བོད་མི་རང་གིས་བཟོས་པའི་ཁ་པར་སྒྲ་མཛོད་ཆེན་མོ།

2019-05-27
0

འདས་པའི་ལོ་འཁོར་གཅིག་རིང་གི་འབྲས་བཟང་ལ་སྡོམ་རྩིས་དང་མ་འོངས་པའི་བྱ་གཞག་ལ་འཆར་གཞི་འཐེན་པའི་སྐབས་འདིར། 2019ལོ་ཡི་ལོ་སར་གྱི་ལེགས་སྐྱེས། སྔར་ཡོད་མ་མྱོང་བའི་རིག་གནས་ཀྱི་བང་མཛོད་རྩ་ཆེན་ཞིག་སྟེ། ཨ་ལོང་སྒྲ་མཛོད་ཅེས་པའི་ལེགས་སྐྱེས་བཟང་པོ་དེ་འཛམ་བུ་གླིང་དང་སྒོས་སུ་བོད་ཁ་བ་ཅན་གྱི་སྐྱེ་འགྲོ་ཀུན་ལ་ཕུལ་བྱུང་། དེ་ནི་དགའ་འོས་ཤིང་རྟེན་འབྲེལ་ཞུ་ཆོག་ཆོག་ཅིག་རེད་ཨང་།

1.JPG

ཟླ12པའི་ཚེས30ཉིན་གྱི་ཕྱི་དྲོར། ཁྲེང་ཏུའུ་གྲོང་ཁྱེར་དུ་ཆགས་པའི་ཁྲི་ཀ་ཚང་རྒྱལ་སྤྱིའི་མགྲོན་ཁང་ནས་ཨ་ལོང་སྒྲ་མཛོད་ཀྱི་འགྲེམ་སྤེལ་མཛད་སྒོ་དངོས་སུ་སྤེལ་བྱུང་། ཚོགས་ཐོག་ཏུ་བོད་ཁུལ་གྱི་ཆེད་མཁས་པ་ཐུབ་བསྟན་ཕུན་ཚོགས་དང་དཀོན་མཆོག་རྡོ་རྗེ། ཡེ་ཤེས་རྡོ་རྗེ། ཁྲོ་བོ་རྒྱལ་མཚན། འཇམ་དབྱངས་བཀྲ་ཤིས། དབང་གྲགས་སྐྱབས། བོད་ཁུལ་གྱི་རྩོམ་པ་པོ་ཅོ་ནེ་ཡུམ་ཚེ་རིང་། མང་རའི་རྒྱལ་མཚན་སོགས་ཆེད་མཁས་པ་དང་རྩོམ་པ་པོ160ལྷག་ཞུགས་ནས་རྟེན་འབྲེལ་ཞུས། ཨ་ལོང་སྒྲ་མཛོད་ཀྱི་འབྲེལ་ཡོད་མི་སྣས་ཨ་ལོང་སྒྲ་མཛོད་གསར་གཏོད་ཀྱི་གོ་རིམ་དང་དགེ་མཚན། བྱེད་ནུས་སོགས་ཞིབ་མོར་ངོ་སྤྲོད་བྱས་པ་རེད།

2.JPG

ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་ཀྱིས་རྟེན་འབྲེལ་ཞུས་ཤིང་གསུང་བཤད་གནང་།

3.JPG

དགེ་རྒན་ཁྲོ་བོ་རྒྱལ་མཚན་གྱིས་རྟེན་འབྲེལ་ཞུས་ཤིང་གསུང་བཤད་གནང་།

4.JPG

ཏང་སྐྱོང་དུས་དེབ་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་དཀོན་མཆོག་རྡོ་རྗེས་རྟེན་འབྲེལ་ཞུས་ཤིང་གསུང་བཤད་གནང་།

5.jpg

ཁམས་པའི་བརྙན་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་ཡེ་ཤེས་རྡོ་རྗེས་རྟེན་འབྲེལ་ཞུས་ཤིང་གསུང་བཤད་གནང་།

6.jpg

དགེ་རྒན་དབང་གྲགས་སྐྱབས་ཀྱིས་རྟེན་འབྲེལ་ཞུས་ཤིང་གསུང་བཤད་གནང་།

7.jpg

བོད་ཀྱི་ན་གཞོན་འཁྲབ་ཁྲིད་པ་ཨ་སྒང་ཡར་རྒྱས་ཀྱིས་ཨ་ལོང་སྒྲ་མཛོད་ངོ་སྤྲོད་བྱེད་བཞིན་པ།

