ནོར་སྲིད་མ་དངུལ།

2019-10-15
0

ནོར་སྲིད་མ་དངུལ་ནི་རྒྱལ་ཁབ་ནོར་སྲིད་དཀྱིལ་སྙིང་དུ་བཟུང་བ་ཞིག་ཡིན་ཞིང་། དེར་ཀྲུང་དབྱང་སྲིད་གཞུང་དང་ས་གནས་སྲིད་གཞུང་གི་ནོར་སྲིད་འགྲོ་སོང་འདུ་བར་མ་ཟད། རྒྱལ་ཁབ་ནོར་སྲིད་དང་འབྲེལ་བ་ཡོད་པའི་ཁེ་ལས་དང་། ལས་དོན། སྲིད་འཛིན་ལས་ཁུངས་ཀྱི་དངུལ་ལོར་གྱི་གཏོང་ཡོང་ཀྱང་འདུ་བ་ཡིན། ནོར་སྲིད་མ་དངུལ་ནི་རྒྱལ་ཁབ་ཅིག་གི་སྤྱི་ཚོགས་མ་དངུལ་གྱི་གཙོ་ཁྲིད་ཡིན་ལ། དེས་སྤྱི་ཚོགས་མ་དངུལ་གྱི་འཁོར་རྒྱུག་ལ་ཚོད་འཛིན་དང་ཤན་ཤུགས་ཀྱི་ནུས་པ་ཆེན་པོ་ཐོན་གྱི་ཡོད།

མཚན་ཉིད།

     ནོར་སྲིད་མ་དངུལ (Financial Fund) གྱི་གཙོ་གཞི་ནི་ཁྲལ་སྡུད་ཡོང་སྒོ་དང་རྒྱལ་ཁབ་ཁེ་ལས་ཀྱིས་ཁྲལ་འཇལ་རྗེས་ཀྱི་ཁེ་སྤོགས་ཁག་ཅིག་དེ་ཡིན་ཞིང་། རྒྱལ་ཁབ་འགན་ནུས་ཀྱི་དགོས་མཁོ་མངོན་འགྱུར་བྱེད་པའི་ཆེད་དུ། རྒྱལ་ཁབ་ཀྱི་དབང་ཆ་ལྟར་བགོ་བཤའ་བརྒྱབ་པའི་སྤྱི་ཚོགས་ཐོན་རྫས་ཁག་ཅིག་གི་དངུལ་ལོར་རྣམ་པ་དེ་ཡིན། རྒྱལ་ཁབ་ཀྱིས་ཐོབ་ཆ་མེད་པའི་བྱ་ཐབས་སམ་ཡང་ན་རྒྱལ་ཁབ་ཡིད་རྟོན་གྱི་བྱ་ཐབས་ལ་བརྟེན་ནས་གྲབས་གསོག་དང་བགོ་བཤའ་བརྒྱབ་པ། བེད་སྤྱོད་གཏོང་བའི་དངུལ་ལོར་གྱིས་མཚོན་ཐུབ་པ་དེ་ཡིན། དེ་ནི་རྒྱལ་ཁབ་ཀྱིས་སྤེལ་བའི་བྱ་འགུལ་སྣ་ཚོགས་ཀྱི་རྒྱུ་ཤུགས་ཀྱི་ཁག་ཐེག་ཅིག་ཡིན། 

