སྨ་ཁུ་སྤོ་ལོའི་ཡུལ་སྐོར་ཟིན་ཐོ་༽ལས་ཐུ་བྷོད་ཀྱི་སྐོར།

2019-05-15
0

སྨ་ཁུ་སྤོ་ལོའི་ཡུལ་སྐོར་ཟིན་ཐོ་༽ལས་ཐུ་བྷོད་ཀྱི་སྐོར།

                                    སྨ་ཁུ་སྤོ་ལོས་བརྩམས།

                                              ཚ་ནག་ཀུན་ཐར་རྒྱལ་གྱིས་བསྒྱུརད།

ཁྲིན་ཏུའུ་ནས་ཉིན་ལམ་ལྔ་འདས་ན། ཁ་ཞེང་རབ་ཏུ་ཆེ་བའི་ནགས་ཚལ་སྨིག་ཐིང་ངེ་པ་ཞིག་ཏུ་སླེབས་ཐུབ།ས་དེ་ཐུ་བྷོད་ཀྱི་མངའ་རིས་སུ་གཏོགས་ཤིང་།ཡུལ་དེ་མོང་གོལ་ཧན་གྱི་གཡུལ་འགྱེད་ཁྲོད་ཁ་འཐོར་དུ་བཏང་བས།མཐོང་ཚད་ཀྱི་གྲོང་ཁྱིམ་ཀུན་ལ་གཏོར་བཤིག་རྨང་ནས་ཐེབས་ཡོད།

 ནགས་ཁྲོད་ན་སྦོམས་སུ་ཐལ་ལྕག་གསུམ་དང་།མཐོ་ལ་གོམ་པ་བཅོ་ལྔ།ཚིགས་རྐང་རེ་ལ་ཧ་ལམ་ཐལ་ལྕག་གསུམ་ལས་བརྒལ་བའི་སྨྱུག་སྡོང་ཆེན་པོའང་ཡོད་ལ།ས་འདིར་བརྒྱུད་མཁན་གྱི་ཚོང་བ་དང་ཡུལ་སྐོར་བས་སྨྱུག་སྡོང་བཅད་དེ་མེ་ལ་སྒྲོན་ཅིང་།སྨྱུག་ཚིགས་འབར་འགད་ཀྱི་སྒྲ་དེ་ཧ་ཅང་ཆེ་རྐྱེན།སེང་གེ་དང་དོམ་སོགས་སྲོག་ཆགས་རྣམས་ཀྱིས་ཐོས་ཐེངས་གཅིག་གིས།མེ་ཡི་སར་ཡེ་ནས་བཅར་མི་ཐུབ་པར་རྒྱང་ལ་ཡལ་ཡལ་མཛད་འགྲོམོང་གོལ་ཧན་གྱི་གཡུལ་འགྱེད་ཀྱིས་ཡུལ་འདི་ཁ་གཏོར་རྗེས་བསྐྱར་དུ་ཁྱིམ་གཞིས་འཛུགས་མཁན་མ་བྱུང་།དེ་བས་རི་དྭགས་རྣམས་ཀྱིས་གནས་འདིར་བག་ཕེབས་ཀྱི་འཚོ་བ་རོལ་བཞིན་ཡོད།བརྒྱ་ལ་སྨྱུག་ཚིགས་འབར་འགད་ཀྱི་སྒྲ་དེས་སྲོག་ཆགས་རྣམས་འདྲོགས་སུ་འཇུག་མ་བཏུབ་ན།ཡུལ་འདིར་བགྲོད་ཐུབ་པའི་མི་ཞིག་མེད་འདྲ།