འབྲེལ་ཡོད་མི་སྣས་ངོ་སྤྲད་པ་ལྟར་ན། ཨ་ལོང་བོད་ཀྱི་གཙུག་ལག་སྒྲ་མཛོད་འདི་ནི་ཐུན་མིན་ཁྱད་ཆོས་དུ་མས་ཕྱུག་ཅིང་། གཞན་གྱི་ཟུར་གཏོགས་མ་ཡིན་པར་རང་ལ་དབང་བའི་མ་ལག་ཆ་ཚང་བའི་མཉེན་ཆས་ཚད་ལྡན་ཞིག་ཡིན་པས། རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བོད་ཀྱི་རིག་གནས་གོམས་སྲོལ་ལ་ཟུར་ཙམ་མ་འགལ་བའི་སྒོ་ནས། སྤྱིའི་ས་བཅད་བཅུ་དང་བྱེ་བྲག་གི་ནང་གསེས་སུམ་ཅུ་སོ་ལྔ་ལྷག་ཏུ་ཕྱེ་པ་ལས།
   ༡ སྒྲ་དཔེ་ནི་དཔེ་དེབ་དང་བརྩམས་ཆོས་སྣ་ཚོགས་གྱེར་ཀློག་བཤད་གསུམ་བྱས་པའི་སྒྲ་ལྡན་དཔེ་ཆ་སྟེ། ནང་གསེས་སུ་སྒྲུང་གཏམ་དང་ལྷུག་རྩོམ། སྙན་ངག རིག་གཞུང་། སྣ་ཚོགས་བཅས་ཁག་ལྔ་རུ་ཕྱེ་ཡོད།
   ༢ གླུ་དབྱངས་ནི་བོད་ཀྱི་གནའ་དེང་གི་གླུ་དང་རོལ་མོ་གཙོ་བོ་བྱས་ནས་ཡུལ་གཞན་གྱི་གླུ་དབྱངས་གྲགས་ཅན་སྣ་ཚོགས་གཏོང་ས་ཞིག་ཡིན་ལ། ནང་གསེས་སུ་སྲོལ་རྒྱུན་དང་དེང་གཞས། ཆེད་བསྒྲིགས། གཞས་པ། གཞན་དག་བཅས་ཁག་ལྔ་རུ་ཕྱེ་ཡོད།
   ༣ འཆད་ཁྲིད་ནི་ཆེད་མཁས་དང་དགེ་རྒན་སོགས་ཀྱིས་གཏམ་བཤད་སྤེལ་ས་གཙོ་བོ་ཡིན་ལ། ནང་གསེས་སུ་སློབ་གསོ་དང་རྩོམ་རིག ལོ་རྒྱུས། ཚོང་ལས། སྣ་ཚོགས་བཅས་ཁག་ལྔ་རུ་ཕྱེ་ཡོད།
   ༤ བྱིས་པ་ནི་ལོ་ཆུང་ལ་ཆེད་དུ་དམིགས་པའི་རྩེད་རིགས་དང་གླུ། སྒྲུང་། རྒྱུན་ཤེས་སོགས་འགོད་ས་ཡིན་ལ། ནང་གསེས་སུ་བྱིས་གླུ་དང་གནའ་གཏམ། བྱིས་སྒྲུང་། རྒྱུན་ཤེས། སྣ་ཚོགས་བཅས་ཁག་ལྔ་རུ་ཕྱེ་ཡོད།
   ༥ རིག་རྩལ་ནི་གླུ་གར་རོལ་མོ་དང་གློག་བརྙན་སོགས་ངོ་སྤྲོད་དང་བརྒྱུད་གཏོང་བྱེད་ས་གཙོ་བོ་ཡིན་ལ། ནང་གསེས་སུ་ཁ་ཤགས་དང་བཤད་པ། ཟློས་གར། གློག་བརྙན། སྣ་ཚོགས་བཅས་ཁག་ལྔ་རུ་ཕྱེ་ཡོད།
   ༦ རྒྱུན་ཤེས་ནི་ཚན་རིག་ཤེས་བྱ་དང་ཡུལ་སྲོལ་གོམས་གཤིས། ནང་ཆོས་སོགས་ངོ་སྤྲོད་བྱེད་ས་གཙོ་བོ་ཡིན་ལ། ནང་གསེས་སུ་འཕྲོད་བསྟེན་དང་ཚན་རིག དམངས་སྲོལ། ནང་བསྟན། སྣ་ཚོགས་བཅས་ཁག་ལྔ་རུ་ཕྱེ་ཡོད།
   ༧ གསར་འཕྲིན་ནི་རྒྱལ་ཁབ་ཕྱི་ནང་དང་ཡུལ་ལུང་སོ་སོའི་གསར་འགྱུར་གྲགས་ཆེ་བ་རྣམས་ཆེད་དུ་འགོད་ས་ཞིག་ཡིན།
   ༨ བཅར་འདྲི་ནི་མི་སྣ་ཁྱད་པར་བའི་མི་ཚེ་བརྒྱུད་རིམ་དང་བྱ་བ་ཁྱད་པར་བ་དག་ལ་རྒྱུས་ལེན་པའི་དྲི་བ་དྲིས་ལན་གྱི་ལེ་ཚན་ཞིག་ཡིན།
   ༩ སྣ་ཚོགས་ནི་ས་བཅད་ཁག་ཏུ་མ་འདུས་པའི་སྐབས་བསྟུན་གྱི་ནང་དོན་གང་མཁོ་གསར་དུ་སྣོན་ས་གཙོ་བོ་ཡིན། (གོང་གི་ས་བཅད་སོ་སོའི་ནང་གི་སྣ་ཚོགས་ཀྱང་དེ་དག་ཏུ་མ་འདུས་པའི་སྐབས་བབ་ཀྱི་ནང་དོན་སྣོན་ས་གཙོ་བོ་ཡིན།)
   ༡༠ གནས་ཡིག་ནི་མཉེན་ཆས་འདི་ཕབ་ལེན་བྱས་རྗེས། རང་ཉིད་ཡུལ་གང་དུ་འབྱོར་ན་རང་འགུལ་གྱིས་གནས་གཏན་འཁེལ་བྱས་ནས། སྐད་གཉིས་ཀྱི་ལམ་ནས་ཡུལ་དེའི་གནས་དང་མི་སྣ། དུས་སྟོན་གལ་ཆེན་རྣམས་ངོ་སྤྲོད་བྱེད་ས་ཞིག་ཡིན།

