་རིགས་ས་ཁུལ་དུ་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་ཁྲོད་ཀྱི་ཡིག་སྒྱུར་ལས་དོན་གྱི་དགེ་མཚན་མདོ་ཙམ་གླེང་བ།

2019-12-02
0

མི་རིགས་སྐད་ཡིག་ཡིག་སྒྱུར་གྱི་ལས་དོན་ནི་ཏང་དང་སྲིད་གཞུང་གིས་མི་རིགས་ཁག་གི་མང་ཚོགས་དང་འབྲེལ་བ་བྱེད་པའི་སྦྲེལ་ཐག་ལྟ་བུ་ཡིན་པར་བརྟེན། མི་རིགས་ས་ཁུལ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་པར་ཡིག་སྒྱུར་ལས་དོན་སྔོན་ལ་སྤེལ་དགོས་པ་ནི་སྨོས་མེད་རེད། ཆེ་ཏེ་ཁྲོན་གྱི《ཡུན་ནན་གྱི་མི་རིགས་དང་རྒྱ་ཡིག་སྐད་གཉིས་སློབ་ཁྲིད་རིགས་པའི་གཞུང་ལུགས་དང་ལག་ལེན་ཞིབ་འཇུག》ཅེས་པར“ཏང་གིས་སྐད་དང་ཡི་གེའི་འདྲ་མཉམ་གྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེ་སྦྱོང་སྤྱོད་སྤེལ་གསུམ་ཐུབ་པའི་འགན་ལེན་བྱེད་པ་དེ་རང་རྒྱལ་གྱི་མི་རིགས་སྐད་ཡིག་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་རེད”ཅེས་པ་ལྟར་མི་རིགས་སྐད་ཡིག་ཡིག་སྒྱུར་བྱ་རྒྱུ་དེ་ཤེས་བྱ་བརྒྱུད་སྤེལ་དང་། ཤེས་ལྡན་པ་གསོ་སྐྱོང་། མི་རིགས་ས་ཁུལ་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ལས་དོན་གལ་ཆེན་ཞིག་ཡིན་པས། མི་རིགས་ས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་བྱ་གཞག་རླབས་པོ་ཆེར་ཧུར་ཐག་ཞུགས་དགོས་ཀྱི་ཡོད། ཡིག་སྒྱུར་ལས་དོན་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་པའི་ཁྲོད་ཀྱི་མི་རིགས་ཀྱི་སྐད་ཡིག་ཡིག་སྒྱུར་གྱི་གནས་བབ་མཐོ་རུ་དང་ཕན་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། འདིར་ཁོ་མོས་སྐབས་སུ་བབས་པའི་བརྗོད་བྱ་སྟེ། གྲངས་ཉུང་མི་རིགས་ས་ཁུལ་དུ་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་བསམ་བློའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བར་ཡིག་སྒྱུར་ལས་དོན་གྱིས་དགེ་མཚན་ཇི་ལྟ་བུ་ཐོན་པར་ལྟ་ཚུལ་མདོ་ཙམ་གླེང་ན།

    གཅིག ཏང་དང་རྒྱལ་ཁབ་ཀྱི་མཛད་ཕྱོགས་སྲིད་ཇུས་ཁག་དྲིལ་བསྒྲགས་བྱེད་ཐུབ་པའི་དགེ་མཚན།

    ཏང་དང་རྒྱལ་ཁབ་ཀྱི་མཛད་ཕྱོགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ་ནི་མི་རིགས་ས་ཁུལ་གྱི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་པའི་ཆབ་སྲིད་ཀྱི་རྨང་གཞི་ཡིན། ཏང་དང་རྒྱལ་ཁབ་ཀྱི་མཛད་ཕྱོགས་སྲིད་ཇུས་ཁག་རྒྱ་ཆེའི་ཞིང་འབྲོག་ས་ཁུལ་དུ་དངོས་སུ་ལག་བསྟར་བྱེད་དགོས་ཚེ་མི་རིགས་སྐད་ཡིག་ཡིག་སྒྱུར་གྱི་ལས་དོན་དང་ཁ་འབྲལ་ཐབས་མེད། དེས་ན་ཡིག་སྒྱུར་ལས་དོན་ནི་ཏང་དང་སྲིད་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་དང་འབྲེལ་བ་བྱེད་པའི་ཟམ་པ་ལྟ་བུ་ཞིག་ཡིན་པས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་། ཏང་གི་མཛད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས། ཕྱི་ཕྱོགས་ཀྱི་སིམ་འཛུལ་བཀག་འགོག རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བཅས་ལ་སྣང་ཆུང་བྱེད་མི་རུང་བའི་དགེ་མཚན་ཐོན་གྱི་ཡོད།