སྨྱུག་མ་འདི་དག་ལ་དེ་འདྲའི་འགད་སྒྲ་ཆེན་པོ་ཞིག་བྱུང་རྐྱེན་ནི།མཚན་མོར་ལམ་འགྲོ་བ་དག་གིས་སྨྱུག་ཚལ་སྤྲིན་ནག་འཁྲིག་པ་ལྟ་བུ་ལས་སྨྱུག་རྐང་བཅད་ཅིང་མེ་ལ་སྒྲོན་ན།སྨྱུག་ཤུབས་འཕྲལ་མར་ལྷུང་ནས་སྨྱུག་རྐང་སིལ་བར་གས་བས་འབར་འགད་ཀྱི་སྒྲ་བྱུང་བ་ཡིན་ཞིང་།འབར་འགད་ཀྱི་སྒྲ་དེ་བར་ཐག་རྒྱང་གྲགས་(哩)སྟོང་གི་མཚམས་སུའང་ཐོས་ཐུབ།སྒྲ་དེ་ཡ་སྔོན་གཏན་ནས་ཐོས་མྱོང་མེད་ན་དངངས་ནས་འཆི་བའང་སླ།འོན་ཀྱང་རིང་ནས་ཐོས་ལོབས་སུ་གྱུར་པ་ཞིག་ལ་ནི་དེ་ལས་ལྡོག་པའོ།དོན་ངོ་མར་སྒྲ་དེ་ཡེ་ནས་ཐོས་མ་མྱོང་བ་རྣམས་ཀྱིས་རྣ་ཅོག་ནང་ལ་སྲིང་བལ་རྫོངས་བ་དང་།རང་ལ་ཡོད་པའི་ལྭ་བས་མགོ་བོ་འགེབས་པ་སོགས་བྱས་ན།རྗེས་སོར་སྒྲ་ཇི་ལྟར་བྱུང་ཡང་གོམས་ལོབས་སུ་འགྲོ་ངེས།

རྟའང་དེ་བཞིན་དེ།སྔོན་ཆད་སྨྱུག་ཚིགས་འབར་འགད་ཀྱི་སྒྲ་མ་འདྲེས་བར།ལར་གསར་དུ་ཐོས་པ་ཞིག་ངེས་ན།ཉིད་ཀྱི་འོག་རྟས་མཐུར་མདའང་གཅོད་གཅོད་དུ་ངེས་ལ།མཐུར་མདའ་བཅད་དེ་འོག་རྟར་བོར་བའི་འགྲོན་པོའང་མང་དུ་ཡོད།འོག་རྟར་འདང་བརྩེ་ཅན་གྱིས་རྟ་ཡི་མིག་དང་རྣ་རྣམས་གཅུད་དགོས།དེ་ན་རྗེས་སོར་རྟ་ལ་ཁ་ལོ་འགྲོ་ངེས།འོག་རྟ་ཡིས་སྒྲ་མང་དུ་ཐོས་ན་དངངས་སྐྲག་གཞར་ཡང་སྐྱེས་མི་ངེས།སྨྱུག་ཚིགས་འབར་འགད་ཀྱི་སྒྲ་སྔར་ལར་ནས་ཐོས་མ་མྱོང་བ་ཞིག་ལ་མཚོན་ན།སྒྲ་དེ་འཇིག་རྟེན་སྟེང་ཆེས་འཇིགས་སུ་རུང་པའི་ཚད་དུ་སྣང་།གནས་འདིར་སྲོག་ཆགས་ཤིན་ཏུ་མང་བས།སྨྱུག་ཚིགས་འབར་འགད་ཀྱི་ཆེད་གཉེར་ལ་བརྟེན་ནས་འཇིགས་ཉེན་ལ་གཡོལ་ཐབས་དེ།སེང་གེ་དང་དོམ་སོགས་ལ་མཚོན་ན།ཆེས་མི་འདོད་པའི་གནོད་འཚེ་རིགས་ཤིག་ཏུ་ངེས་སོ།