1.JPG

གཞན་ཡང་། དམིགས་བསལ་གྱིས་མཉེན་ཆས་འདི་ལ་དྲྭ་ཁྲིད་དང་ཐད་གཏོང་། དཀར་ཆག འོས་སྦྱོར། རྩེ་གྲ་བཅས་ནང་དོན་ཁག་འགའ་ཞིག་ཡོད། དེ་ལས་དྲྭ་ཁྲིད་དུ་སློབ་གྲྭ་ཁག་གི་བསླབ་དེབ་དང་སྐད་ཡིག་གཞན་པ་ཁྲིད་ས། རིག་གཞུང་གཞན་དག་དངོས་བརྒྱུད་གང་རུང་ནས་ཉན་ཐུབ་པ་དང་། ཐད་གཏོང་དུ་མི་སྒེར་གྱིས་ས་བཟུང་ནས་རང་དབང་གིས་བྱེད་སྒོ་སྣ་ཚོགས་སྤེལ་ཆོག་ལ། སློབ་གླིང་གི་རང་མོས་ལེ་ཚན་ཞིག་ཀྱང་ཡོད། དཀར་ཆག་ཏུ་ནང་དོན་སྤྱིའི་དཀར་ཆག་དང་བྱེ་བྲག་གི་འཆར་ངོས་སོ་སོའི་དཀར་ཆག་གསལ་བོ་རེ་ཡོད། འོས་སྦྱོར་དང་རྩེ་གྲ་ནི་ཉན་མཁན་གྱི་ཁམས་དང་མོས་པར་བསྟུན་ནས་ཆེད་དུ་ནང་དོན་བསྐྱར་འགོད་བྱེད་ས་བཅས་ཡིན།

ཞར་བཀོད།   ཞར་བཀོད་དུ་དགེ་རྒན་འཇམ་དབྱངས་བཀྲ་ཤིས་ཀྱིས་ཨ་ལོང་སྒྲ་མཛོད་ཀྱི་འགྲེམ་སྤེལ་མཛད་སྒོར་གནང་བའི་གཏམ་བཤད་ཚང་མ་བཀོད་ཡོད་དེ།