    ཡིག་སྒྱུར་ལས་དོན་གྱིས་ཏང་དང་རྒྱལ་ཁབ་ཀྱི་མཛད་ཕྱོགས་སྲིད་ཇུས་མི་རིགས་ཀྱི་སྐད་ཡིག་ཏུ་ཕབ་པ་བརྒྱུད་གྲངས་ཉུང་མི་རིགས་ས་ཁུལ་དུ་ཏང་དང་སྲིད་གཞུང་གི་དབང་གྲགས་དྲིལ་བསྒྲགས་ཐུབ་པ་མ་ཟད་ཏང་དང་སྲིད་གཞུང་གིས་མི་རིགས་ས་ཁུལ་གྱི་དམངས་ཚུལ་དང་དམངས་འདུན་ཤེས་རྟོགས་ལ་སྲ་ཞིང་བརྟན་པའི་ལས་སྟེགས་ཤིག་བསྐྲུན་ཐོག་རིམ་ཁག་ཏང་སྲིད་འགོ་ཁྲིད་ཀྱིས་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཀྱི་བསམ་བློ་གཏོང་ཕྱོགས་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་བྱེད་ཀྱི་ཡོད། ཡིག་སྒྱུར་ལས་དོན་གྱིས་གོང་རིམ་གྱི་བཀའ་གཤམ་འོག་ཏུ་འཁྱོལ་བའི་ལས་དོན་ཡག་པོ་བསྒྲུབས་ཏེ་ཏང་ཀྲུང་དབྱང་གི་དགོངས་དོན་རྒྱ་ཆེའི་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ལ་འཕྱུགས་མེད་ངང་བརྒྱུད་བསྒྲགས་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་འདིང་བ་དང་དུས་མཚུངས་གཤམ་འོག་གི་གནས་ཚུལ་གོང་རིམ་དུ་ཞུ་བའི་ཆ་འཕྲིན་ལྡོག་འདྲེན་གྱི་ལས་དོན་ཡག་པོ་བསྒྲུབས་ཏེ་གྲངས་ཉུང་མི་རིགས་མང་ཚོགས་ཀྱི་སྲིད་གྲོས་སྲིད་གླེང་གི་ལམ་བུ་ཤར་གཏོང་ཐུབ་པ་དཔེར་ན། ཏང་དང་རྒྱལ་ཁབ་ཀྱི་ཡིག་ཆ་གལ་ཆེན་དེ་དག་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཏུ་ཕབ་ཚེ་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཀྱིས་ཡིག་ཆའི་ནང་དོན་དང་དགོངས་དོན་གྱི་ངོ་བོ་ཆ་ཚང་ལ་ཁ་གསལ་གཏིང་གསལ་ངང་ཤེས་རྟོགས་ཐུབ་ནས་ཀྲུང་དབྱང་གི་དགོངས་དོན་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ལ་དངོས་སུ་བརྒྱུད་བསྒྲགས་ཐུབ་ཀྱི་ཡོད། མི་རིགས་སྐད་ཡིག་ཡིག་སྒྱུར་གྱི་ནུས་པ་འདོན་སྤེལ་ཇི་ཙམ་གྱིས་ལེགས་པ་བྱས་ཚེ་མི་རིགས་ས་ཁུལ་གྱི་མང་ཚོགས་ཀྱི་ཏང་གི་རྨང་གཞི་དེ་ཙམ་གྱིས་བརྟན་པ་དང་། གོང་བུ་འགྲིལ་ཤུགས་དེ་ཙམ་གྱིས་ཆེ་རུ་འགྲོ་བ། འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་དེ་ཙམ་གྱིས་འགན་ལེན་ཐུབ་པ་བཅས་ལག་ལེན་ལས་ར་སྤྲོད་ཐུབ་ཡོད།

