རླུང་གྲིབ་ནད་ཀྱི་སྔོན་འགོག་སྐོར།

2019-06-25
0

༄༅།  ། ཁྲག་ཤེད་མཐོ་དང་ཁྲག་ཚིལ་ཁྲག་མངར་མཐོ། ། རླུང་གྲིབ་ནད་ངན་ལྡང་བའི་རྒྱུ་རྐྱེན་གསུམ།  །རླུང་གྲིབ་ནད་འདི་སྲོག་འཕྲོག་གཤེད་མའི་གཙོར།  ། གསུངས་པས་ཀུན་གྱིས་སྔོན་འགོག་ཤེས་པ་གལ། །དེས་ན་ཟས་སྤྱོད་སྨན་གསུམ་བསྟེན་བྱས་ཏེ།  །སྔོན་འགོག་བྱ་ཚུལ་མདོར་བསྡུས་བཤད་བྱ་ན།  ། བདེ་འདོད་མཆིས་རྣམས་ཅུང་ཟད་མཉན་འཚལ་ལོ།  །དང་པོ་ཟས་སྐོམ་གཉིས་ལས་ཁ་ཟས་ནི།  ། ཚྭ་ཚིལ་མངར་མང་བསྟེན་པར་མི་རུང་ཞིང་།  ། སྐོམ་ཡང་ཚྭ་མངར་རིགས་མང་བསྟེན་མི་བྱ།  །སྤྱོད་ལམ་རྟག་ཏུ་དལ་འདུག་མི་བྱ་ལ།  །སེམས་ངལ་མ་ཆེ་ཁོག་རྒྱ་ཡངས་པར་མཛོད།  །ཉིན་མོའི་དུས་སུ་ཡུན་རིང་མི་གཉིད་ལ། །མཚན་གང་གཉིད་མེད་པར་ཡང་མི་བྱ་བར།  །རན་པར་སྤྱོད་པ་སྤྱོད་ལམ་མཆོག་ཡིན་ནོ།  །སྨན་ནི་ཨ་གར་ཉི་ཤུ་མུ་ཏིག་བདུན།  ། གྲང་སྦྱོར་དང་ནི་སེ་འབྲུ་དྭངས་གནས་རྣམས།  ། ཟླ་རེར་ཅུང་ཟད་བསྟེན་ན་སྔོན་འགོག་ཐུབ།  །དེ་ཕྱིར་རླུང་གྲིབ་ནད་ངན་མི་འདོད་པས།  །སྔོན་འགོག་འདི་ལྟར་མཛོད་ཅིག་སྙིང་གི་གཏམ།  །གཏམ་འདི་ལྷོ་ཁུལ་སྨན་རྩིས་འགྲོ་ཕན་དུ།  ། རླུང་གྲིབ་ནད་སྐོར་འཆད་ཁྲིད་ཉན་པ་ལས།  ། ཅུང་ཟད་ཐོས་རྣམས་བརྗེད་ན་ཕངས་དོགས་ནས།  ། ནོར་ནག་མིང་ཅན་གང་དེས་ཤར་མར་ཕབ།།  །། སརྦ་མངྒ་ལཾ། 


  • 顶 0