ཀན་ལྷོ་ཐེ་བོའི་གྲུབ་འབྲས་འགྲེམས་སྟོན་པེ་ཅིང་དུ་གཉེར་བ།

2019-11-28
0

     སྤྱི་ཟླ་11ཚེས་25ཉིན་གྱི་སྔ་དྲོ།  ༼མདོག་དགུའི་ཀན་ལྷོ། པེ་ཅིང་དུ་ལྷན་དུ་འཛོམས་ཏེ།  རླབས་ཆེན་མེས་རྒྱལ་ལ་ཕྱག་རྟགས་འབུལ་༽ཞེས་པའི་ཀན་ལྷོ་ཁུལ་གྱི་གྲུབ་འབྲས་འགྲེམས་སྟོན་ལས་ཐེ་བོ་རྫོང་གི་བརྗོད་བྱ་གཙོ་བོའི་ཉིན་མོའི་བྱེད་སྒོ་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་དུ་གཉེར་ཡོད།  འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་རུ་བཅའ་སྡོད་ཀྲུང་དབྱང་སྒྲིག་ཨུད་སྒྲིག་བཤེར་ཚོགས་ཆུང་གི་དེ་སྔའི་ཙུའུ་ཀྲང་ཡང་ལི་མིན་དང་། དེ་སྔའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་བྱ་གཞོན་པ། ད་ལྟ་ཀྲུང་གོ་མཚོ་བོད་ས་མཐོ་ཞིབ་འཇུག་ལྷན་ཚོགས་ཀྱི་ལས་འཛིན་གཞོན་པ། ཀྲུང་ཧྭ་ཁོར་ཡུག་སྲུང་སྐྱོང་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་བློ་བཟང་ལྷུན་གྲུབ་རྡོ་རྗེ། གྲགས་ཅན་གྱི་བོད་རིག་པ་མཁས་ཅན།  གླིང་སྒྲུང་ཞིབ་འཇུག་རིགས་གཅིག་མཁས་ཅན་འཇམ་དཔལ་རྒྱ་མཚོ་སོགས་འགོ་ཁྲིད་སྐུ་མགྲོན་གྱིས་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་ཡོད།

ཀན་ལྷོ་ཁུལ་གྱི་འགོ་ཁྲིད་ཀྲའོ་ལིང་ཡོན་དང་། ཞུས་ཆང་། ཡང་ཞུང་། ཚེ་རིང་དོན་གྲུབ། ཝང་ཧྥང་། ཡང་ཞའོ་ནན་སོགས་འགྲེམས་སྟོན་ལ་གཟིགས་པར་ཕེབས་པ།

ཀན་ལྷོ་ཁུལ་སྲིད་གཞུང་གི་ཁུལ་འགོ་འཛིན་གཞོན་པ། ཐེ་བོ་རྫོང་ཨུད་ཀྱི་ཧྲུའུ་ཅི་རིན་ཆེན་དོན་གྲུབ་བྱེད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས།

ཐེ་བོ་རྫོང་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས་ཁྱད་ལྡན་ཐོན་ཁུངས་འོས་སྦྱོར་བྱས་པ།

ཐེ་བོ་རྫོང་ནི་རྒྱལ་ཡོངས་ཀྱི་ནགས་ཁུལ་ཆེ་གྲས་བཅུའི་གྲས་ཤིག་ཡིན་པ་དང་། མངའ་ཁོངས་ནང་གི་ཆུ་བོ་འཕྲེད་དུ་བཞུར་ཞིང་། རི་བོ་གཙང་ལ་ཆུ་མོ་དྭངས་བ། ཐོན་ཁུངས་ཕུན་སུམ་ཚོགས་པ། གནམ་གཤིས་དྲོ་གྲང་སྙོམས་པ་སོགས་ཀྱི་ཁྱད་ཆོས་དུ་མ་ལྡན་པས།  རྩི་ཤིང་དུ་མའི་གནས་མཆོག་དང་།  ཤར་ཕྱོགས་ཀྱི་མཐོ་རིས་སྐྱེད་ཚལ་ཞེས་པའི་སྙན་པའི་གྲགས་པ་ཕྱོགས་བཞིར་ཁྱབ།  གཞན་ད་དུང་སྤྱི་ལོ་2017ལོ་དང་2018ལོར་ཐེ་བོ་རྫོང་ཉིད་ལོ་གཉིས་བསྟུད་མར་རྒྱལ་ཡོངས་ཀྱི་མཛེས་སྡུག་ལྡན་པའི་མཁའ་དབུགས་གཙང་ཤོས་ཀྱི་གྲོང་ཁྱེར་ཆུང་ངུ་ཞེས་པར་བདམས་པ་དང་།  སྤྱི་ལོ་2018ལོར་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོའི་ཞིང་ལས་རིག་གནས་ཤུལ་བཞག་ལ་བདམས་ཡོད་ཅིང་།  ཀྲུང་གོའི་ཡུལ་སྐོར་སྤྲོ་གསེང་བྱ་ཡུལ་ཡག་ཤོས་ཞེས་པའི་མཚན་སྙན་ཡོད་པ་རེད།

