གསོ་བ་རིག་པའི་སྐོར་གྱི་དྲི་བ་དྲིས་ལན།

2019-04-11
0

༡.གཙང་སྟོད་དར་མ་མགོན་པོ་ནི་དུས་གང་གི་མཁས་དབང་ཡིན་པ་དང་ཁོས་མཛད་པའི་སྨན་གཞུང་གང་དག་ཡོད།

ལན།  གཙང་སྟོད་དར་མ་མགོན་པོ་ནི་དུས་རབས་བཅུ་གཅིག་པ་ཡས་མས་སུ་གཙང་གི་སྟོད་ཀྱི་ཆར་འཁྲུངས་ཤིང་།  མང་ཡུལ་གུང་ཐང་སྐྱིད་གྲོང་ནས་ཆུ་མོ་ལུག་གི ༡༠༤༣ ལོར་སློབ་མའི་དོན་དུ་ཟིན་ཏིག་དང་བུའི་དོན་དུ་ཡང་ཏིག་མཛད་པ་དང་།  ཉིད་ཀྱི་སློབ་རྒྱུད་དུ་བོ་དོང་རོག་ཚོའི་སྐོར་ན་མང་བར་གྲགས་སོ།།

༢.བཙའ་བའི་ཐབས་ཅི་ལྟར་ཡིན།

ལན།  སྨན་པས་མ་བུ་གཉིས་ཀ་འཚོ་ཞིང་སླར་བདེ་ཐང་ཡོང་བའི་ཆེད་དུ་མགྱོགས་སྨན་སྟེར་བ།  རླུང་སེལ་བའི་དུད་པས་བདུག་པ་སོགས་གོམས་སྲོལ་ལྟར་གྱི་སྐྱེ་བསུའི་བྱ་བ་གང་ལ་དེ་འཚམས་བྱེད་དགོས་པའི་ཐོག་དེ་སྔོན་བུད་མེད་ཕྲུ་གུ་བཙའ་མྱོང་བའམ་སྐྱེ་བའི་གཡོག་བྱས་པའི་མྱོང་བ་དང་ལྡན་པ་དག་གིས་མཐའ་བསྐོར་ཞིང་སྐྱེ་བའི་གྲོགས་བྱས་ཏེ་ཉལ་ལུགས་དང་བཙིར་ལུགས་སོགས་གང་ལ་ཇི་དགོས་ཀྱིས་བསླབ་བྱ་དང་ལྡན་པའི་སྒོ་ནས་བཙའ་བར་བྱ་དགོས་ལ།  བཙའ་པའི་རྗེས་སུ་ཡང་ལྟེ་བ་གཅོད་པ་སོགས་མན་རྒྱུད་བྱིས་པ་ཉེར་སྤྱོད་སྐབས་ཀྱི་ལག་ལེན་རྣམས་ཚུལ་བཞིན་བྱེད་པ་བཅས་ལ་བརྟེན་ནས་སྲོག་དང་བྲལ་བ་འདྲ་བའི་བྱིས་པ་བཙའ་བའི་ནད་ཀྱི་སྡུག་བསྔལ་མི་བཟད་པ་དེ་ལས་སྐྱོབ་པའི་ཆེད་དུ་སྐྱེ་མཇུག་གི་ཚད་པ་མི་འབྱུང་བའི་སྨན་དང་།  ཚད་རླུང་བྱེ་བའི་སྨན།  རླུང་སེལ་བའི་སྨན་སྟེར་བ་སོགས་ཀྱི་སྨན་བཅོས་བྱེད་དགོས་པ་དང་།  མའི་ལུས་སྟོབས་ཉམས་པ་སླར་གསོས་པའི་ཆེད་དང་ནུ་ཞོ་འཕེལ་བའི་ཆེད་དུ་དུས་དང་ཚོད་ཤེས་པའི་སྒོ་ནས་ཟས་སྐོམ་དྲོ་ཞིང་བཅུད་དང་ལྡན་པའི་ཚས་ཀྱིས་གསོ་བར་བྱ་དགོས་པ་ཡིན་ནོ།།

