བསྟན་པ་ཕྱི་དར་ལ་སྨན་དཔྱད་བྱུང་ཚུལ།

2019-04-09
0

ལ་པའི་ཆོས་རྒྱལ་གྱི་གདུང་རྒྱུད་དྲི་མ་མེད་པ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐུ་ཚེའི་སྟོད་ལ་པཎྜི་ཏ་བྷརྨ་ཤྲཱི་ཝརྨ་དང་།སྙི་འོར་ལོ་ཙཱ་དབྱིག་གི་རིན་པོ་ཆེ་མར་པ་རིག་པ་གཞོན་ནུ་ལ་སོགས་པས།ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་དང་།རང་འགྲེལ་བསྒྱུར།སྨན་དཔྱད་གཅེས་གྲུབ་ལེའུ་སོ་གཅིག་པ་ལོ་ཙཱ་བ་བནྡེ་ཙ་གྲས་བསྒྱུར་ཏེ་གཏན་ལ་ཕབས།ལྷ་བླ་མའི་སྐུ་ཚེ་སྨད་དུ་ཉེ་བ་ན་མངའ་རིས་སྟོད་དུ་སྐུ་འཁྲུངས་པའི་སྤྲུལ་པའི་སྐྱེས་མཆོག་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ་དགུང་ལོ་བཅུ་བདུན་ཐོག་རྒྱ་གར་དུ་བྱོན་ཏེ་ལོ་བཅུའི་བར་ཤྲརྦྷ་ཀ་ར་ཝརྨ་དང་།ཇོ་བོ་ན་རོ་ར་པ་སོགས་པཎྜི་ཏ་བདུན་ཅུ་རྩ་ལྔ་བསྟེན།སྒྲ་སྐད་ཐམས་ཅད་ལ་བྱང་བར་གྱུར་ཏེ་མདོ་རྒྱུད་དགོངས་འགྲེལ་དང་བཅས་པའི་གསུང་རབས་མང་དུ་གསན་ནས་བོད་དུ་བྱོན།ལྷ་བླ་མ་ཡེ་ཤེས་འོད་ཀྱིས་དུས་ནས་བུ་ཆུང་ཉེར་གཅིག་ཕུལ་བ་དེ་རེ་རེས་གཙུག་ལག་ཁང་རེ་བཞེངས།སྐུ་གསུང་ཐུགས་རྟེན་དཔག་ཏུ་མེད་པ་བཞུགས་སུ་གསོལ་ཏེ་མཆོད་པ་རྒྱ་ཆེར་མཛད།རྒྱ་སྐར་རྒྱལ་ཡི་ཟེར་བའི་བུ་ཆུང་།ཀླུ་ནག་ཕྱོགས་ལ་དགའ་བ་ཞིག་གིས་རློམ་པས།ནམ་མཁའ་ལ་སྐྱིལ་ཀྲུང་འཆའ་བ་སོགས་རྫུ་འཕྲུལ་ཅན་སངས་རྒྱས་ཀྱི་བསྟན་པ་དང་ཅུང་ཟད་མི་མཐུན་པའི་ཆོས་བསྟན་པས་འགྲོ་བ་མང་པོ་བསླུ་བ་དེ་ཏིང་ངེ་འཛིན་གྱིས་མཐུས་བརྟུལའདུལ།སླར་ཁ་ཆེར་བྱོན་ནས་པཎྜི་ཏ་མང་པོ་སྤྱན་དྲངས་ཤིང་།སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་དགོངས་འགྲེལ་དང་བཅས་པ་མང་དུ་བསྒྱུར།ཁྱད་པར་དུ་གསར་བ་འདུས་པ་དང་ཡོ་ག་རྣམས་གཏན་ལ་ཕབ།སྐུ་ཚེའི་སྨད་ཇོ་བོ་རྗེ་དང་མཇལ།སྒྲུབ་པ་ཁོ་ན་མཛད་པས་དགུང་ལོ་དགུ་བཅུ་རྩ་བརྒྱད་བར་སྐུ་ལུས་མ་སྤངས་བར་མཁའ་སྤྱོད་དུ་གཤེགས་སོ།།དེ་ལྟ་བུའི་སྐྱེས་བུ་དམ་པ་བསྟན་པ་སྤྱི་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་དེས་ཁ་ཆེའི་པཎྜི་ཏ་ཛ་ནརྦྷ་ན་ལ་གསེར་སྲང་ལྔ་བརྒྱ་ཕུལ་ནས།སློབ་དཔོན་ཕ་ཁོལ་གྱིས་མཛད་པའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལེའུ་བརྒྱ་དང་ཉི་ཤུ་པ་དང་།དེའི་ཚིག་དོན་རྒྱ་ཆེར་འགྲེལ་པ་ཟླ་བའི་འོད་ཟེར་ཞེས་བྱ་བ་ཁ་ཆེ་ཟླ་བ་ལ་དགའ་བས་མཛད་པ་བཅས་ལེགས་པར་བསྒྱུར་ཞིང་གཏན་ལ་ཕབས།གཞན་ཡང་དྲང་སྲོང་འབྲས་ཀྱི་སྦྱིན་སྲེགས་པས་མཛད་པའི་རྟ་དཔྱད་ཤཱ་ལི་ཧོ་ཏྲར་གྲགས་པའི་བསྟན་བཅོས་ཀྱང་བསྒྱུར།གསོ་བ་རིག་པའི་གཞུང་ལུགས་ཕུལ་དུ་བྱུང་བའི་བསྟན་པ་ནི་འདི་སྐབས་ནས་དར་ཞིང་རྒྱས་པར་འགྱུར་བ་ཡིན་ནོ།།ལོ་ཙཱ་བ་ཆེན་པོ་དེ་ལ་གསོ་རིག་ཁོ་ནའི་སློབ་མའང་མང་དུ་ཡོད་ཀྱང་གྲགས་ཆེ་བ་ནི་མྱང་འདས་སེང་གེ་སྒྲ།ཤཀ་ཁྲི་ཡེ་ཤེས་འབྱུང་གནས།ཨོ་སྨན་ཨ་ལེ།མང་ལེ་སྨན་བཙུན་རྣམས་ཡིན་ལ།དེ་བཞི་ལ་སྨན་པ་མི་བཞི་ཞེས་གྲགས།དེ་ཡི་ནང་ནས་ཀྱང་ཨོ་ལེ་སྨན་བཙུན་མཁས་ཤིང་ཕྲིན་ལས་ཆེ་བ་ཡིན་ལ།དེ་ལ་དབུས་གཙང་གི་སྨན་པ་ཕལ་ཆེར་གྱིས་གཏུགས་ཀྱང་།ཆོས་རྗེ་རི་པ་ལ་གཞུང་ཟླ་ཟེར་དང་བཅས་པ་རྫོགས་པར་གནང་ཞིང་རི་པས་རང་གི་སྲས་བྱང་ཆུབ།ཨུ་ལང་བཀྲ་ཤིས་མཁར།དགྲ་ལས་རྒྱལ་པོ་གསུམ་ལ་བཤད།དེ་ལ་ཨུ་ལང་གཞུང་འགྲེལ་ལག་ལེན་ཀུན་ལ་མཁས་པས་འཚོ་བྱེད་གཞོན་ནུའི་སྤྲུལ་པར་གྲགས།དེའི་གཅེན་གྱི་སྲས་དཔོན་ཇོ་བཀྲ་འབུམ་དྲུང་།ཇོ་བཙུན་དང་གསུམ་རང་གི་སྲས་ཆེར་རྗེ་ཟླ་བ་དང་སྙིང་པོ་གཉིས།གཅུང་གི་སྲས་ཆེར་རྗེ་འབྲང་ཚང་དང་དྲུག་ལ་བཤད།དེ་དྲུག་ཀས་སྲས་ཚ་རྟག་རྟོག་རྒྱལ་ཇོ་འཕེན་ཇོ་གེ་གསུམ་ལ་བཤད།དེ་ཡང་རྟག་རྟོག་གྲགས་པ་ཆེ་ལ།ཇོ་འཕེན་ལུང་རྒྱུད་ལ་འདྲིས།ཇོ་གེ་གཞུང་གདམས་ངག་ལག་ལེན་ཀུན་འཇོམ་པར་བཤད།དེ་གསུམ་ཀ་ལ་ཆོས་རྗེ་ཞང་སྟོན་ཞིག་པོས་ཞུས་ཏེ་མཐར་ཕྱིན་པར་གྱུར་ནས་ཤེས་བྱ་སྤྱིའི་ཁོག་དབུབ་ལ་རྒྱལ་མཚན་རྩེ་འབར།ས་བཅད་དོན་ཁྲིག་འབྱེད་པའི་ལྡེའུ་མིག དཀའ་ཚོམ་གེགས་སེལ་གནམ་ལྕགས་འཁོར་ལོ།ཚིག་དོན་བཞི་ན་རྗེས་སུ་འགྲེལ་པ་མུ་ཏིག་ཕྲེང་བ་རྒྱས་བསྡུས་གཉིས།ལག་ལེན་དམར་ཁྲིད་རྒན་མོ་མཛུབ་ཚུགས་ཀྱི་ཚུལ་དུ་འཆད་པ་བདུད་རྩི་ཐིག་པ་རྣམས་བརྩམས།གཞུང་ལ་ནག་མཆན་ཤིན་ཏུ་གསལ་བར་བཏབ།དེ་ལ་སློབ་མ་བདེ་བ་དཔལ།ཡོན་ཏན་རྒྱ་མཚོ།གཙང་སྟོན་དར་མ་མགོན་པོ་སོགས་མང་དུ་བྱུང་།དར་མ་མགོན་གྱིས་ཀྱང་མཁས་པར་གྱུར་ནས་སློབ་མའི་དོན་དུ་ཟིན་ཏིག་དང་།བུ་དོན་དུ་ཡང་ཏིག་ཅེས་པའི་མན་ངག་བརྩམས་ཤིང་དར་བར་བྱས།བརྒྱུད་འཛིན་ནི་བོ་དོང་རོང་མཚོ་སྙེ་ཐོན་སོགས་རོང་གི་སྐོར་བ་མང་དུ་བྱུང་ངོ་།།ཡང་ལོ་ཆེན་རིན་བཟང་གི་སློབ་མ་ཞང་ཞུང་ཤེས་རབ་འོད།དེས་རྒྱ་སྟོན་ཤེས་རབ།དེས་གཡུ་ཐོག་རྒྱ་གར་བྷེ་ལ་བཤད།དེས་ས་དཔྱད་་ཡི་གེར་བཀོད།དཀའ་འཕྲང་ཆུང་བྱས།དོན་མགོ་སྟོང་ཐུན་དུ་བསྡེབས།འཁྲུགས་འབྱེད་དང་ལག་ལེན་རྣམས་ཡིག་ཆུང་དུ་བྱས་ཏེ་རྟོགས་སླ་བར་བཅོས།དེས་གཡུ་ཐོག་བརྗིད་པོ།དེས་གཡུ་ཐོག་ཁྱུང་པོ།དེས་གཡུ་ཐོག་མགོན་པོ་ལ།ཡང་ཞང་ཞུང་ཤེས་རབ་འོད་ཀྱིས་རྟོག་གྱོང་སྨན་པ་ལ་གནང་བ་ནས་གཡུ་ཐོག་མགོན་པོའི་བར་བརྒྱུད་པའང་ཡོད་དོ།།རྒྱ་གར་རྡོ་རྗེ་པཎྜི་ཏ་བ་རནྡྲ་དང་།འབུམ་ཕྲག་གསུམ་པ་ལ་ཡན་ལག་བརྒྱད་པ་རྩ་འགྲེལ་ཞུས་ནས་གཡུ་ཐོག་ཁྱུང་པོ་ལ་གནང་།དེས་གཡུ་ཐོག་མགོན་པོ་ལ་གནང་བའོ།།ཡང་ཡར་ཀླུང་དུ་སྐུ་འཁྲུངས་པ་ཞང་སྟོན་གཟི་བརྗིད་འབར་ཞེས་བྱ་བ་དེ་སྙག་སྙེ་མོ་རