ཚེ་སྲོག་མྱུར་དུ་འཕྲོག་པའི་ནད་རིགས་འགའ་ཞིག་བོད་ཀྱི་གསོ་རིག་གིས་སྔོན་འགོགས་བྱ་ཐབས།

2019-06-05
0

 ཚེ་སྲོག་མྱུར་དུ་འཕྲོག་པའི་ནད་རིགས་འགའ་ཞིག་

   བོད་ཀྱི་གསོ་རིག་གིས་སྔོན་འགོགས་བྱ་ཐབས།

                                                                      ཐུབ་བསྟན་ཕུན་ཚོགས།


བོད་ཀྱི་གསོ་རིག་གདོད་མའི་དུས་ནས་བྱུང་། །

རིག་གཞུང་ཐོག་མ་བོན་གྱི་མཁས་པས་བསྐྲུན། །

རོ་བཀྲའི་རྣམ་བཤད་ཏ་ཟིག་སྨན་པས་སྤེལ། །

བཙན་པོའི་ལྷ་རྗེ་རྒྱལ་ཁམས་ལྔ་ནས་བྱུང་། །


བེེ་རོ་ཙ་ནས་རྩིས་སྨན་ཆོས་སྐད་བསྒྱུར། །

དྭགས་པོ་ལྷ་རྗེས་སྨན་སྦྱོར་གསར་གཏོད་གནང་། །

པུ་རངས་སྨན་པ་མི་བཞིས་སློབ་ཚོགས་བསྐྱངས། །

དབུས་གཙང་མཁས་པ་མི་དགུ་སྐབས་དེར་བྱུང་། །


བརྒྱུད་སྲོལ་ཀུན་འདུས་གཡུ་ཐོག་མགོན་པོ་དང་། །

ཨོ་རྒྱན་པ་དང་རང་བྱུང་རྡོ་རྗེ་སོགས། །

ཟབ་མོའི་གཞུང་དང་ཕྱག་ལེན་དམར་ཁྲིད་རྣམས། །

གསོ་རིག་པད་ཚལ་རྒྱས་པའི་ཉིན་བྱེད་དངོས། །


བྱང་ཟུར་རྣམ་གཉིས་མི་དབང་སྡེ་སྲིད་རྗེ། །

དེལ་དམར་མཁན་པོ་ཆོས་འབྱུང་ཡབ་སྲས་དང་། །

མཁྱེན་ཀོང་རྣམ་གཉིས་མི་ཕམ་ལ་སོགས་པ། །

ལྗོངས་འདིར་གསོ་རིག་མཁས་ཀུན་ཕྱག་གི་ཡུལ། །

  བོད་ཀྱི་གསོ་རིག་ནི་ལོ་ངོ་བཞི་སྟོང་ལ་ཉེ་བའི་ཆེས་གནའ་བོའི་རིག་གཞུང་རྙིང་པ་ཞིག་རེད།  ཨེ་ཤའི་ཡའི་གསོ་རིག་ལོ་རྒྱུས་ཐོག་གསོ་རིག་གཞན་གྱིས་འགྲན་ཟླ་བྲལ་བའི་ཁྱད་འཕགས་ཀྱི་རིག་གཞུང་ཞིག་ཆགས་ཡོད། འོན་ཀྱང་དུས་དང་ཁོར་ཡུག་གི་ཁྱད་པས་གནའ་བོའི་ཁྱད་ནོར་གྱིས་དེང་རབས་ཁོར་ཡུག་དང་བསྟུན་པའི་དགོས་མཁོ་སྐོང་མི་ཐུབ།  དེས་ན་དེང་རབས་ཀྱི་ནད་རིགས་གསར་པ་སྣ་ཚོགས་བྱུང་དང་འབྱུང་བཞིན་པ་འདི་དག་ལ་དམིགས་ནས།  བོད་ཀྱི་གསོ་བ་རིག་པའི་སྨན་སྦྱོར་དང་།  བཅོས་ཐབས་གསར་པ་ཞིབ་འཇུག་དང་གསར་གཏོད་བྱ་དགོས་པ་ནི་སྨོས་མ་དགོས་པ་རེད། འདིར་ཚེ་སྲོག་མྱུར་དུ་འཕྲོག་པའི་ནད་རིགས་འགའ་ཞིག་བོད་ཀྱི་གསོ་བ་རིག་པའི་ལུགས་ཀྱིས་སྔོན་འགོག་དང་།     བཅོས་ཐབས། སྨན་སྦྱོར་འགའ་ཞིག་འོས་སྦྱོར་བྱས་ཡོད་པས་ཞིབ་དཔྱད་གནང་རོགས།  