 ཁྱད་ཆོས།

     ནོར་སྲིད་མ་དངུལ་གྱི་ཁྱད་ཆོས་ནི། གཅིག སྲིད་གཞུང་དང་དེའི་འབྲེལ་གཏོགས་ལས་ཁུངས་ཀྱིས་ཐད་ཀར་བཀོད་སྒྲིག་དང་ཚོད་འཛིན་བྱས་པའི་མ་དངུལ་དེ་ཡིན་ཞིང་། དེའི་མ་དངུལ་བཀོལ་སྤྱོད་ནི་རྒྱལ་ཁབ་འགན་ནུས་ཀྱི་དགོས་མཁོ་ཐད་ཀར་ལག་བསྟར་དང་མངོན་འགྱུར་བྱེད་པའི་ཆེད་ཡིན། གཉིས། མ་དངུལ་གྱི་གཅིག་སྡུད་དང་གཏོང་སྤྲོད་དེ་གཙོ་བོ་ནི་ཐོབ་ཆ་མེད་པའི་བགོ་བཤའི་རྣམ་པ་སྤྱོད་པ་ཡིན་ལ། ཁག་ཅིག་ནི་རྒྱལ་ཁབ་ཡིད་རྟོན་ཐབས་ལམ་སྤྱོད་པ་ཡིན། གསུམ། མ་དངུལ་གྱི་འཁོར་སྐྱོད་ནི་རྒྱལ་ཁབ་གཙོ་གཞིར་བྱས་ཤིང་། དངུལ་སྤྲོད་མཁན་ནམ་ཡང་ན་དངུལ་རག་མཁན་ཚང་མ་ནི་ཐད་ཀར་རྒྱལ་ཁབ་སྲིད་དབང་དང་འབྲེལ་བ་ལྡན་པ་ཞིག་ཡིན། ནོར་སྲིད་མ་དངུལ་དེས་རྒྱལ་ཁབ་ཀྱིས་སྤྱི་ཚོགས་ཐོན་རྫས་བགོ་བཤའི་ཁྲོད་ཟིན་པའི་སྐལ་དང་། དེ་མིན་བགོ་བཤའི་ཁྲོད་དེ་དང་སྤྱི་ཚོགས་ཀྱི་ཚོགས་པ་སོ་སོ། དེའི་ཁོངས་མིའི་བར་གྱི་བགོས་བཤའི་འབྲེལ་བ་དེ་མངོན་པར་མཚོན་ནོ།།

 གྲུབ་ཚུལ།

     ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་ནོར་སྲིད་བགོ་བཤའ་དེ་རྒྱལ་ཁབ་སྔོན་རྩིས་མ་དངུལ་དང་སྔོན་རྩིས་ལས་གཞན་པའི་མ་དངུལ་གཉིས་ཀྱིས་གྲུབ་པ་ཞིག་ཡིན། རྒྱལ་ཁབ་སྔོན་རྩིས་མ་དངུལ་ཞེས་པ་ནི། རྒྱལ་ཁབ་ཀྱི་སྔོན་རྩིས་ཁྲོད་བཞག་ནས་སྡུད་གཏོང་དང་དོ་དམ་བྱེད་པའི་མ་དངུལ་དེ་ཡིན་ཞིང་། དེ་ནི་ནོར་སྲིད་མ་དངུལ་གྱི་གཙོ་གཞི་ཡིན། སྔོན་རྩིས་ལས་གཞན་པའི་མ་དངུལ་ཞེས་པ་ནི། རྒྱལ་ཁབ་སྔོན་རྩིས་ཁྲོད་བཞག་མེད་ཅིང་། ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོས་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར། ལོགས་སུ་དོ་དམ་དང་རང་སྡུད་རང་གཏོང་བྱེད་པའི་མ་དངུལ་དེ་ཡིན། དེ་ནི་རྒྱལ་ཁབ་སྔོན་རྩིས་མ་དངུལ་གྱི་ཁ་གསབ་གཙོ་བོ་ཞིག་ཡིན། ནོར་སྲིད་མ་དངུལ་གྱི་ཡོང་ཁུངས་གཙོ་བོ་ནི་རྒྱལ་གཉེར་ཁེ་ལས་ཀྱིས་ཁྲལ་དངུལ་དང་རྣམ་པ་གཞན་བརྒྱུད་ནས་རྒྱལ་ཁབ་ལ་སྤྲད་པའི་ལག་ཐོག་ཡོང་སྒོ་དེ་ཡིན་ཞིང་། དེའི་འཕྲོར་ཐུན་མོང་དཔལ་འབྱོར་དང་སྒེར་གཉེར་དཔལ་འབྱོར་གྱིས་ཁྲལ་དངུལ་གྱི་རྣམ་པ་སྤྱད་ནས་སྤྲད་པའི་ལག་ཐོག་ཡོང་སྒོ་དེ་ཡིན། 



  • 顶 0