 རྟར་ཞོན་ནས་ཉིན་ལམ་ཉི་ཤུར་དེངས་ཀྱང་མི་མེད་ཐང་སྟོང་རང་དུ་ངེས་རྐྱེན།ལམ་འགྲོ་བས་ངེས་པར་ལམ་རྒྱགས་སོགས་ཁྱེར་ནས་དོང་དགོས་ཤིང་།ལམ་བར་དུ་གཅན་གཟན་སོགས་ཀྱི་འཇིགས་པ་ནི་ཏག་ཏག་གཡོལ་ཐབས་མེད་པ་ཞིག་ཏུ་འདུགདེ་རྗེས་མཐོང་ལམ་དུ་ར་བས་ཡོངས་སུ་བ་སྐོར་བའི་མགནས་འདིའི་མི་རྣམས་ཀྱིས་སྐྱེས་པར་རེག་མ་མྱོང་བའི་བུ་མོ་ཕྱུགས་ཆུང་དག་ཆུང་མར་མི་ལེན་སྐད།བཤད་སྲོལ་ལྟར་ན་སྐྱེས་པར་འགྲོགས་མྱོང་མེད་པའི་བུད་མེད་དག་ཆུང་མར་བླངས་ན་མཐོང་ཆེན་རྩ་ནས་མི་ཐོབ།ཨ་མ་རྒན་མོ་ཞིག་གིས་གནས་འདིར་བགྲོད་མཁན་གྱི་མི་ཚང་མར་བུ་མོ་ཕྱུགས་ཆུང་མ་དག་འབུལ་པར་བྱེད།ལམ་འགྲོ་བར་བུ་མོ་དེ་ཐོབ་རྗེས་རང་ཉིད་ཀྱི་རེ་སྨོན་ལྟར་འདོད་པ་མཐའ་དག་ཅི་འདོད་ལྟར་སྤྱད་རྗེས་བུ་མོ་ཕྱིར་ཨ་མ་རྒན་མོར་སྤྲོད་དགོས།གོམས་སྲོལ་ཞིག་ལ་བུ་མོ་དེ་ཡང་བསྐྱར་ལམ་འགྲོ་པ་གཞན་ལ་འབུལ་སྲོལ་མེད།མཁར་གྲོང་རེ་དང་སྡེ་གྲོང་རེ་མ་ཡིན་པའི་ཁང་ཁྱིམ་རེེར་ཐོན་ན་ཡང་།ལམ་འགྲོ་བར་འབུལ་རྒྱུའི་ཕྱུགས་ཆུང་མ་ཉི་ཤུ་སུམ་ཅུ་རེ་མཐོང་སྲིད།ལམ་འགྲོ་པས་གནས་ཚང་གཡར་ནས་ཞག་ཏུ་བསྡད་ན་ད་དུང་ཡང་བུ་མོ་ཕྱུགས་ཆུང་དག་འབུལ་མཁན་མང་དུ་ཡོད།སྤྱིར་བཏང་ལུས་འབྲེལ་བྱུང་བའི་བུ་མོ་དག་ལ་ངེས་པར་དུ་གདུ་བུ་དང་ཡང་ན་དྲན་རྟེན་ཆུང་ཆུང་རེ་ངེས་པར་སྟེར་དགོས།དེ་ནི་ཆང་ས་རྒྱག་སྐབས་རང་ཉིད་ཕྱུགས་ཆུང་མིན་པར་སྐྱེས་པ་མངས་བོར་ཉལ་མྱོང་བའི་དཔང་དུ་ངོམ་པ་ཞིག་རེད།ཆང་ས་མ་བརྒྱབ་སྔོན་གྱི་ཕྱུགས་ཆུང་མ་དག་ཀྱང་དེ་འདྲ་རང་དུ་ཟད།སྐྱེས་མ་ཚོས་ངེས་པར་དྲན་རྟེན་ཉི་ཤུ་ལྷག་རེ་ལག་སོན་འབྱུང་བ་བྱ་དགོས།དྲན་རྟེན་ནམ་ལེགས་སྐྱེས་མཛོད་དུ་གྱུར་བ་རྣམས་ནི་ཡ་སྔོན་སྐྱེས་པ་མང་བོ་རང་ལ་དགའ་མྱོང་བ་དང་།མ་འོངས་པར་ཡང་ཡོན་ཏན་ཀུན་ལྡན་གྱི་མཛངས་མ་ཞིག་ཏུ་བལྟ་སྲིད་པས།གཞན་དང་ཆང་ས་ཡང་སླ་བོའི་ངང་བརྒྱག་ཐུབ་སྲིད།ནམ་ཞིག་ཆང་ས་བརྒྱབ་རྗེས་སྟེང་ཞལ་ཕན་ཚུན་བར་བརྩེ་བ་ཟབ་ཅིང་བློ་གཅིག་སེམས་གཅིག་ཡིན་དགོས་ལ།རྗེས་སོར་ཆང་ས་བརྒྱབ་ཟིན་པའི་སྐྱེས་མ་དག་གཞན་དང་ལུས་འབྲེལ་སོགས་བྱས་ན་དེ་ནི་ངོ་ཚ་ཆེན་པོ་ཞིག་ཏུ་བརྩིའོ།