    བོད་སྨན་ཚོས་གཟའ་གྲིབ་ཟེར་བ་འདི་ལ།   ༡ ཀླད་ཁྲག་འདྲེས་པ་དང་། ༢ ཀླད་ཁྲག་འགག་པའི་ནད་རིགས་གཉིས་ཡོད་པ་རེད།   འདི་ནི་མི་སྲོག་མྱུར་གཅོད་བྱེད་པའི་ནད་རིགས་ཧ་ཅང་ཚབས་ཆེན་ཞིག་རེད། གནའ་བོའི་བོད་ལུགས་ལྟར་ན་འདི་ལ་གཟའ་གྲིབ་ཟེར། ནད་འདིའི་ཉེན་ཁ་ལས་སྲུང་ཐབས་ནི། དུས་རྒྱུན་སྨན་ཁང་ནང་དུ་འགྲོ་ནས་ཁྲག་སྐྱོན་དང་། རྩ་སྐྱོན་སོགས་ནད་འདིའི་རྒྱུ་རྐྱེན་ཡོད་མེད་བརྟག་དགོས། གལ་སྲིད་ནད་ཀྱི་རྒྱུ་ཡོད་ན་གཤམ་གསལ་ཟས་དང་སྤྱོད་ལམ་གཟབ་ཅིང་། བོད་སྨན་ལ་བརྟེན་ན་ནད་སྔོན་འགོག་དང་། ནད་ཀྱི་རྒྱུ་རྐྱེན་མེད་པར་བྱེད་རྒྱུར་འབད་བརྩོན་བྱ་དགོས། 

   གལ་སྲིད་ནད་འདི་དངོས་སུ་སྨིན་ཏེ་ནད་རྟགས་ཕྱིར་མངོན་ཚེ་ངེས་པར་དུ་ཅི་མགྱོགས་ཀྱིས་ཕྱི་ལུགས་སྨན་ཁང་དུ་སྐྱེལ་ནས་དེང་རབས་ལུགས་ཀྱི་སྨན་བཅོས་དུས་ཐོག་ཏུ་བྱ་ཐུབ་པའི་རེ་བ་བྱ་དགོས། དེ་ལྟར་བྱས་ན་སྲོག་བསྐྱབ་ཐུབ་སྲིད་ཅིང་སྟབས་ལེགས་ན་སླར་ཡང་བདེ་ཐང་བསྐྱར་གསོ་ཡོང་སྲིད། གྲོང་གསེབ་ཀྱི་སྨན་དང་སྨན་ཁང་ཁག་ན་མུ་མཐུད་བཅོས་རེ་བྱས་ན་འཆི་ངེས་པ་དང་། མ་ཤི་ནའང་དབང་པོ་སྐྱོན་ཅན་གྱི་གཟའ་རོ་ཆགས་ངེས། དེ་ལས་བཅོས་ཐུབ་པའི་རེ་བ་ནི་མི་སྲིད་པ་ཡིན་པས་ཚང་མས་ཡིད་འཇགས་འཚལ། །

    ཀླད་ཁྲག་འདྲེས་པ། གནའ་དུས་འདི་ལ་གཟའ་གྲིབ་ཀྱི་ནད་ཀྱང་ཟེར། རྒྱ་སྐད་དུ། 脑溢血,又称脑出血,ཡང་ཟེར། ནད་འདི་ཕོག་མྱུར་བ། ཉེན་ཁ་ཆེ་བ། ཤི་ཚད་མཐོ་བའི་མགོ་བོའི་ཁྲག་རྩ་འགས་པའི་ནད་རིགས་ཤིག་རེད། མི་སྔར་རྒན་པོ་དང་ལོ་ཁྲེབ་རིགས་རྣམས་འཆི་རྐྱེན་གཙོ་བོར་ཞིག་ཆགས་ཡོད། ནད་འདི་ཕོག་སླ་བའི་ནད་པའི་ལོ་ཚད་དེ་ལོ་བཞི་བཅུ་ནས། བདུན་ཅུ་བར་གྱི་མི་རྣམས་ཡིན། ཀླད་ཁྲག་འདྲེས་པའི་ནད་ཀྱི་རྒྱུ་རྐྱེན་གཙོ་བོར། ཁྲག་རྩ་ལ་སྐྱོན་ཞུགས་པ་དང་། ཁྲག་རྩ་སྲ་མོར་ཆགས་པ་སྟེ་རིགས་གཉིས་ཡོད།    