2.JPG

སྐུ་མགྲོན་རྣམ་པ། ཕྱི་དྲོ་བདེ་ལེགས།

དེ་ཡང་ཚན་རིག་གི་མཐུ་སྟོབས་ཆེན་པོའི་བྱེད་ལས་བསམ་གྱིས་མི་ཁྱབ་པའི་རྒྱུ་ཕུན་སུམ་ཚོགས་པས་ཉེ་བར་བསྐུལ་ཏེ། ལེ་བར་འབུམ་ཕྲག་དུ་མས་བར་དུ་བཅད་པའི་འཛམ་གླིང་ཤར་ནུབ་གཞིས་བྱེས་ཡུལ་གྱིས་མ་བསྐལ་བར། འདུན་མ་དུས་གཅིག་ཏུ་གླེང་ཐུབ་པའི་ཆ་འཕྲིན་དུས་རབས་ཀྱི་དཔལ་ཡོན་མངོན་པར་བཞད་པའི་དུས་འདིར། རང་རེའི་བོད་ཀྱི་ན་གཞོན་རྣམ་དཔྱོད་ཅན་ཁག་ཅིག་གིས། ཤིན་ཏུ་ལྕི་བའི་མི་རིགས་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བའི་ཁུར་རླབས་པོ་ཆེ་འདི་ཡལ་བར་དོར་མ་བཟོད་པར། རིགས་ཀྱི་ཤ་ཞེན་ཆེན་པོ་དང་ཁུར་སེམས་བླ་ན་མེད་པས་ཀུན་ནས་བསླངས་ཏེ། ལོ་ཁ་ཤས་ཀྱི་སྔོན་ནས། ཁོ་ཚོས་མ་བསྐུལ་བའི་ལས་འགན་འདི་ཁུར་དུ་བླངས། རང་རྒྱུ་རློན་པ་ལས་གཞི་ཆེན་པོ་འདིའི་མ་རྩར་བཏང་། བསམ་ཡུལ་ལས་འདས་པའི་དཀའ་བ་སྣ་ཚོགས་ཁྱད་དུ་བསད་ནས། ཨ་ལོང་ཁ་པར་སྒྲ་མཛོད་ཆེན་མོ་ཞེས་བྱ་བའི་ཁ་པར་གྱི་མཉེན་ཆས་ཆེན་པོ་འདི་ལེགས་པར་བསྐྲུན་ཏེ། བོད་ཀྱི་རིག་གནས་རྒྱུད་འཛིན་དང་གོང་འཕེལ་གཏོང་བྱེད་ཀྱི་ཡོ་བྱད་གསར་པ་ཞིག་གངས་རིའི་ལྗོངས་ལ་ལེགས་སྐྱེས་སུ་ཕུལ་ཡོད་པ་འདིའོ། །དེ་རིང་ཡུལ་ཕུན་སུམ་ཚོགས་པ་གྲོང་ཁྱེར་ཁྲེང་ཏུའུ་ནས། སྔོན་མེད་ཁ་པར་སྒྲ་མཛོད་ཆེན་མོ་འདི་དངོས་སུ་འགྲེམ་སྤེལ་བྱེད་ཐུབ་པར་བྱུང་བ་ལ་ངས་སྙིང་ཐག་པ་ནས་བཀྲ་ཤིས་རྟེན་འབྲེལ་ཞུ་རྒྱུ་དང་། ཨ་ལོང་ལས་གཞི་འདིའི་བྱེད་པ་པོ་ཐམས་ཅད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཇི་སྐད་དུ་འཇམ་མགོན་ས་སྐྱ་པཎ་ཆེན་གྱིས། རིག་པ་ནང་བར་འཆི་ཡང་བསླབ། །ཚེ་འདིར་མཁས་པར་མ་གྱུར་ཀྱང་། །སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་དང་མཚུངས། །གསུངས་པ་ལྟར། འཛམ་བུའི་གླིང་དུ་ཤེས་བྱ་གསར་པ་ཆར་རྗེས་ཀྱི་ཤ་མོང་ལྟར་བརྡོལ་ཞིང་། སྐྱེ་བོ་ཐམས་ཅད་ཀྱིས་མི་ཚེ་གང་བོའི་སློབ་སྦྱོང་ལ་འབད་དང་འབད་བཞིན་པའི་དུས་རབས་གསར་པ་འདིར། ཨ་ལོང་ཁ་པར་སྒྲ་མཛོད་ཆེན་མོ་འདིས། ང་ཚོ་མི་རིགས་འདིའི་འབད་ཕྱོགས་ནི་འཛམ་གླིང་སྔོན་ཐོན་མི་རིགས་ཀྱི་འཕེལ་ཕྱོགས་ལ་འཕལ་ཀ་སྤྲད་དེ། བོད་མི་རིགས་ཀྱི་རྒན་དར་གཞོན་གསུམ་ལ་ཚེ་གང་བོར་སློབ་སྦྱོང་བྱེད་སྤྱད་ཀྱི་མཉེན་ཆས་བཟང་པོ་བསྐྲུན་པ་ནི། དུས་ཐོག་ཆར་པ་ལྟར་ཕན་ཐོགས་མཐའ་ཡས་པ་ཡོད་དོ།།

ཨ་ལོང་ཁ་པར་སྒྲ་མཛོད་ཆེན་མོ་ལེགས་འགྲུབ་བྱུང་བ་ནི། བོད་ཀྱི་རིག་གནས་འཚོ་བའི་ནང་གི་བྱ་བ་གལ་ཆེན་པོ་རེད། འདིའི་དགེ་མཚན་བརྗོད་ཀྱིས་མི་ལང་ཡང་། བློ་དམན་ངས་བལྟས་ཚོད་ལ། ཨ་ལོང་ཁ་པར་སྒྲ་མཛོད་ལ་མ་མཐའ་ཡང་ཡོན་ཏན་ཆེན་པོ་གསུམ། ནུས་པ་ཆེན་པོ་གསུམ། ཁྱད་ཆོས་ཆེན་པོ་གསུམ་ཡོད་པར་མཐོང་།   