    གཉིས། གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་དགེ་མཚན།

    མི་རིགས་སྐད་ཡིག་ཡིག་སྒྱུར་ལས་དོན་ནི་ལྟེ་བའི་ལས་དོན་ཞིག་མིན་མོད། འོན་ཀྱང་དེས་སྔ་བར་ཕྱི་གསུམ་དུ་ལྟེ་བའི་ལས་དོན་ལ་ཞབས་འདེགས་ཞུ་གི་ཡོད་པས་དེ་ནི་ཞབས་ཞུའི་རང་བཞིན་ཧ་ཅང་ཤུགས་ཆེ་བའི་ལས་དོན་ཞིག་ཡིན། དེས་ན་ཡིག་སྒྱུར་ལས་དོན་གྱིས་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཀྱིས་ཐུགས་ཁུར་ཆེ་ཤོས་བྱེད་པ་དང་ཆེས་དངོས་ཡོད་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་ནང་དོན་ཡིག་སྒྱུར་བྱ་རྒྱུ་དེ་ལས་ཀའི་གཙོ་གནད་དུ་བརྩི་དགོས་པར་བརྟེན། ཡིག་སྒྱུར་ལས་དོན་གྱིས་བྱ་བ་ཆུང་ཙག་ནས་འགོ་འཛུགས་པ་དང་ཁྱོན་ཡོངས་ལ་དམིགས་དགོས་ཤིང་། རྣམ་ཀུན་དངོས་སྤྱོད་རང་བཞིན་གྱི་ནང་དོན་མང་ཙམ་ཡིག་སྒྱུར་བྱས་ནས་གྲངས་ཉུང་མི་རིགས་མང་ཚོགས་ཀྱི་སྣ་མང་རང་བཞིན་གྱི་དགོས་མཁོ་སྐོང་དགོས་པ་དཔེར་ན། རྒྱུན་སྤྱོད་ཀྱི་དཔལ་འབྱོར་གན་རྒྱ་དང་། བརྙན་འཕྲིན་འཁྲབ་ཚན། གློག་བརྙན། གླུ་གཞས་སོགས་མང་ཙམ་བསྒྱུར་ཚེ་ཡིག་སྒྱུར་ལས་དོན་དེ་དེ་བས་མི་རིགས་ས་ཁུལ་གྱི་དོན་དངོས་དང་ཉེ་བཅར་དང་རྒྱ་ཆེའི་མང་ཚོགས་ཀྱི་འཚོ་བ་དང་ཉེ་བཅར་ཡོང་ཐུབ།

    མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དེ་ལས་ཀའི་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ནས་གྲངས་ཉུང་མི་རིགས་མང་ཚོགས་ཀྱི་དགོས་མཁོ་དངོས་ལ་དམིགས་ཏེ་ཡིག་སྒྱུར་ལས་དོན་སྒྲུབ་དགོས་པ་དང་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་གཞིར་བཟུང་ཡིག་སྒྱུར་ལས་དོན་དེ་གྲངས་ཉུང་མི་རིགས་མང་ཚོགས་ཀྱི་སེམས་ལ་ཟུག་པར་བྱེད་པ་དང་ཆབས་ཅིག ཡིག་སྒྱུར་ལས་དོན་ཁྲོད་གྲངས་ཉུང་མི་རིགས་མང་ཚོགས་ལ་སྟབས་བདེ་བསྐྲུན་པ་དང་གྲངས་ཉུང་མི་རིགས་མང་ཚོགས་ཀྱི་དགོས་མཁོ་དང་འཚམ་པར་བྱས་ཏེ་ཞིབ་ཕྲའི་ལས་དོན་ཁག་སྒྲུབ་པ་དཔེར་ན། རྒྱུན་སྤྱོད་ཀྱི་ཞིང་ལས་དང་། འབྲོག་ལས། སྨན་བཅོས་འཕྲོད་བསྟེན་བཅས་ཀྱི་ཚན་རིག་ཁྱབ་གདལ་རྒྱུན་ཤེས་ཡིག་སྒྱུར་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ལ་ངོ་སྤྲོད་བྱས་ནས་ཁོང་ཚོའི་འཚོ་བའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས། ང་ཚོས་ད་དུང་མི་རིགས་སྐད་ཡིག་ཡིག་སྒྱུར་ལས་དོན་དང་མི་རིགས་ས་ཁུལ་གྱི་དངོས་ཡོད་གནས་ཚུལ་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཚན་རིག་གོང་བཀུར་དང་ལུགས་རྙིང་སྲོལ་ངན་ལ་ངོ་རྒོལ་བྱེད་པ་ལ་སོགས་ཀྱི་རྩོམ་ཡིག་བདམས་གསེས་ཀྱིས་ཡིག་སྒྱུར་བྱས་ཐོག་མི་རིགས་ས་ཁུལ་དུ་ཚན་རིག་ཤེས་བྱ་ཁྱབ་གདལ་ཤུགས་ཆེན་གཏོང་བ་དང་སྔོན་ཐོན་གྱི་ཐོན་སྐྱེད་ཉམས་མྱོང་དང་ཚན་རིག་ལག་རྩལ་ཁྱབ་གདལ་ཧུར་ཐག་བཏང་སྟེ་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཁྲོད་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་པ་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་སྐྱེལ་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས།