  ༡༽     ཁྲག་རྩ་ལ་སྐྱོན་ཞུགས་པའི་རྐྱེན་ནི། ཁྲག་གི་སྣུམ་རྩི་མང་བ། གཅིན་མངར་མོའི་ནད། ཁྲག་ཤེད་མཐོ་བ། ཁྲག་རྩ་རྒས་པ། དུ་བ་མང་དུ་འཐེན་པ་བཅས་ཀྱིས་རྐྱེན་བྱས་ཏེ། ཀླད་པའི་ཁྲག་རྩ་ལ་རྩ་འབུར་ཐོན་པ་དང་། ཁྲག་རྩའི་ནང་དུ་ཁྲག་འཁར་བས་རྩའི་སྲབ་མཐུག་མི་སྙོམ་པ་ཆགས་པས། རྐྱེན་གང་ཞིག་དང་འཕྲད་ཚེ་ཁྲག་རྩ་འགད་ནས་ཀླད་ཁྲག་འདྲེས་པའི་ནད་འབྱུང་གི་ཡོད་པ་རེད།    

 ༢༽    ཁྲག་རྩ་སྲ་མཁྲེགས་སུ་འགྱུར་བའི་རྐྱེན་ནི། ཁྲག་གར་པོ་དང་། ཁྲག་གི་སྣུམ་རྩི་མང་པའི་རྐྱེན་གྱིས་ཁྲག་རྩའི་ནང་ངོས་སུ་ཁྲག་དྲེགས་འཁར་ནས་ཕྱི་ངོས་སུ་ཁྲག་རྩ་སྲ་མོར་གྱུར་པ་དང་། ནང་ངོས་སུ་ཁྲག་རྩ་གུ་དོགས་པོར་ཆགས་ནས་རྒྱུན་ལྡན་གྱི་ཁྲག་གི་རྒྱུ་བ་ལའང་གནོད་སྐྱོན་ཐེབས་ཏེ་ཁྲག་རྩ་འགད་ཡོང་གི་ཡོད་པ་རེད།  འདི་ནི་སྡེ་དགེའི་ཡུལ་སྐད་དུ་ཁྲག་རྩ་ལ་ཁུང་བུག་ཟེར་བ་དེ་རེད།  

  【ནད་ཀྱི་རྒྱུ་རྐྱེན། 】

༡ སྟོན་དགུན་གཉིས་ལ་གནམ་གཤིས་གྲང་མོར་གྱུར་པའི་རྐྱེན་གྱིས་ཁྲག་རྩ་ཕྲ་རུ་ཕྱིན་པས་ཁྲག་ཤེད་འཕེལ་བ་དང་། དབྱར་དུས་གནམ་གཤིས་ཚ་བས་ཁྲག་རྩ་རྒྱ་ཡངས་པོར་གྱུར་སྟབས་ཁྲག་ཤུགས་ཀྱང་གང་འཚམས་མར་འབབ་ཅིང་ཡོད་སྟབས།  སྤྱིར་ནད་འདི་སྟོན་དགུན་དུས་སུ་འབྱུང་བ་མང་།  འོང་ཀྱང་དབྱར་དུས་རྔུལ་མང་དུ་དོན་པའི་རྐྱེན་གྱིས་ཀླད་ཁྲག་འདྲེས་པའི་ནད་འབྱུང་རྐྱེན་ཡང་བྱེད་ཅིང་ཡོད།    

༢ ཁོང་ཁྲོའི་རྐྱེན་གྱིས་ཁྲག་ཤུགས་གློ་བུར་འཕེལ་ནས་ཀླད་ཁྲག་འདྲེས་པའི་རྐྱེན་སྲིད།

༣ ངལ་རྩོལ་མང་བའི་སྟབས་ཀྱིས་ཐང་ཆད་དྲགས་པ་དང་། ཤུགས་སྟོན་དྲགས་པ་བཅས་ཀྱིས་ཁྲག་ཤེད་འཕར་ནས་ཀླད་ཁྲག་འདྲེས་པའི་ནད་འབྱུང་བའི་རྐྱེན་བྱེད།