༣.བད་ཀན་ལྕགས་དྲེག་གི་ནད་འགྱུར་ངོ་བོ་དང་ནད་རྟགས་ཅི་ལྟར་ཡིན།

ལན།  ལྕགས་དྲེག་ཅེས་བྱ་གོང་ལྟར་རྟེན་དང་མ་གོམས་མི་འཕྲོད་ངོ་བོ་བཞིའི།།  མ་ཞུ་བས།།  བེ་སྣབས་འཕེལ་ཏེ་ཕོ་བའི་ནང་སུལ་ལ།།  ལྕགས་དྲེག་ཆགས་པས་ཕོ་བའི་མེ་དྲོད་ཉམས།།  སྒྲེག་འཚིང་ཕོ་བ་ཐམས་ཅད་ཧྲེམ་མེ་ན།།  དང་ག་མི་བདེ་ཤ་སྐམ་སྡོད་སྙིང་འདོད།།  བེ་སྣབས་བད་ཀན་ཁ་ཟས་སོས་ཚད་སྐྱུག།

༤.བད་ཀན་ནད་ཀྱི་རྩ་རྒྱུད་འགྱུར་བའི་འཆི་རྩ་ཅི་ལྟར་ཡིན།

ལན།  གོང་སྨན་པའི་རྩའི་སྟོང་ཐུན་ལས།།  ཐིགས་ཟགས་ཆུ་ཡི་གཞུག་འདྲ་བ།།  སྔ་ཟགས་ཕྱི་ཟགས་མི་སྙོམས་ཅན།།  བུལ་བར་འཕར་རྗེས་འཕར་འཕྲོ་འདར།།  བད་ཀན་ནད་ཀྱི་འཆི་རྩ་ཡིན།།

༥.གཏེར་སྟོན་རྡོར་འབུམ་ཆོས་གྲགས་ནི་ཡུལ་གང་དུ་དུས་ནམ་ཞིག་ལ་འཁྲུངས་པ་དང་།  ཁོང་གིས་གཏེར་ནས་བཏོན་པའི་གཞུང་གང་དག་ཡོད།

ལན།  མར་པ་དང་དུས་མཚུངས་སུ་ཡུལ་མངའ་རིས་སུ་འཁྲུངས།  འདིས་བྱང་མཐའ་འདུལ་པྲ་དུན་རྩེའི་གཙུག་ལག་ཁང་གི་རྟ་མགྲིན་ཟིལ་མནོན་གྱི་ཐུགས་ཀ་ནས།  གསོ་དཔྱད་བདུད་རྩི་བུམ་ཆེན་གྱི་རྩ་བ་དང་།  བྱམས་སྤྲིན་རྡོ་སྐུའི་འོག་ནས་ཁ་བསྐོང་ཟུར་བཀོལ་འགའ་ཞིག་དང་།  གུར་ཆུང་མགོན་པོའི་ཐུགས་ཀ་ནས་བདུད་རྩི་བུམ་ཆུང་གི་སྐོར་རྣམས་སྤྱན་དྲངས་པའོ།།

༦.འདྲ་དཔེ་ཕུང་པོའི་གནས་ལུགས་བསྟན་པའི་དགོས་པ་གང་ཡིན།

ལན།  མིའི་ལུས་དེ་ཡི་དབྱིབས་དང་བྱེད་ལས།  གནད་ཆེ་ཆུང་གི་གོ་རིམ་བཅས་པ་གང་དང་གང་འདྲ་བའི་དཔེ་དང་སྦྱར་ནས་ལུས་སྟོད་སྨད་ཕྱི་ནང་གི་ཆ་ཤས་རྣམས་ཀྱི་ནང་ནས་ལུས་དང་སྲོག་འཚོ་བར་བྱེད་པ་ལ་ཕན་གནོད་མཐུ་ཆེ་ཆུང་གི་དབྱེ་བ་དང་།  གཉན་པའི་གནད་གཙོ་ཆེ་ཆུང་གི་བྱེ་བྲག་རྣམས་ཤེས་པར་བྱ་བའི་ཆེད་དུའོ།།