 དོན་འདི་རྒྱས་སྤྲོས་བྱ་རིན་ཡོད་པས།ཚང་མར་བསྙད་པ་ཞིག་ཡིན།ང་ཚོའི་རྒྱལ་ཁབ་ཀྱི་ན་གཞོན་རྣམས་ས་དེར་སོང་ནས་བུ་མོ་ཕྱུགས་ཆུང་མ་དག་འཐོབ་པའི་རེ་བ་བྱ་ཆོགདེ་རྗེས་རང་གི་དགོས་མཁོ་ཇི་འདོད་ལྟར་བསྒྲུབ་ཆོག མཐའ་ན་སྒོར་སྐར་མ་གང་ཡང་བཀོལ་མི་དགོས་པར་ཁྱེད་ཀྱི་འདོད་པ་ཡོངས་སུ་བསྐང་ངེས།

 སྡོད་དམངས་རྣམས་ནི་ལྷ་སྐུ་ལ་དད་པའི་ཆོས་ལུགས་པར་ངེས་ཤིང་།སྤྱོད་ལམ་ནི་ཡིད་མུག་པ་ཞིག་རེད།རྐུ་འཕྲོག་དང་གཞན་པའི་ཉེས་སྐྱོན་དག་ཉེས་བ་ལྕི་མོ་ཞིག་ཏུ་གཏན་ནས་མི་བསམ།ཁོ་ཚོ་ནི་འཇིག་རྟེན་སྟེང་གཞན་ལ་འཕྱ་སྨོད་བྱེད་པར་ཆེས་དགའ་བའི་རིགས་ཤིག་རེད།རི་དྭགས་རྔོན་པ་དང་སྒོ་ཕྱུགས་ལས་བྱུང་བའི་བལ་ཆུར་དང་།རང་ཡུལ་ནས་སྐྱེས་པའི་ཤིང་ཏོག་སོགས་ཀྱིས་འཚོ་རྟེན་སྒྲུབ་བཞིན་ཡོད།ད་དུང་རི་དྭགས་མི་ཉུང་བ་ཞིག་ལས་གླ་རྩིའང་བླངས་ཆོག་ཡོད།ཡུལ་སྐད་ཀྱི་མིང་ལ་ཀུའུ་ཏིག་ལི(古德里Gouderi་ཟེར།མི་ངན་དེ་རིགས་ཀྱིས་སྟོབས་ཤིང་བརྗིད་པའི་ཁྱི་མང་དུ་གསོས་ཡོད་པ་དང་།ཉེ་འཁོར་ན་གླ་རྩིའང་ཧ་ཅང་མང་བོ་ལ།མངའ་ཁོངས་འདིར་ཤོག་དངུལ་མེད་ཅིང་།དངུལ་ལོའི་དོད་དུ་ཚྭ་སྤྱོད་ཀྱིན་ཡོད།གྱོན་པ་ནི་པགས་པ་དང་བཙོ་མ།རྩིད་པ་སོགས་ཀྱིས་རྒྱུ་བྱས་ནས་གྲུབ་རྐྱེན་ཧ་ཅང་ཐེབས་ཆག་རང་དུ་ཟད།ས་འདིའི་མི་རྣམས་ལ་རང་ཉིད་ཀྱི་སྐད་ཡིག་གཉིས་ཡོད་པ་མ་ཟད་རང་གི་མིང་ལ་ཐུ་བྷོད་ཅེས་འབོད།ཐུ་བྷོད་ཀྱི་མངའ་ཁོངས་ནི་ཡངས་ཤིང་རྒྱ་ཆེ་བ་ཞིག་རེད།

ཐུ་བྷོད་བསྐྱར་བཤད།

 ཐུ་བྷོད་ཀྱི་མངའ་ཁོངས་ཤིན་ཏུ་ཆེ་ཚུལ་དང་།རང་ཉིད་ལ་སྐད་དང་ཡི་གེ་ཡོད་ཚུལ།ད་དུང་ལྷ་སྐུ་ལ་དད་པའི་ཆོས་ལུགས་པ་ཡིན་རབས་སོགས་སྔོན་དུ་བརྗོད་ཟིན་ལྟར་རོ།བྷོད་ཀྱི་ཡུལ་འདི་ཀླ་ཀློའི་རིགས་ལས་གཞན་ཀྲུག་ཅོན་(州郡)མང་བོ་དང་ཡང་འབྲེལ་ཡོད་ཅིང་རྐུ་འཕྲོག་ལ་ཧ་ཅང་མོས།མངའ་ཁོངས་ཤིན་ཏུ་ཆེ་བ་དང་།ནང་དུ་རྒྱལ་ཕྲན་བརྒྱད་དང་མཁར་གྱིས་བསྐོར་བའི་གྲོང་སྡེའང་མང་བོ་ཡོད།མཚོའུའི་ནང་དུ་གསེར་བྱེ་མོད་པས།མཐོང་ཚད་ཀྱི་མི་ཀུན་ངོ་མཚར་དུ་འཇུགསྐྱེས་སྟོབས་མགྱོགས་བའི་ཤིང་ཚ་མང་ལ།བྱུ་རུ་ནང་འདྲེན་བྱེད་པའི་མངའ་ཁུལ་ཡང་ས་འདི་ཡིན།རིན་གོང་མཐོ་བའི་བྱུ་རུ་དེ་ས་འདིའི་ཡུལ་མི་རྣམས་ཀྱིས་རང་ཉིད་ཀྱི་ཆུང་མ་དང་འབག་སྐུ་སོགས་ཀྱི་སྐེ་རྒྱན་དུ་བྱེད།དར་ཟི་སྣ་ཚོགས་ཀྱི་ཞོར་དུ་བསུང་རྫས་ཀྱི་རིགས་འང་མང་དུ་ཡོད།འདི་ནི་ངའི་རྒྱལ་ཁབ་ནས་མཐོང་དུ་དཀོན་པ་ཞིག་རེད།

ས་འདི་ལ་ཁྱད་དུ་མཚར་བའི་སྐར་རྩིས་པ་དང་མཐུ་རྩལ་ལ་བྱང་བའི་ལྷ་བ་མོ་བའང་མང་དུ་འདུག དེར་ཁུལ་གཞན་གྱིས་འགྲན་པའི་དོ་མེད་པ་ཞིག་རེད།ཁོ་ཚོས་རྒྱུན་དུ་བློ་ཡུལ་ལ་མི་ཤོང་བའི་མཐུ་རྩལ་སྟོན་པར་བྱེད།མཐུ་རྩལ་དེ་མཐོང་བ་དང་ཐོས་བའི་མི་རྣམས་ཧ་ལས་སུ་འཇུག་ངེས།དེ་བས་ཀློག་པ་པོ་དག་ལ་འཆད་པར་མི་བྱའོ།ཡུལ་འདིའི་མི་རྣམས་ཡ་མཚར་བ་ཞིག་ཡིན་རྐྱེན།ནམ་ཡང་གཞན་ལ་བག་ཆགས་བཟང་བོ་ཞིག་འཇོག་ཐབས་བྲལ་ལོ།

 བྷོད་མིའི་ལྭ་བ་ཐེབས་ཆག་ཡིན་ཚུལ་སོགས་སྔོན་དུ་བཤད་ཟིན་པའོ།ཁོ་ཚོས་འབྲོག་ཁྱི་ཧ་ཅང་མང་བོ་གསོས་ཡོད་ཅིང་།འབྲོག་ཁྱི་ལ་ལའི་ལུས་ཀྱི་ཆེ་ཆུང་བོང་བུ་དང་མཚུངས་བ་ཡང་ཡོད།དེ་དག་རི་དྭགས་འཛིན་པར་ཤིན་ཏུ་མཁས།དེ་ལས་གཞན་པའི་ཁྱིའི་རིགས་ཀྱང་མང་དུ་ཡོད།ད་དུང་འཕུར་རྩལ་དང་ལྡེམ་མྱུར་ལྡན་པའི་རི་མགོའི་བྱ་རྒོད་ཡང་བཟུང་སྟེ་རྔོན་བྱ་བྱེད་བཞིན་ཡོད།

 ཐུ་བྷོད་དང་འབྲེལ་ཡོད་ཀྱི་དོན་བཏགས་མང་བོ་ཞིག་སྔོན་དུ་བརྗོད་ཟིན་པས་ད་ལམ་འཆད་པར་མི་བྱའོ།ད་གོ་མིང་ལ་ཅན་ཏུའུ་(建都)ཟེར་བའི་ཁུལ་གཞན་ཞིག་འཆད་པར་བྱ།ཐུ་བྷོད་དང་འབྲེལ་ཡོད་མཐའ་དག་ཡོོན་རྒྱལ་བོའི་ཁོངས་སུ་གཏོགས་པ་ནི་ངེས་པར་ཤེས་དགོས་པ་ཞིག་རེད།དཔེར་ན་དེབ་ཁྲོད་དུ་གང་སར་བཀོད་པའི་མངའ་ཁུལ་གཞན་རྣམས་ཤར་ཕྱོགས་མངའ་བདག་ཨ་ལོའུ་ཧན་(阿鲁浑)གྱི་བུ་ཚའི་ཡིན་པ་ནི་བསྙོན་མེད་ཅིག་རེད།དེ་ལྟར་བསམ་ན།ཁམས་ཀྱི་རྒྱལ་བོ(东方群主)་ནི་ཙོང་བང་(宗王)དང་ཧྥན་ཁྲེན་(藩臣)གཉིས་ཀྱི་ཆོ་ལོ་དང་མཚུངས་པར་ཡོན་རྒྱལ་བོས་ཚོད་འཛིན་བྱས་ཡོད་རྐྱེན།ས་ཁོངས་འདི་ཧ་ལམ་ཡོན་གྱི་མངའ་རིས་སུ་གཏོགས་ཞེས་བཤད་ཀྱང་འགལ་མེད་ཞིག་ཏུ་གྲུབ་ཡོད།

《马可波罗行纪》[法]沙海昂注 冯承钧译  上海古籍出版社

  ཞབས་མཆན།

སྨ་ཁུ་སྤོ་ལོ་(Marco Polo)ངོ་སྤྲོད།

སྨ་ཁུ་སྤོ་ལོ་ནི་1254-1324དུས་རབས་བཅུ་གསུམ་པའི་སྐབས་ཀྱི་དབྱི་ཐ་ལིའི་ཡུལ་སྐོར་བ་དང་ཚོང་བ་ཞིག་རེད།ལོ་བདུན་ནས་བཟུང་ཨ་ཕར་འགྲོགས་ནས་ཤར་ཕྱོགས་ཀྲུང་གོར་འགྲོ་འགོ་བརྩམས།1275ལོར་ཡོན་རྒྱལ་རབས་ཀྱི་རྒྱལ་ས་ཏ་ཏུའུ་(大都)སྟེ་ད་ལྟའི་པེ་ཅིང་ལ་སླེབས་སྟེ་སེ་ཆེན་རྒྱལ་བོ(忽必烈)དང་མཛའ་གྲོགས་སུ་གྱུར།རྒྱ་ཡིགའང་ཤེས།ཀྲུང་གོ་ནས་ལོ་ཉི་ཤུར་འཚོ་སྡོད་བྱས་པ་མ་ཟད་ད་དུང་ཡོན་གྱི་དཔོན་རིགས་ཤིག་ཏུའང་གྱུར་མྱོང་།སེ་ཆེན་རྒྱལ་བོའི་ཕོ་ཉ་བྱས་ནས་ཧྲན་ཞི་(山西)དང་ཧྲའན་ཞི(陕西)།སི་ཁྲོན་སོགས་སུ་ཡུལ་སྐོར་བྱས་མྱོང་ལ་།མཐའ་ན་ཐད་ཀར་འབར་མ་དང་ཧིན་རྡུ་ལའང་འགྲོ་མྱོང་ངེས།སྨ་ཁུ་སྤོ་ལོའི་ཡུལ་སྐོར་ཟིན་ཐོའི་ཁྲོད་ཀྱི་ཐུ་བྷོད་ཀྱི་གླེགས་བམ་དེ་ནི་ཁོ་པ་ཏག་ཏག་སི་ཁྲོན་བརྒྱུད་ནས་འགྲོ་སྐབས།བྷོད་ཡུལ་གྱི་མཐོང་ཐོས་དག་རེག་ཟིག་ཏུ་བཀོད་པ་ཞིག་རེད།

    2015ལོའི་6པའི་ཚེས་8ལ།ཁར་གྲོང་སྐྱ་ལེབ་པ་ཞིག་ཏུ་སླེབས་ཐུབ་།ཡུལ་གྲུ་དེ་རང་དུ་ཡོད་པའི་གཉེན་སྲོལ་ཐུན་མོང་མ་ཡིན་པ་དེ་གཤམ་དུ་འཆད་པར་བྱའོ།



  • 顶 0