  ༤ ལྟོ་བ་རྒྱགས་དྲགས་པ་དང་། ཟས་རིགས་སྣུམ་ཅན་ཟ་མང་ཆེ་ནས་ཁྲག་གི་ནང་དུ་སྣུམ་རྩི་འཕེལ་བས། ཁྲག་གི་འཁོར་བསྐྱོད་ཇེ་མྱུར་དུ་སོང་བས། གློ་བུར་དུ་ཁྲག་ཤེད་འཕེལ་ནས་ཀླད་ཁྲག་འདྲེས་པའི་ནད་འབྱུང་བའི་རྐྱེན་བྱེད་ཅིང་ཡོད། 

  ནད་རྟགས་གཙོ་བོ། ནད་འདི་འབྱུང་ལ་ཁད་དུ་འབྱུང་བའི་ནད་རྟགས། ལུས་ཀྱི་འགུལ་བསྐྱོད་དང་ངག་གི་སྨྲ་བརྗོད་མི་བདེ་བ། ཞེན་པ་ལོག་ཅིང་སྐྱུག་མེར་ལངས་པ། དྲན་མ་མི་གསལ་བ། མིག་གིས་གསལ་པོར་མི་མཐོང་བ། མགོ་གཟེར་ཞིང་མགོ་ཡུ་འཁོར་བ་བཅས་སོ། །

  【ཟས་སྤྱོད་སྤང་བླང་སྐོར།】    

    ༡ སྤང་བྱའི་ཟས་སྐོམ། ལུས་བརྟ་བ་བྱ་བའི་ཟས་རིགས་ཏེ་ཤ་རྙིང་པ་དང་། མར་རྙིང་། མཐུད་དང་། གྲོ་གཅུར་སོགས་མར་རྙིང་གིས་བཟོས་པའི་ཟས་རིགས་སྣ་ཚོགས། ཆང་དང་ཨ་རག ཇ་ཁྲེབ། ཇ་སྲུབ་མ། དུ་བ་བཅས་རྒྱུན་དུ་སྤང་དགོས། ཚྭ་དང་། སྣུམ་གྱིས་བརྔོས་པའི་ཚལ་རིགས་རྣམས་སྤང་པའམ་ཡང་ན་ཉུང་ཙམ་བཟའ་དགོས། 

   ༢ སྤང་བྱའི་སྤྱོད་ལམ། གནས་གཅིག་ཏུ་སྡོད་ཡུན་རིང་བ་དང་། ཁོང་ཁྲོ་དང་འཐབ་མོ། རྒྱན་སྐུགས་འཛུགས་པའི་ཆེད་དུ་ཤོ་བག་སོགས་རྩེད་ནས་ལུས་སེམས་སྒྲིམས་དྲགས་པ་དང་། མི་ཐེག་པའི་དངོས་པོ་ཤུགས་ཀྱིས་བཀྱག་པ་དང་། ཤུགས་ཆེན་པོས་རི་ལ་འཛེགས་པ་དང་། ཤུགས་ཀྱིས་འཕག་རྒྱུག་བྱ་བ་སོགས་སྤང་དགོས། །

   ༡ བླང་བྱའི་ཟས་སྐོམ། ཟས་སྐྱ་བོའི་རིགས་ཏེ། བྲ་བོ་དང་། སྲན་མ། སྔོ་ཚལ་རིགས། ཉ་ཤ བྱ་ཤ་སོགས་ཤ་དཀར་པོའི་རིགས། འོ་མ་དང་། ཞོ། བྱ་སྒོང་སོགས་བཟའ་ཆའི་རིགས་དང་། ཚུའུ་(醋)དང་། ཆུ་དྭངས་མ་སོགས་རྒྱུན་བརྟེན་བྱ་དགོས། 

