན་གྱི་འབུ་ཕྲུག་གི་རོ་སྐམ་འདུས་གྲུབ་དངོས་པོ་ལས་སྐྱེད་པ་ཡིན་ཞིང་། རྫས་འགྱུར་གྱི་གྲུབ་ཆ་ཕུན་སུམ་ཚོགས་པ་འདུས་ཡོད་པས་ནད་རིགས་སྔོན་འགོག་དང་། འབྲས་སྐྲན་གསོ་བཅོས། རྒས་པ་སྔོན་འགོག་སོགས་ཀྱི་ཀྲུང་ལུགས་སྨན་རྫས་ཀྱི་སྦྱོར་རྟར་རུང་།

       ད་ལྟར་ཚོང་ར་དབྱར་རྩྭ་དགུན་འབུ་རྫུན་མ་མང་ཞིང་། སྲོལ་རྒྱུན་གྱི་བྱེད་ཐབས་ལྟར་ན་ཆེད་མཁས་པས་དབྱར་རྩྭ་དགུན་འབུའི་དབྱིབས་དང་ཁ་དོག་སོགས་ལ་བལྟས་ནས་དག་རྫུན་བརྟག་གིན་ཡོད། གཞི་རྒྱུ་བརྟག་ནས་གསལ་འབྱེད་བྱེད་ཐབས་སྤྱོད་མཁན་ཡང་ཡོད་མོད་མ་གནས་མཐོ་ལ་ཆེད་ལས་སྦྱོང་བརྡར་ནན་པོ་བྱེད་དགོས་ཀྱི་ཡོད་པས་དཀའ་ཚེགས་ཆེ་ལ། རྫས་འགྱུར་གསལ་འབྱེད་བྱེད་ཐབས་ཁ་ཤས་ཀྱིས་ཀྱང་དབྱར་རྩྭ་དགུན་འབུ་དང་ཐོན་རྫས་རྫུན་མ་ངོས་འཛིན་བྱེད་དཀའ་བར་གྱུར་ཡོད།


       ཞང་ཀང་ཅིན་ཧུའེ་སློབ་ཆེན་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་གླིང་གི་དགེ་རྒན་ཆེན་མོ་བ་གཞོན་པ་འབུམ་རམས་པ་ཧན་ཆོན་པིན་གྱི་ཞིབ་འཇུག་ཚོགས་པས་དབྱར་རྩྭ་དགུན་འབུ་དང་ཐོན་རྫས་རྫུན་མའི་མངར་ཆ་བསྡུར་བ་བྱས་པས་དབྱར་རྩྭ་དགུན་འབུ་ལས་ཐོན་རྫས་རྫུན་མའི་ཁྲོད་མེད་པའི་1,4-a-རྒུན་འབྲུམ་མངར་ཆའི་འདུས་གཟུགས་ཐུན་མོང་མ་ཡིན་པ་ཞིག་གསར་རྙེད་བྱུང་ཡོད།

       ཞིབ་འཇུག་ཚོགས་པས་གསར་རྙེད་འདུས་གཟུགས་དེ་རྒྱུན་བཀོལ་གྱི་ནུས་མཐོའི་དཀག་སྤྱིན་མདོག་ཤལ་དཔྱད་ཆས་ལ་བརྟེན་པའི་མྱུར་དཔྱད་ཚོད་ལྟའི་ཁྲོད་བེད་སྤྱོད་བྱས་ཡོད་ལ། བྱེད་ཐབས་གསར་པ་འདིས་མངར་ཆའི་འདུས་གཟུགས་ལ་གཞིགས་ནས་དབྱར་རྩྭ་དགུན་འབུ་དང་ཐོན་རྫས་རྫུན་མ་ཤན་འབྱེད་བྱེད་ཐུབ། 

       དབྱར་རྩྭ་དགུན་འབུའི་མ་དཔེ་རྐང་5ཡན་ལ་ཚོད་ལྟ་བྱས་ན་ཉུང་མཐའ་ཡང་རྐང་རེའི་ཚད་ལེན་ཚོད་ལྟའི་དུས་ཡུན་ཆུ་ཚོད་1བསྟུངས་ཐུབ་ལ། ཚོད་ལྟའི་མ་དཔེ་ཇི་ཙམ་མང་ན་ཚོད་ལྟའི་དུས་ཡུན་དེ་ཙམ་གྱིས་ཐུང་བ་དང་། ཚད་ལེན་ཚོད་ལྟ་བྱེད་སྐབས་སྨན་རྫས་ཀྱང་སྤྱོད་མི་དགོས་པས་ཚོད་ལྟའི་མ་གནས་ཀྱང་གསལ་འབྱེད་བྱེད་ཐབས་གཞན་དག་ལས་མངོན་གསལ་གྱིས་དམའ་བ་ཡོད།

       ཞིབ་འཇུག་ཚོགས་པས་ཀྱང་སྲོལ་རྒྱུན་གྱི་གཞི་རྒྱུ་གསལ་འབྱེད་བྱེད་ཐབས་སྤྱད་དེ་བྱེད་ཐབས་གསར་པ་འདིའི་ཕན་འབྲས་བརྟག་དཔྱད་བྱས་པས། ཚོད་ལྟའི་མ་དཔེ་300ཡི་ནང་མངར་ཆ་འདུས་གཟུགས་མེད་པ་42ངོས་འཛིན་བྱུང་ལ། གཞི་རྒྱུ་གསལ་འབྱེད་བྱས་རྗེས་མ་དཔེ་42དེ་ཐོན་རྫས་རྫུན་མ་ཡིན་པ་དང་དེ་ཕུད་ཚང་མ་དབྱར་རྩྭ་དགུན་འབུ་ཡིན་པ་ར་འཕྲོད་བྱུང་ཡོད། དཔྱད་འབྲས་འདིས་བརྟག་ཐབས་གསར་པ་འདི་སྲོལ་རྒྱུན་གྱི་གསལ་འབྱེད་བྱེད་ཐབས་ཀྱི་དོ་ཟླར་ཡོང་བ་གསལ་བཤད་བྱས་ཡོད།


  • 顶 0