    ཡིག་སྒྱུར་ལས་དོན་གྱི་ཞབས་ཞུའི་དགེ་མཚན་དེ་ད་དུང་ཤེས་ལྡན་པ་སྐྱེད་སྲིང་གི་ཐད་ནས་ཀྱང་མཚོན་གྱི་ཡོད། མི་རིགས་སྐད་ཡིག་ཡིག་སྒྱུར་གྱི་ཤེས་ལྡན་པ་འབོར་ཆེན་ཞིག་མགྱོགས་མྱུར་སྐྱེད་སྲིང་བྱས་ཚེ་གཞི་ནས་གྲངས་ཉུང་མི་རིགས་ས་ཁུལ་གྱི་འབྱུང་འགྱུར་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་ཐུབ་པ་དང་གཞི་ནས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཕྱིན་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཆེད་རིག་སྟོབས་ཀྱི་རྒྱབ་སྐྱོར་དང་བསམ་པའི་འགུལ་ཤུགས་མཁོ་འདོན་བྱེད་ཐུབ། མི་རིགས་ས་ཁུལ་གྱི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་པའི་ཁྲོད་ངེས་པར་དུ་མི་རིགས་ས་ཁུལ་དང་གྲངས་ཉུང་མི་རིགས་མང་ཚོགས་ཀྱི་དོན་དངོས་དང་འབྲེལ་བ་བྱས་ཏེ་ཡིག་སྒྱུར་ལས་དོན་དེ་མི་རིགས་ས་ཁུལ་གྱི་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་མི་རིགས་ས་ཁུལ་གྱི་སྤྱི་ཚོགས་འཕེལ་རྒྱས་ཆེད་བྱ་བ་དངོས་སྒྲུབ་དགོས།