   ༢ བླང་བྱའི་སྤྱོད་ལམ། ཁྲག་ཤུགས་ཚོད་འཛིན་དང་། གཅིན་གྱི་ཀ་ར་ཚོད་འཛིན་བྱ་རྒྱུ། རྟེན་ལ་ཕྱག་དང་བསྐོར་བ་དང་། འོས་འཚམས་ཀྱི་ལུས་རྩལ་རིགས་རྣམས་རྒྱུན་འཁྱོིངས་བྱ་ནས་ལུས་ཀྱི་ཤ་ཞན་པ་དང་། ཁྲག་སླ་རུ་འགྲོ་བའི་ཐབས་ཤེས་འབད་དགོས། 

  【སྔོན་འགོག་གི་སྨན་དཔྱད།】 ཁྲག་རྩ་ལ་སྐྱོན་ཞུགས་པ་དང་། ཁྲག་རྩ་སྲ་མོར་གྱུར་པའི་ནད་པ་རྣམས་ཀྱིས་རྒྱུན་དུ་ལྟོ་ཆས་སྔོན་གྱི་སྐར་མ་སུམ་ཅུ་ཙམ་གྱི་སྐབས་སུ། སེར་འབྲུ་དྭངས་གནས།  བདུད་རྩི་སུམ་སྦྱོར་སྨན་ཐུན་ཆེན་རེ་འཐུང་། ཟས་ཟོས་རྗེས་སུ་འོས་འཚམས་ཀྱི་ལུས་སྦྱོང་བྱ། ཁྲག་སླ་པོར་བྱེད་པའི་སྨན་ཐང་སོགས་རྒྱུན་བརྟེན་བྱ། ལོ་ལྟར་དཔྱིད་དུས་སུ་ཁྲག་གཏར་ན་ཁྲག་རྩའི་ནང་གི་སྙིགས་མ་རྣམས་དག་ནུས་སོ། །

     ཀླད་ཁྲག་འགག་པ། སྔོན་གྱི་དུས་སུ་གཟའ་གྲིབ་ཡིན་པ་ངོས་འཛིན། རྒྱ་སྐད་དུ་脑梗塞 ཟེར། དེ་ནི་མགོའི་འཕར་རྩ་ནང་གི་ཁྲག་གར་པོ་འདག་ཅན་དུ་གྱུར་པས་དེའི་རྐྱེན་གྱིས་ཁྲག་རྩ་སྲ་པོར་ཆགས་ཤིང་། ཁྲག་རྩའི་ནང་གི་སྐྱི་མོ་ལ་སྣད་སྐྱོན་ཐེབས་ཏེ་རྩ་སྦུབས་དོག་མོར་གྱུར། རྒྱུ་རྐྱེན་སྣ་ཚོགས་པའི་དབང་གིས་ཁྲག་རྩའི་ནང་དུ་ཁྲག་ལྷོ་ཆགས་ཏེ། འཕར་རྩ་ཇེ་དོག་ཏུ་འགྱུར་བ་དང་། ཡང་ན་མགོ་བོའི་ཁྲག་རྩ་ལ་རླུང་ཁྲག་གི་རྒྱུ་བ་འགག་སྟེ། མགོ་བོའི་ནང་དུ་ཁྲག་དང་། རླུང་གིས་མ་འདང་པས་ཀླད་པའི་ནུས་པ་ཉམས། དེའི་རྐྱེན་གྱིས་རྩ་དཀར་ཀྱི་བྱེད་ལས་ཉམས་པར་བྱེད་པའི་མགོ་བོའི་ཁྲག་རྩའི་ནད་རིགས་ཤིག་རེད། 

     ནད་ཀྱི་རྒྱུ་རྐྱེན། ཁྲག་རྩ་འགག་པའི་ནད་ཀྱི་རྒྱུ་རྐྱེན་གཙོ་བོར། ཁྲག་ཤེད་མཐོ་བ། སྙིང་རྩའི་ནད། གཅིན་མངར་མོའི་ནད། ཤ་རྒྱགས་ཆེས་པ། ཁྲག་གི་སྣུམ་རྩི་མང་ཆེ་བ། ཤ་ཚོན་པོ་ཟ་མང་བ་སོགས་དང་། རིགས་བརྒྱུད་ལས་བྱུང་བའི་ནད་པ་ཡང་མང་པོ་ཡོད་པ་རེད། ནད་འདི་མང་ཆེ་བ་ལོ་རྒས་པ་དང་ལོ་ཁྲེབ་ཅན་ལ་འབྱུང་བ་མང་། །

     ནང་གསེས་ཀྱི་དབྱེ་བ་ལ།    ༡ འཕར་རྩ་འདག་ཅན་སྲ་མཁྲེག་གྱུར་པ་(动脉粥样硬化)ནི་ཁྲག་རྩ་འགག་པའི་ནད་འདིའི་འབྱུང་རྐྱེན་གཙོ་བོ་ཞིག་ཡིན། འཕར་རྩ་འདག་ཅན་སྲ་མཁྲེག་གྱུར་པའི་རྒྱུ་རྐྱེན་ནི།  རྒྱུན་དུ་ཁྲག་ཤེད་མཐོ་བ་དང་། འཕར་རྩ་འདག་ཅན་སྲ་མཁྲེག་གྱུར་པའི་ནད་གཉིས་ནི་རྒྱུ་འབྲས་ཀྱི་འབྲེལ་བ་ཡིན། གཞན་ཡང་གཅིན་མངར་མོའི་ནད་དང་། ཁྲག་གི་སྣུམ་རྩི་ཆེ་བ་རྣམས་ཀྱིས་ཀྱང་འཕར་རྩ་འདག་ཅན་སྲ་མཁྲེག་ཅན་དུ་འགྱུར་བའི་རྐྱེན་བྱེད་ཅིང་ཡོད་པ་རེད།

   ༢ ཁྲག་གི་ཕྲ་ཕུང་དམར་པོ་མང་དུ་འཕེལ་བ་དང་། ཁྲག་རིལ་མང་བ། རིམ་བཞིན་ཁྲག་རྩའི་ནང་ཁྲག་འདག་ཆགས་པ། མགོའི་ཁྲག་རྩ་དང་ཤ་མཇིང་ལ་ཉ་བརྣངས་པ་དང་རྩ་འགྱུར་བ། ཁྲག་འདག་འགོག་པའི་ཁྲག་རྫས་མ་འདང་པ་སོགས་ཀྱིས་འཕར་རྩ་འདག་ཅན་སྲ་མཁྲེག་ཅན་དུ་འགྱུར་ཞིང་ཡོད་པ་རེད།  

  ནད་རྟགས་གཙོ་བོ། ནད་འདི་འབྱུང་བའི་སྔ་ལྟས་སུ་ལུས་ནད་རྟགས་གང་འབྱུང་ནི་གོང་དུ་ཀླད་ཁྲག་འདྲེས་པའི་རྣམ་བཤད་སྐབས་སུ་བཤད་པ་དང་ཕལ་ཆེར་གཅིག་མཚུངས་ཡིན།   

     ཟས་སྤྱོད་སྤང་བླང་སྐོར། ༡ སྤང་བྱའི་ཟས་རིགས། ནད་པ་ཤ་རྒྱགས་པ་ཡིན་ན་བཟའ་ཚོད་ཉུང་དུ་གཏོང་བ་དང་། ལུས་ཀྱི་ལྗིད་ཚད་ཚོད་འཛིན་བྱ། སྣུམ་ལྡན་ཟས་རིགས་ཉུང་ཙམ་དང་ཡང་ན་གཏན་ནས་མི་བཟའ། དཔེར་ན། ཤ་ཚོན་པོ་སྤྱི་དང་། ཕག་ཤ ཟོག་ཤ ལུག་ཤ་ཚོན་པོ་རྣམས་དང་། སེམས་ཅན་ཀྱི་ནང་ཆ་དཔེར་ན། གློ་བ་དང་། མཆིན་པ། རྒྱུ་མ། གྲོད་པ། མཁལ་མ། མཚེར་པ་སོགས་ནང་ཆའི་རིགས་དང་། ཁྲག་རིགས། སྣུམ་བརྔོས་ཚལ་རིགས་སོགས་ནི་ཁྲག་རྩའི་ནང་དུ་ཁྲག་སྙིགས་འཁར་ནས་འཕར་རྩ་སྲ་མཁྲེག་ཅན་དུ་འགྱུར་བའི་རྐྱེན་གཙོ་བོ་ཞིག་ཡིན། ལྷག་པར་དུ་ཟས་རིགས་གང་གི་ནང་ལ་ཚྭ་འདེབས་རྒྱུ་སྤང་དགོས། ལན་ཚྭས་ཁྲག་ཤེད་མཐོ་བ་དང་། ཁྲག་རྩ་ལ་སྐྱོན་བྱེད་ཅིང་ཡོད་པ་རེད། 