༧.བད་ཀན་མེ་ཉམས་ཀྱི་ནད་འགྱུར་ངོ་བོ་དང་ནད་རྟགས་ཅི་ལྟར་ཡིན།

ལན།  བད་ཀན་མེ་ཉམས་གྲང་རླུང་ཤས་ཆེ་ལ།།  ཁ་ཟས་འཇུ་དཀའ་བསིལ་ཕྱོགས་ཚད་ལས་ཐལ།།  གོས་སྲབ་ལུས་གྲང་ཆུ་ཡི་ལས་མང་བྱས།།  ཚད་གཞུག་བསིལ་ཐལ་སྦྱོངས་གཏར་དྲགས་པ་ཡིས།།  མཁྲིས་པ་འཇུ་བྱེད་མེ་མཉམ་རླུང་མཐུ་ཉམས།།  ལུས་ཀྱི་དྲོད་ཆུང་ཁ་ཟས་འཇུར་མི་འདོད།།  སྦོ་འཁྲོག་འཚིང་སྒྲེག་ཁ་ཟས་མ་སྨིན་འཁྲུ།།  སྟོབས་ཆུང་ཤ་སྐམ་མཇུག་ཏུ་དམུ་སྐྲན་འགྱུར།།

༨.རླུང་མཁྲིས་ལྡན་པའི་ནད་ཀྱི་རྩ་རྒྱུད་འགྱུར་བའི་འཆི་རྩ་ཅི་ལྟར་ཡིན།

ལན།  གོང་སྨན་པའི་རྩའི་སྟོང་ཐུན་ལས།  ཉ་གཞུག་དག་ནས་བཟུང་བ་ལྟར།།  དང་པོ་འདར་ཞིང་རྒྱུག་པ་ལ།།  དེ་རྗེས་སྟོང་ཞིང་དལ་བ་ཅན།།  རླུང་མཁྲིས་ལྡན་པའི་འཆི་རྩ་ཡིན།།

༩.དཔལ་ལྡན་རྒྱུད་བཞིའི་འབྱུང་ཁུངས་ཀྱི་ཐད་ལ་བཞེད་པ་མི་འདྲ་བ་གང་དག་ཡོད།

ལན།  དང་པོ་ནི་བྱེ་བྲག་བཤད་མཛོད་ཆེན་མོའི་ལུང་ལྟར་སྟོན་པ་སྨན་པའི་རྒྱལ་པོའི་སྐུར་བཞེངས་ཏེ་སྤྲུལ་པའི་གྲོང་ཁྱེར་ལྟ་ན་སྡུག་ཏུ་རྒྱུད་བཞི་གསུངས་པར་འདོད་པ་དང་།  གཉིས་པ་ནི་རྒྱུད་བཞིའི་ནང་།  སྔོན་གྱི་དུས་སུ་ལྷ་དང་ལྷ་མིན་གྱིས།  ཞེས་པའི་རིག་བྱེད་ཀྱི་གཏམ་རྒྱུད་ཡོད་པས་སྟོན་པའི་གསུང་ཡིན་པར་འདོད་པ།  གསུམ་པ་ནི་ཐང་ཡིག་སོགས་སུ་རྒྱ་ནག་ནས་བསྒྱུར་བར་འདོད་པ།  བཞི་པ་ནི་བེེ་རོ་རྒྱ་གར་དུ་ཕེབས་ནས་པཎ་ཆེན་ཙནྡྲ་དེ་ཝ་ལ་རྒྱུད་བཞི་ཞུས་ཏེ་ཕྱིར་ཕེབས་དུས་གཡུ་ཐོག་རྒྱ་གར་དུ་ཕེབས་པ་དང་མཇལ་ནས་གཡུ་ཐོག་གིས་བདག་རྒྱ་གར་ནས་མ་འཁོར་བར་རྒྱུད་བཞི་གཏེར་དུ་སྦོས་ཞེས་བཻ་རོས་ཞུས་ནས་གཏེར་དུ་སྦོས་པར་འདོད་པ།  ལྔ་པ་ནི་གཡུ་ཐོག་ངོ་མས་སློབ་དཔོན་ཙནྡྲ་དེ་ཝའི་དྲུང་ནས་རྒྱུད་བཞི་ཆ་ལག་ཁ་སྐོང་དང་བཅས་པ་ཞུས་པར་འདོད་པ།  དྲུག་པ་ནི་སློབ་དཔོན་པདྨ་དང་ཁ་ཆེ་ཟླ་དགའ།  བེེ་རོ་གསུམ་གྱིས་མཛད་པར་འདོད་པ།  བདུན་པ་ནི་གྲ་པ་མངོན་ཤེས་དང་།  དབུས་པ་དར་གྲགས།  རོག་སྟོན་དཀོན་མཆོག་སྐྱབས་གསུམ་གྱིས་སྐྱིད་སྨད་ཚར་པ་སྣའི་རི་གདོང་དུ་མཛད་པར་འདོད་པ།  བརྒྱད་པ་ནི་གཡུ་ཐོག་ཡོན་ཏན་མགོན་པས་མཛད་དེ་འཕྲལ་གཏེར་དུ་སྦས་པར་འདོད་པ།  དགུ་པ་ནི་བོན་གྱི་འབུམ་བཞི་ལས་བྱུང་བར་འདོད་པ།  བཅུ་པ་ནི་རྒྱ་གཞུང་ཡན་ལག་བརྒྱད་པ་ལས་བྱུང་བར་འདོད་པ།  བཅུ་པ་ནི་བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱིས།  བོད་སྨན་མཁས་པའི་བརྩམས་པའི་རྒྱུད་བཞིར་བསླབ།  ཅེས་བོད་སྨན་མཁས་པས་མཛད་པའི་བསྟན་བཅོས་སུ་འདོད་པ་བཅས་སོ།།