    གསུམ། མི་རིགས་ཀྱི་རིག་གནས་དར་སྤེལ་དང་རྒྱུན་འཛིན་ཐུབ་པའི་དགེ་མཚན།

    རིག་གནས་ནི་མི་རིགས་ཤིག་གནས་པའི་རྩ་བ་དང་མི་རིགས་ཤིག་འཕེལ་རྒྱས་འགྲོ་བའི་སྒུལ་ཤུགས་ཡིན། གྲངས་ཉུང་མི་རིགས་ཀྱི་རིག་གནས་ནི་མི་རིགས་ཁག་གི་མི་དམངས་ཀྱིས་ཡུན་རིང་གི་ལོ་རྒྱུས་རླབས་རྒྱུན་ཁྲོད་གསར་གཏོད་བྱས་པའི་རྩ་ཆེའི་རྒྱུ་ནོར་ཞིག་ཡིན་པས། དེར་མི་དམངས་ཀྱི་བློ་གྲོས་དང་བརྩེ་སེམས་འདུས་ཡོད། དེས་ན་མི་རིགས་ཀྱི་རིག་གནས་མི་ཉམས་གོང་སྤེལ་གཏོང་བར་ཡིག་སྒྱུར་དང་ཁ་འབྲལ་ཐབས་མེད་ལ། ཡིག་སྒྱུར་ལས་དོན་ནི་མི་རིགས་ཀྱི་རིག་གནས་དར་སྤེལ་དང་རྒྱུན་འཛིན་བྱེད་པའི་འདྲེན་རྟེན་གལ་ཆེན་ཞིག་ཡིན་སྟབས། མི་རིགས་ས་ཁུལ་གྱི་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྨང་གཞིའི་རང་བཞིན་དང་སྣེ་ཁྲིད་ཀྱི་དོན་སྙིང་ལྡན་ཡོད། དེས་ན་མི་རིགས་སྐད་ཡིག་ཡིག་སྒྱུར་ལས་དོན་ནི་མི་རིགས་ཀྱི་རིག་གནས་སློབ་གསོ་དང་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱེད་སྟངས་ནུས་ལྡན་གྱི་གྲས་ཤིག་རེད། དཔེར་ན། གྲངས་ཉུང་མི་རིགས་ཀྱི་དམངས་ཁྲོད་ཀྱི་གླུ་གར་དང་། དམངས་ཁྲོད་ཀྱི་རྩོམ་རིག དམངས་ཁྲོད་ཀྱི་སྒྱུ་རྩལ་སོགས་ཀྱི་སྙིང་བཅུད་ཡིག་སྒྱུར་བྱས་པ་བརྒྱུད་གཞི་ནས་རྒྱུན་འཛིན་དང་། ངོ་སྤྲོད། འོས་སྦྱོར་བཅས་ཐུབ་ཀྱི་ཡོད། སྙན་འཇེབས་ལྡན་པའི་མི་རིགས་ཀྱི་གླུ་གཞས་མང་པོ་ཞིག་གལ་ཏེ་ཡིག་སྒྱུར་མ་བྱས་ཚེ་མི་ཚོས་དེའི་དོན་སྙིང་རྟོགས་མི་ཐུབ་པ་དང་ཡིག་སྒྱུར་བྱས་ཚེ་གཞི་ནས་གླུ་གཞས་དེ་དག་རྒྱལ་ཡོངས་སུ་དར་ཐུབ་པ་དཔེར་ན། མེས་རྒྱལ་ཡུལ་གྲུ་ཀུན་ཏུ་དར་ཁྱབ་ཆེ་བའི་བོད་རིགས་ཀྱི་དམངས་གཞས་དང་དབྱིས་རིགས་ཀྱི་ཆང་གཞས་ཁག་ཅིག་ཡིག་སྒྱུར་བྱས་པ་བརྒྱུད་དེའི་ནང་དོན་ཀུན་གྱིས་རྟོགས་ནས་གང་སར་ལེན་བཞིན་ཡོད་པ་ལས་ཡིག་སྒྱུར་ལས་དོན་ནི་མི་རིགས་ཀྱི་རིག་གནས་དར་སྤེལ་དང་རྒྱུན་འཛིན་བྱེད་པའི་ཐབས་ལམ་གལ་ཆེ་ཤོས་ཤིག་ཡིན་པ་མཚོན་ཐུབ། ང་ཚོས་རྒྱུན་གཏན་ཡིག་སྒྱུར་ལ་བརྟེན་ནས་མི་རིགས་ཀྱི་རིག་གནས་ངོ་སྤྲོད་བྱེད་སྐབས་དེའི་ཁྲོད་ཀྱི་འབྱོར་འབྲིང་སྤྱི་ཚོགས་སྐུན་པར་ཕན་ཐོགས་ཡོད་པའི་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ཏེ་ལས་དོན་དེ་སྔོན་ཐོན་རིག་གནས་བརྒྱུད་སྤེལ་དང་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་སྐུལ་འདེད་གཏོང་བའི་གཡུལ་ས་གལ་ཆེན་ཞིག་ཏུ་འགྱུར་ཐབས་གང་ཐུབ་བྱེད་དགོས།

    མདོར་ན། ཡིག་སྒྱུར་ལས་དོན་པ་ཚོས་མི་རིགས་རིག་གནས་དར་སྤེལ་གཏོང་བའི་ཁྲོད་ཀྱི་ཡིག་སྒྱུར་ལས་དོན་གྱི་ཐུན་མོང་མ་ཡིན་པའི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་ལྟ་འདོད་ཉན་སྤྲོའི་ཕུལ་བྱུང་དང་སྔོན་ཐོན་གྱི་རིག་གནས་ཡིག་སྒྱུར་དང་ནང་འདྲེན་གང་མང་བྱས་ཏེ་རིག་གནས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གྲངས་ཉུང་མི་རིགས་ས་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་དང་དཔལ་འབྱོར་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས།

    (བོད་ལྗོངས་ཉིན་རེའི་ཚགས་པར་ཁང་བོད་ཡིག་རྩོམ་སྒྲིག་པུའི་ཡིག་སྒྱུར་ཚོགས་ཆུང་། བསོད་ནམས་བདེ་སྐྱིད)


  • 顶 0