  ༢ སྤང་བྱའི་སྤྱོད་ལམ། ངལ་རྩོལ་ཆེས་དྲག་པ། མཚན་མོ་གཉིད་ཆག་པ། ཁོང་ཁྲོ་ལང་བ། བཤང་གཅིན་ནན་གྱིས་བཙིར་བ་སོགས་དྲག་ཤུལ་གྱི་ལས་རྣམས་སྤང་དགོས། 

   ༡ བླང་བྱའི་ཟས་སྐོམ། སྤྲི་དཀར་རིགས་ཀྱི་བཟའ་ཆས་གང་འཚམས་བཟའ་ཆོག་པའི་རིགས་ནི། འོ་མ་སྣུམ་མེད། བྱ་ཤ། ཉ་ཤ བྱ་སྒོང་། ཟོག་ཤ་ཚིལ་མེད་བཅས་སོ། 

     མང་དུ་ཟ་འོས་པའི་ཟས་རིགས། སྔོ་ཚལ་དང་། ཤིང་ཏོག་བཅུད་རྫས་རིགས་མི་འདྲ་བ་སྣ་ཚོགས་མོད་པོ་ཡོད་པའི་ཟས་རིགས་རྣམས་ཏེ། དཔེར་ན། སྐྱུ་རུའི་འབྲས་བུ་དང་། ཐྲུ་མ་ཐྲོ་(西红柿)ལྟ་བུ་བཅུད་རྫས་C. མང་བའི་རིགས་དང་། དེ་བཞིན་དུ། ཏུའུ་ཧྥུ་སོགས་སྲན་མས་བཟོས་པའི་ཟས་རིགས་དང་། འོ་མ། བྱ་སྒོང་རིགས་སོགས་བཅུད་རྫསB6. མང་བའི་ཟས་རིགས། བྲ་བོ་དང་། གྲོ་དང་། མ་རྨོས་ལོ་ཏོག ཉི་མ་མེ་འབྲས། ཁམ་འབུ་སྟར་ཀ ཁམ་འབྲས་སོགས་བཅུད་རྫས་E. མང་བའི་ཟས་རིགས་དང་། ཕྱི་རྒྱལ་གྱི་ཨོ་ལི་པུ་སྣུམ་སོགས་ནི་འཕར་རྩ་འདག་ཅན་སྲ་མཁྲེག་འགྱུར་བའི་ནད་རིགས་ལ་ཕན་ཞིང་བཟའ་འོས་པའི་རིགས་རྣམས་སོ།  

 ༢ བླང་བྱའི་སྤྱོད་ལམ། སྤྱོད་ལམ་དལ་བུས་འགྲོས་ཀྱིས་རྩོལ་བ་གང་འཚམས་རེ་བཅག དཔེར་ན། ཉིན་ལྟར་གླིང་བསྐོར་སོགས་རྟེན་ལ་བསྐོར་བ་ལུས་ཟུངས་ཀྱི་ཚོད་དང་བསྟུན་པ་བྱ། འོན་ཀྱང་ཕྱག་འཚལ་བ་སོགས་གཡོ་འགུལ་དྲག་པོའི་ལུས་རྩལ་གྱི་རིགས་རྣམས་སྤང་དགོས། 

  སྔོན་འགོག་གི་སྨན་དཔྱད། བོད་སྨན། ཟས་ཟོས་པའི་རྗེས་སུ་བདུད་རྩི་སུམ་སྦྱོར་དང་།   སྐྱུ་རུ་ཉེར་ལྔ།  འབྲས་བུ་སུམ་ཐང་།   ཁྲག་དྭངས་ལྔ་པ་རྣམས་ཉུང་ཙམ་རྒྱུན་རིང་བསྟེན་ན་ཁྲག་དྭངས་ཤིང་། ཁྲག་རྩ་མཉེན་པོར་བྱེད་ནུས། 

    ཞེས་ཤར་དཔལ་སྤུངས་པའི་གསོ་རིག་སྨྲ་བ་རྒྱལ་ཁམས་པ་ཐུབ་བསྟན་ཕུན་ཚོགས་དེས། རང་གཞན་ཀུན་ལ་ཕན་པའི་ལྷག་བསམ་གྱིས་ཕུལ་བའོ། །


  • 顶 0