དང་པོ། སྟབས་བདེ་བའི་ཡོན་ཏན། 

ཡུལ་གྱི་ཆ་ནས་བརྟགས་ན། ཨ་ལོང་ཁ་པར་སྒྲ་མཛོད་ཆེན་མོ་ནི་ཡུལ་ངེས་མེད་དུ་ཉན་ཐུབ་པ་ཞིག་སྟེ།  དཔེར་ན་འབྲོག་པ་ཞིག་གིས་ཟོག་འཚོ་ཞོར་ཉན་ཆོག་ལ།  རོང་བ་ཞིག་གིས་ལུད་སྐྱེལ་ཞོར་ཡང་ཉན་ཆོག སློབ་མ་སློབ་གྲྭར་འགྲོ་ཞོར་ཉན་ཆོག་ལ།  འགྲོན་པོས་ཡུལ་གཞན་འགྲིམ་པའི་ལམ་དུའང་ཉན་ཆོག

དུས་ཀྱི་ཆ་ནས་བརྟགས་ན། ཨ་ལོང་ཁ་པར་སྒྲ་མཛོད་ཆེན་མོ་ནི་དུས་ངེས་མེད་དུ་ཉན་ཐུབ་པ་ཞིག་སྟེ། དཔེར་ན་གྲྭ་པས་ཚོགས་བར་ནས་ཉན་ཆོག་ལ། སློབ་མས་སློབ་གསེང་དུའང་ཉན་ཆོག ཞོགས་པར་མེད་འབུད་ཞོར་ཉན་ཆོག་ལ། ཉིན་གུང་ཇ་སྐོལ་ཞོར་ཡང་ཉན་ཆོག ཟས་ཟ་བའི་དུས་སུ་ཉན་ཆོག་ལ། ཐ་ན་གསང་སྤྱོད་ཀྱི་སྐབས་སུའང་ཉན་ཆོག མདོར་ན། ཉིན་མཚན་དུས་དྲུག་ལ་དུས་ཀྱི་དགག་བྱ་མེད་ཅིང་འབྲལ་སྤངས་སུ་ཐོགས་ནས་ཉན་ཆོག་པ་ཞིག་རེད།

རང་བཞིན་གྱི་ཆ་ནས་བརྟགས་ན། ཨ་ལོང་ཁ་པར་སྒྲ་མཛོད་ཆེན་མོ་ནི། ཡི་གེ་ན་གཅིག་མི་ཤེས་པའི་ཡིག་རྨོངས་པ་ཞིག་གིས་ཉན་ནའང་གོ་ལ། གཞུང་ལུགས་རབ་འབྱམས་སྨྲ་བའི་མཁས་པ་ཞིག་གིས་ཉན་ནའང་མཉན་རྒྱུ་དང་ལེན་རྒྱུ་ཡོད། འདི་སློབ་ཆུང་སློབ་མའི་བློ་མིག་འབྱེད་བྱེད་ཀྱི་ཐུར་མ་རེད་ལ། སློབ་ཆེན་སློབ་མའི་ཐོས་རྒྱ་སྐྱེད་བྱེད་ཀྱི་རྒྱགས་ཕྱེ་ཡང་རེད། རྒན་རྒོན་གྱིས་འདིས་ཉི་མ་འཕུད་བྱེད་བྱས་ཆོག་ལ། དར་མ་རྣམས་ཀྱིས་འདིས་ངལ་གསོ་བྱེད་ཀྱང་བྱས་ཆོག

གཉིས་པ། འདུས་ཆེ་བའི་ཡོན་ཏན།

ཨ་ལོང་ཁ་པར་སྒྲ་མཛོད་ཆེན་མོ་ནི་རྗོད་བྱེད་ཚིག་གི་ཆ་ནས་བཤད་ན། ཆེ་ཕྱོགས་ནས་རོང་སྐད་དང་འབྲོག་སྐད། ནང་གསེས་ལ་དབུས་གཙང་གི་སྐད། ཁམས་སྐད། ཨ་མདོའི་སྐད་སོགས་སྐད་ལུགས་མི་འདྲ་བ་ཐམས་ཅད་སྒྲ་མཛོད་ཆེན་མོ་འདིར་འདུ་ཞིང་། ཡུལ་སྐད་ཀྱི་བང་མཛོད་ཆེན་པོ་ལྟ་བུ་ཡིན་པས། སྐད་ལུགས་ཀྱི་འདུས་ཆེ། བརྗོད་བྱ་དོན་གྱི་ཆ་ནས་བཤད་ན། འདི་ལ་གླུ་དང་ལ་གཞས།  སྒྲུང་དང་ཁ་ཤགས།  སྒྱུ་རྩལ་རྩོམ་རིག མཁས་པའི་འཆད་ཁྲིད། སློབ་གྲྭའི་སློབ་ཁྲིད། ཆོས་ཀྱི་འཆད་ཉན། རིག་པའི་བགྲོ་གླེང་སོགས། གནའ་དེང་རྒྱལ་ཁབ་ཕྱི་ནང་གི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་སྒྲར་བརྗོད་རུང་བ་མཐའ་དག་སྒྲ་མཛོད་འདིར་བསྡུ་མི་ཐུབ་པ་གཅིག་ཀྱང་མེད་ལ། ནང་རྫོངས་ཤིན་ཏུ་འཐུག་པས་བརྗོད་བྱ་དོན་གྱི་འདུས་ཆེ།