༡༠.བཤད་རྒྱུད་དང་མན་ངག་རྒྱུད་ལས་བསྟན་པའི་ལུས་ཀྱི་འདྲ་དཔེ་ལ་རྩ་བའི་ཁྱད་པར་གང་ཡོད།

ལན།  བཤད་རྒྱུད་དུ་བྱེད་ལས་དང་གནད་ཆེ་ཆུང་གཙོ་བོར་བཟུང་ནས་བསྟན་པ་དང་།  མན་ངག་རྒྱུད་དུ་དབྱིབས་དང་བྱེད་ལས་གཉིས་གཙོ་བོར་བཟུང་ནས་བསྟན་པར་འདོད་དོ།།

༡༡.  བད་ཀན་མགུལ་འགགས་ཀྱི་ནད་འགྱུར་ངོ་བོ་དང་ནད་རྟགས་ཅི་ལྟར་ཡིན།

ལན།  བད་ཀན་མགུལ་འགགས་ཞེས་པ་ཕོ་བ་དང༌།།  བྲང་དང་གློ་བར་བད་ཀན་རྒྱས་པ་ཡིས།།  བད་ཀན་རླངས་པ་གློ་ཡུ་མིད་པར་ཆགས།།  དཔེར་ན་དོང་བའི་ལོགས་ལ་ཟོ་ཆགས་འདྲ།།  དེས་རྐྱེན་མིད་པ་འཆུས་ནས་ཟས་མིད་དཀའ།།  དབུགས་རྔུབ་མི་བདེ་ཤ་སྐམས་ལུས་སྟོབས་འཆོར།།  ཟས་སྐོམ་མེད་པས་ཕོ་བ་ཆ་ནས་རུབ།།  མཇུག་ཏུ་མིད་པ་འགགས་ནས་འཆི་བ་ཡིན།།

༡༢.བད་རླུང་ལྡན་པའི་ནད་ཀྱི་རྩ་རྒྱུད་འགྱུར་བའི་འཆི་རྩ་ཅི་ལྟར་ཡིན།

ལན།  གོང་སྨན་པའི་རྩའི་སྟོང་ཐུན་ལས།  བྱེའུ་མཆིལ་པས་སྒུམ་འཐུ་ལྟར།།  རྩ་རྒྱུད་ཐུང་འཇམ་ཅན་འཕར་རྗེས།།  ཅུང་ཟད་འཕར་སྙམ་བྱེད་ཅིང་འདར།།  བད་རླུང་ལྡན་པའི་ནད་ཀྱིས་འཆི།།

༡༣.ལུས་སྤྱིའི་ཚིགས་ཀྱི་གནས་ལུགས་གསལ་པའི་དཔེ་རིས།

༡༤.ལུས་སྤྱིའི་ཆུ་རྒྱུས་ཀྱི་གནས་ལུགས་གསལ་པའི་དཔེ་རིས།

༡༥. ལུས་སྤྱིའི་ཆུ་རྒྱུས་ཀྱི་གནས་ལུས་གསལ་པའི་དཔེ་རིས།


  • 顶 0