དུས་རྒྱུན་ནང་སྔ་ལངས་བྱས་ན་དགེ་མཚན་ཤིན་ཏུ་མང་།

2019-04-11
0

 འཛམ་གླིང་ཐོག་དབང་གྲགས་ཆེ་བའི་རིག་གཞུང་ལས་ཁུངས་འགས། རྣམ་གྲངས་དུ་མས་བདེ་ཐང་སྐོར་ལ་ཞིབ་འཇུག་བྱས་རྗེས། ཞོགས་པར་སྔ་ལངས་བྱས་ན་དགེ་མཚན་མང་པོ་ཡོད་པར་བདེན་དཔང་བྱས་འདུག ཆེད་མཁས་པ་ཚོས་ཞིབ་འཇུག་བྱས་པའི་མཇུག་འབྲས་ལྟར་ན་ཞོགས་པར་སྔ་ལངས་བྱས་ན་དགེ་མཚན་བདུན་ཡོད་པར་གསུངས།

༡.རྣམ་རིག་བཀྲ་ཞིང་ལུས་ལ་ངལ་དུབ་མེད་པ། 

ཞིབ་འཇུག་བྱས་ནས་ཤེས་གསལ་ལྟར་ན། སྔ་ལངས་མཁན་དུས་རྒྱུན་མལ་ལས་ལངས་པར་མགྱོགས་ལ། རྣམ་རིག་དྭངས་ཤིང་བློ་རིག་གསལ། བློ་རིག་གྲིམ་གྲིམ་བྱེད་དགོས་པའི་བྱ་བ་དང་སློབ་སྦྱོང་ལ་མྱུར་དུ་རིག་པ་བསྒྲིམས་ནས་འཇུག་ཐུབ་པར་མ་ཟད། ལས་ཞུགས་སྐབས་ངལ་དུབ་ཀྱི་རྣམ་པ་མེད་ལ། བྱ་བའི་ལས་ཆོད་ཡང་གཞན་ལས་བཟང་།

༢.སློབ་སྦྱོང་གི་སྦྱང་འབྲས་གཞན་ལས་འབུར་ཐོན་ཡིན། 

 ཨ་མེ་རི་ཁའི་ཏུ་ཁི་ས་སི་(德克萨斯大学)སློབ་ཆེན་གྱིས་ཞིབ་འཇུག་རྣམ་གྲངས་ཤིག་ལས་ཤེས་གསལ་ལྟར་ན། སྔ་ལངས་ལ་དགའ་བའི་སློབ་ཆེན་སློབ་མའི་སྦྱང་འབྲས། མཚན་གང་མི་གཉིད་མཁན་གྱི་སློབ་མ་དག་གི་སྦྱང་འབྲས་ལས་ལྡབ་བརྒྱ་ཆ་གཅིག་ལས་བཟང་། ཞིབ་འཇུག་འགན་ཁུར་མི་སྣས་བཤད་པ་ལྟར་ན། སྔ་ལངས་ལ་དགའ་བའི་སློབ་མ་ཚོ། རང་གི་འཚོ་བ་ལ་འཆར་གཞི་དང་བཀོད་སྒྲིག་ལྡན་ལ།དུས་ཐོག་ཏུ་སློབ་ཐུན་འཚོགས་ཐུབ་ལ། རང་འགུལ་དགོས་སློབ་སྦྱོང་བྱེད་མཁས།དེ་མིན་མཚན་གང་མ་གཉིད་མཁན་ལྟ་བུའི་བདེ་ཐང་མིན་པའི་གནད་དོན་ཡང་མེད།

༣.བྱ་བ་སྒྲུབ་སྐབས་ཞིབ་ཚགས་ལྡན་ལ་བྱ་བར་འགན་ཁུར་གྱིན་ཡོད། 

 ཞིབ་འཇུག་བྱས་ནས་ཤེས་གསལ་ལྟར་ན། སྔ་ལངས་མཁན་གྱི་མིའི་རིག་པ་དྭངས་ཤིང་གསལ་ལ། བྱ་བ་གང་དང་འཕྲད་རུང་ཞིབ་ཚགས་ངང་ཐག་གཅོད་བྱེད་མཁས།བྱ་བ་སྒྲུབ་སྐབས་གཞན་ལས་ཡིད་ཆེས་དང་སྙིངས་སྟོབས་ལྡན་ཡོད། ཁོ་ཚོའི་བྱ་བའི་ལས་ཆོད་ཧ་ཅང་མཐོ་ལ། རྩ་འཛུགས་ཀྱི་རང་བཞིན་ཆེ།ལས་ཀའི་ཁ་ཕྱོགས་གསལ་བོ་ཡོད། ཞིབ་ཕྲའི་བྱ་བ་སྒྲུབ་སྐབས་གཞན་ལས་ཞིབ་ཚགས་ལྡན་ལ་བློ་རིག་གསལ།

༤.ཉིན་དཀར་ལས་ཆོད་གཞན་ལས་མཐོ། 

མཚན་གང་མི་གཉིད་མཁན་གྱི་མི་དག་ཉིན་དཀར་གཉིད་ནས་རྨི་ལམ་འགྲིམ་སྐབས། སྔ་ལངས་ལ་དགའ་བའི་མི་རྣམས་ཀྱིས་ཞོགས་པར་ལུས་རྩལ་སྦྱང་བ་དང་།ཞོགས་ཟས་གསོལ་བ་སོགས་སྔ་ས་ནས་བྱ་བ་མང་པོ་ཞིག་སྒྲུབ་ཚར་ཡོད། ཉིན་དེར་ངེས་པར་སྒྲུབ་དགོས་པའི་བྱ་བ་དག་བསྒྲུབ་མགོ་རྩོམ་གྱིན་ཡོད། གཞན་ཡང་བྱ་བ་གལ་ཆེན་དག་འགོར་འགྱངས་མེད་པར་འཆར་གཞི་ལྟར་ལག་བསྟར་བྱེད་ཐུབ་ཀྱིན་ཡོད།

༥.གཞན་ལས་བདེ་སྐྱིད་ལྡན། 

 ཁེ་ན་ཏའི་ཏོ་ལུན་ཏོ་(加拿大多伦多)སློབ་ཆེན་གྱི་ཞིབ་འཇུག་མི་སྣས་ཤེས་གསལ་ལྟར་ན། ལོ་ཚོད་གང་གི་སྐབས་ཡིན་རུང་། སྔ་ལངས་བྱས་ན་སེམས་ཁམས་སྔར་ལས་སྐྱིད་པོ་ཡོང་བར་ཕན་ཐོགས་ཡོད་པར་མ་ཟད། རང་ཉིད་ལ་བདེ་ཐང་གི་ཚོར་སྣང་གསར་བ་སྦྱིན་ཐུབ།བདེ་ཐང་གི་འདུ་ཤེས་ཀྱང་གཞན་ལས་ཇེ་བཟང་དུ་འགྲོ་ཐུབ།

༦.དོགས་འཚེར་སེམས་ནད་འབྱུང་ཉེན་ཆུང་། 

 ཞིབ་འཇུག་བྱས་ནས་ཤེས་གསལ་ལྟར་ན། སྔ་ལངས་ལ་དགའ་བའི་མི་རྣམས་ཀྱིས་བྱ་བ་སྒྲུབ་པར་གོ་རིམ་ཧ་ཅང་ལྡན། སྔོན་ནས་བྱ་བར་གྲ་སྒྲིག་ཡག་པོ་ཡོད། བྱ་བ་གང་སྒྲུབ་རུང་བྲེལ་ཚུབ་མེད་པར་སྒྲུབ་ཀྱིན་ཡོད། དེས་ཕྱིར་ནམ་རྒྱུན་སེམས་ཁམས་དྭངས་ལ་སྤྲོ་སྐྱིད་ལྡན། དེ་ལས་ལྡོག་སྟེ་མཚན་གང་མི་གཉིད་མཁན་དག་ལ་དོག་འཚེར་སེམས་ནད་ན་ཉེན་ཆེ་ལ། མཚན་མོ་མ་གཉིད་སྟབས་ཀྱིས་ལུས་སེམས་ཀུན་ལ་བདེ་ཐང་མིན་པའི་ནད་རྟགས་མང་།

 ༧.གཞན་ལ་མཐུན་ཞིང་མི་ཚེར་དོན་སྙིང་ལྡན། 

 ཤེས་ནུའུ་སློབ་ཆེན་(悉尼大学)གྱི་སེམས་ཁམས་རིག་པའི་སྡེ་ཁག་གིས་ཞིབ་འཇུག་བྱས་ནས་ཤེས་གསལ་ལྟར་ན། སྔ་ལངས་ལ་དགའ་བའི་མི་རྣམས་དུས་རྒྱུན་གྲོགས་ལ་མཐུན་པོ་ཡོད། ཞོགས་པའི་དུས་ཚོད་དམ་འཛིན་བྱེད་ཐུབ་པའི་མི་དེས། རང་གི་མི་ཚེ་ཡང་འཆར་གཞི་ལྡན་པའི་ངང་དམ་འཛིན་བྱས་ནས་མི་ཚེའི་དོན་སྙིང་ལེན་ཐུབ་ཀྱིན་ཡོད།


  • 顶 0