གསུམ་པ། འགྲོ་སོང་ཆུང་བའི་ཡོན་ཏན། 

ཨ་ལོང་ཁ་པར་སྒྲ་མཛོད་ཆེན་མོ་ནི་སྒྲ་འཕྲིན་གྱི་རྣམ་པ་ཅན་ཡིན་ཞིང་། བརྙན་འཕྲིན་ལྟར་འཕྲིན་ལམ་གྱི་ས་མི་གཅོད་པས། རིན་མེད་ཀྱི་རྒྱུ་ཆ་ཤིན་ཏུ་མང་ཁར། རིན་ཅན་གྱི་རིན་གོང་ཡང་ཤིན་ཏུ་དམའ་བས། ཉན་མཁན་ལ་རྒྱུ་ཚེགས་ཧ་ཅང་ཆུང་། དེར་བརྟེན་ཨ་ལོང་ནི་ཁ་པར་དང་ལྡན་པའི་སྐྱེ་བོའི་རྒྱུ་ནོར་གྱི་འཁོས་ཀ་ཆེ་ཆུང་ལ་མ་བལྟོས་པར། དབུལ་ཕྱུག་ཐམས་ཅད་ཀྱིས་ལོངས་སུ་སྤྱོད་ཐུབ་པ་ཞིག་རེད།

ཨ་ལོང་ཁ་པར་སྒྲ་མཛོད་ཆེན་མོའི་ནུས་པ་ཆེན་པོ་གསུམ།

དང་པོ། བོད་སྐད་གཅིག་གྱུར་ཡོང་བའི་ནུས་པ། མཉན་བྱ་སྐད་ཀྱི་ཆ་ནས་བཤད་ན། ཨ་ལོང་ཁ་པར་སྒྲ་མཛོད་ཆེན་མོ་འདིར། མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་སྣ་ཚོགས་ཕྱོགས་སུ་མ་ལྷུང་བར་བཅུག་ཡོད་པས། མཉེན་ཆས་འདི་བོད་ཀྱི་ཡུལ་སྐད་སློབ་སྦྱོང་བྱེད་སའི་སློབ་གྲྭ་ལྟ་བུ་རེད། བོད་ཀྱི་ཡུལ་གྲུ་མི་འདྲ་བའི་མི་རྣམས་ཀྱིས་ཡུལ་སྐད་མི་འདྲ་བ་རྣམས་ཉན་ནས། ཡུལ་སྐད་ལ་རིམ་གྱིས་གོམས་འདྲིས་བྱུང་ནས་དོན་གོ་ཞིང་། རིམ་གྱིས་བཤད་ཤེས་པར་གྱུར་ནས་ཡུལ་སྐད་ཁྱབ་གདལ་དུ་གཏོང་ཐུབ། ཡུལ་སྐད་ཁྱབ་གདལ་དུ་སོང་ན་སྤྱི་སྐད་ཡིན་པས། ཨ་ལོང་ཁ་པར་སྒྲ་མཛོད་ཆེན་མོ་འདིས་བོད་ཀྱི་སྤྱི་སྐད་བཟོ་བར་རྨང་གཞི་བཟང་པོ་འདིང་ཐུབ།

གཉིས་པ། རིག་གནས་འཛིན་སྐྱོང་བྱེད་པའི་ནུས་པ། མཉན་བྱ་དོན་གྱི་ཆ་ནས་བཤད་ན། ཨ་ལོང་ཁ་པར་སྒྲ་མཛོད་ཆེན་མོས། རིག་གནས་ཕུན་སུམ་ཚོགས་པ་སྒྲའི་བདག་ཉིད་ཅན་མ་ལུས་པ་བོད་སྐད་སྨྲ་བའི་རྣ་ལམ་དུ་འཇོག་ཐུབ་པས། རྣ་བའི་དབང་པོ་མ་ཉམས་པ་ཞིག་ཡིན་ཕྱིན་རིག་པའི་སྒྲ་དབྱངས་སྙན་མོའི་བྱིན་གྱིས་བརླབ་པར་འགྱུར་ཞིང་། རིག་གནས་ཁྱབ་གདལ་དུ་འགྱུར་བ་སྨོས་མ་དགོས། དེ་བས་ཨ་ལོང་སྒྲ་མཛོད་ཀྱིས་བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་བྱེད་ཐུབ་ལ། འཛམ་གླིང་གི་དེང་རབས་ཀྱི་རིག་གནས་གསར་པ་བོད་ཡུལ་དུ་དར་སྤེལ་ཡང་གཏོང་ཐུབ་པས། ཨ་ལོང་ལ་རིག་གནས་འཛིན་སྐྱོང་བྱེད་པའི་ནུས་པ་བརྗོད་ཀྱིས་མི་ལང་བ་ཡོད།