ཐེ་བོ་རྫོང་བཙུགས་ནས་ལོ་57སོང་རིང་། རྫོང་ཡོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་དཀའ་སྤྱད་འབད་འཐབ་དང་། མཐུན་སྒྲིལ་ཡར་བརྩོན་བྱས་པར་གྲུབ་འབྲས་གང་ལེགས་ཐོབ་པ་དང་། མི་དམངས་ཀྱི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ད་ཆའི་ཐེ་བོ་རྫོང་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་། དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས། སྤྱི་ཚོགས་ཞི་མཐུན་བརྟན་བརླིང་། རིག་གནས་སྔར་ལས་དར་རྒྱས། ཁོར་ཡུག་མཛེས་སྡུག་ལྡན་པ། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་རྣམ་པ་བཟང་པོ་མངོན་བཞིན་ཡོད།  སྤྱི་ལོ་2018ལོར་དུས་བཀག་ལྟར་དབུལ་སྒྲོལ་གྱི་དམིགས་ཚད་མངོན་འགྱུར་བྱུང་ནས།  སྤྱི་ལོ་2018ལོའི་ཟླ་12པར། རྒྱལ་ཁབ་མི་རིགས་བྱ་དོན་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་གི་མཚན་སྙན་སྤྲད་ཡོད།

བྱེད་སྒོ་སྤེལ་རིང་།  ཐེ་བོ་རྫོང་དང་ཐན་ཅིན་དབྱི་ཤིན་བཟའ་བཅའ་ཚན་རྩལ་ཚད་ཡོད་ཀུང་སིའི་དབར་ཐེ་བོ་རྫོང་གི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་རྣམ་གྲངས་ཀྱི་མཁོ་ཚོང་གྲོས་མཐུན་བཞག་ཡོད།   བརྗོད་དོན་གཙོ་བོའི་ཉིན་མོའི་བྱེད་སྒོའི་ཐོག   འགོ་ཁྲིད་དང་སྐུ་མགྲོན་ཚོས་ཐེ་བོ་རྫོང་གི་ཡུལ་སྐོར་ཆེད་དོན་གློག་བརྙན་ལ་གཟིགས་པ་དང་། དྲིལ་བསྒྲགས་ལག་དེབ་དང་པར་དེབ་སོགས་དྲིལ་བསྒྲགས་དཔྱད་གཞི་སྤྲད་ཡོད་ཅིང་། ཐེ་བོ་རྫོང་གི་ཁྱད་ཆོས་ཀྱིས་ཕྱུག་པའི་རིག་རྩལ་འཁྲབ་སྟོན་བྱས་པ་བརྒྱུད།   ཐེ་བོ་རྫོང་གི་སྣོད་བཅུད་ཁོར་ཡུག་དང་། ཐོན་ཁུངས་བཟང་ཆ། མི་ཆོས་རིག་གནས་ཉམས་འགྱུར། མ་འཇོག་ཁོར་ཡུག་སོགས་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ།  རྒྱལ་ཁབ་ཕྱི་ནང་གི་ཚོང་པ་དང་ཡུལ་སྐོར་བ་དེ་བས་མང་བས་ཐེ་བོ་རྫོང་དུ་མ་འཇོག་དང་ཡུལ་སྐོར་ལ་ཕེབས་རྒྱུར་ཡིད་འགུག་བྱས་ཡོད་ལ།  ཐེ་བོ་རྫོང་གིས་རྒྱལ་ཁབ་ཕྱི་ནང་དང་མཉམ་དུ་ཁྱད་ལྡན་ཐོན་རྫས་འོས་སྦྱོར་དང་ཐེ་བོ་རྫོང་དྲིལ་བསྒྲགས་བྱེད་པའི་སྦྲེལ་ཟམ་བཙུགས་ནས།  ཐེ་བོ་རྫོང་གི་དཔལ་འབྱོར་གོང་འཕེལ་ཡོང་བར་སྔར་ལས་ལྷག་པའི་སྐུལ་འདེད་ཐེབས་རྒྱུར་ལེའུ་གསར་པ་བརྩམས་ཡོད་པ་རེད། 


  • 顶 0