གསུམ་པ། ཐོས་རྒྱ་སྐྱེད་པའི་ནུས་པ། ཉན་མཁན་གང་ཟག་གི་ཆ་ནས་བཤད་ན། ཐོས་པའི་སྒྲོན་མེར་བརྟེན་ནས་རྨོངས་པའི་མུན་པ་སེལ་ཐུབ་ཅིང་། ཐོས་བྱུང་གི་ཤེས་རབ་བསྐྱེད་ནས་མི་རིགས་འདིའི་སྤྱི་ཁྱབ་ཀྱི་རིག་སྟོབས་གོང་འཕེལ་གཏོང་ཐུབ། མི་རིགས་ཀྱི་རིག་སྟོབས་གོང་འཕེལ་སོང་ན་གནས་དང་གནས་མ་ཡིན་པའི་བླང་དོར་གྱི་དབྱེ་བ་འབྱེད་ཐུབ། ཐོས་རྒྱ་ཆེ་བར་ཕྱིན་ན་མི་རིགས་སྤྱིའི་དགའ་ཁ་འཁྱེར་ཕྱོགས་སོགས་ཀྱི་རིན་ཐང་གི་ལྟ་བའང་རིམ་གྱིས་གཅིག་མཐུན་བྱུང་ནས། མི་རིགས་འདི་འཆམ་མཐུན་ཡོང་བར་ཡང་ཕན་ཐོགས་ཆེན་པོ་ཡོད་པ་རེད།

ཨ་ལོང་ཁ་པར་སྒྲ་མཛོད་ཆེན་མོའི་ཁྱད་ཆོས་གསུམ།

དང་པོ། སྒེར་སྒྲུབ་ཀྱི་ཁྱད་ཆོས། ཨ་ལོང་ཁ་པར་སྒྲ་མཛོད་ཆེན་མོ་ནི་གཞུང་སྒྲུབ་མ་ཡིན་པར། སྒེར་གྱིས་རྒྱུ་སྦྱར་ནས་བསྒྲུབས་ཁེ་ལས་ཤིག་རེད། ཁེ་ལས་འདི་ཚོང་ལས་དང་བོད་ཀྱི་རིག་གནས་སྤེལ་བའི་ལས་ཀ་གཉིས་ཟུང་འབྲེལ་བྱེད་པའི་ཚོད་ལྟ་ཆེན་པོ་ཞིག་ཡིན་པས། ཚོད་ལྟ་འདི་ལམ་ལྷོང་བྱུང་ན། བོད་ཀྱི་སྒེར་སྒྲུབ་ཁེ་ལས་གོང་འཕེལ་འགྲོ་བར་སྐུལ་འདེད་ཆེན་པོ་བྱེད་ཐུབ་པའི་དོན་སྙིང་ཡོད།

གཉིས་པ། བོད་སྒྲུབ་ཀྱི་ཁྱད་ཆོས། ཨ་ལོང་ཁ་པར་སྒྲ་མཛོད་ཆེན་མོ་འདི་བོད་རིགས་ཁོ་ནས་བསྒྲུབས་པ་ཡིན་པས། འདིས་དེང་རབས་བོད་པའི་ན་གཞོན་རྣམས་ལ་ཚོང་ལས་དང་བཟོ་ལས་ཀྱི་འགྲན་རྩོད་ཆེན་པོ་དང་། ཁྱད་པར་ཆ་འཕྲིན་ལག་རྩལ་གྱི་ཕྱོགས་ལ་འཇུག་པའི་འདུ་ཤེས་དང་སྤོབས་པ་ཆེན་པོ་ཡོད་པ་མཚོན་ཡོད། ཁེ་ལས་འདི་ལམ་ལྷོང་བྱུང་ན། བོད་ཀྱི་ཁེ་ལས་པ་རྣམས་ལ་ལས་བྱའི་ཁྱབ་ཁོངས་རྒྱ་སྐྱེད་བྱས་ནས། སྔོན་གྱི་ཚོང་ལས་རིམ་པ་དམའ་མོ་དེ་རིམ་གྱིས་རིམ་པ་མཐོན་པོར་གཏོང་ཐུབ་པར་ཡིད་ཆེས་སྐྱེད་ཐུབ་པའི་དོན་སྙིང་ཡོད།

གསུམ་པ། སློབ་སྒྲུབ་ཀྱི་ཁྱད་ཆོས། ཨ་ལོང་ཁ་པར་སྒྲ་མཛོད་ཆེན་མོ་ནི། བོད་ཀྱི་ཐབས་ལམ་དང་པོའི་སློབ་ཆེན་མཐར་ཕྱིན་སློབ་མ་དག་གིས་བསྒྲུབས་པ་ཞིག་ཡིན་པས། འདིས་རང་རེའི་ཐབས་ལམ་དང་པོའི་སློབ་མས་ལས་ཞུགས་བྱེད་ཕྱོགས་གསར་པ་ཞིག་མཚོན་ཡོད། མ་འོངས་པའི་ཐབས་ལམ་དང་པོའི་སློབ་མ་རྣམས་ཀྱི་གཞུང་ཞབས་དང་ལས་བྱེད་པ་ཁོ་ན་བྱེད་འདོད་ཀྱི་བློ་ཁ་དེ་རྩ་བ་ནས་བསྒྱུར་ཏེ། བོད་ཀྱི་ཐབས་ལམ་དང་པོའི་སློབ་ཆེན་མཐར་ཕྱིན་པར་བཟོ་ལས་དང་ཚོང་ལས་སོགས་ལ་འཇུག་པར་སྣ་འདྲེན་བྱེད་ཐུབ་པའི་དོན་སྙིང་ཡོད།

ཨ་ལོང་ལས་གཞི་འདི་ལ་གོང་སྨོས་ཡོན་ཏན་དང་ནུས་པ། ཁྱད་ཆོས་དང་དོན་སྙིང་མཐའ་ཡས་པ་ཡོད་པ་ཤེས་དགོས་པ་དང་ཆབས་ཅིག་ཏུ། ང་ཚོས་འདི་ལྟར་ཞིག་ཀྱང་ཤེས་དགོས་ཏེ། ཨ་ལོང་ཁ་པར་སྒྲ་མཛོད་ཆེན་མོ་ནི་རིག་གནས་སྤེལ་བའི་ལག་ཆ་རྨད་དུ་བྱུང་ཞིག་ཡིན་ན་ཡང་། འདི་སྒེར་སྒྲུབ་ཁེ་ལས་རང་ཁ་རང་གསོ་བྱེད་མཁན་ཞིག་ཡིན་པས། འདི་ལ་གཞུང་གི་འགྲོ་སོང་གི་རྒྱབ་སྐྱོར་ཅི་ཡང་མེད་ཅིང་། ཚོང་གཉེར་གྱི་ཁེ་བཟང་ཁོ་ནར་བརྟེན་ནས་འཁོར་དགོས་པ་ཞིག་ཡིན་ལ། འགལ་རྐྱེན་སྣ་ཚོགས་འབྱུང་བའམ་ཆ་མ་འཚལ་བས། སྟབས་མ་ལེགས་ན་ཐ་ན་བརྡིབ་པ་དང་ཉམས་པའི་ཉེན་ཁ་ཡང་ཡོད་པས། བོད་སྐད་སྨྲ་བ་ཐམས་ཅད་ཀྱིས་བསམ་པ་གྲུ་ནང་དང་ཕྱར་བ་གྲུ་འདེགས་ཀྱིས། ཨ་ལོང་ཁ་པར་སྒྲ་མཛོད་ཆེན་མོ་ལ་རྒྱབ་སྐྱོར་ཆེན་པོ་ཡོད་རྒྱུ་གལ་ཆེ།

མཇུག་མཐར་ཨ་ལོང་ལས་གཞི་འདིའི་འཕྲིན་ལས་དབྱར་མཚོ་ལྟར་རྒྱས་ནས། ཁ་པར་གྱི་སྒྲ་མཛོད་ཆེན་མོ་འདི་བོད་ཀྱི་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་པ་གོང་འཕེལ་འགྲོ་བའི་རྒྱུར་གྱུར་ཅིག ཐུགས་རྗེ་ཆེ། །

འཕྲིན་བཟང་འདི། སྒང་བ་བོད་ཀྱི་ཕོ་མོ་རྒན་དར་གཞོན་གསུམ་ཀུན་གྱིས་གོ་ན་བཟང་ལ། ནང་སྒོས་སུ་མཉེན་ཆས་འདི་ཀུན་གྱིས་བེད་སྤྱད་ན་ལྷག་ཏུ་བཟང་། བརྡ་འཕྲིན་གྱི་དུས་རབས་འདིར་ཁྱེར་བདེ་བའི་ཁ་པར་ལམ་ནས་བོད་ཀྱི་རིག་གནས་ཆེ་ཆུང་མཐའ་དག་སྦྱངས་ཐུབ་པར་མ་ཟད། རྒྱལ་ཁབ་ཕྱི་ནང་གི་གསར་འཕྲིན་ཡང་དུས་ཐོག་ཏུ་ཤེས་ཡོང་། བླང་དོར་གྱི་བློ་མིག་ཡངས་པོར་བསྐྱེད་ཐུབ་ཅིང་། ཤེས་འཇོན་གཉིས་ལྡན་གྱི་མི་བོ་ཆེ་ཞིག་ཏུ་འགྱུར་པའི་ས་ལམ་ཡང་དག་ཅིག་ཀྱང་རེད།


  • 顶 0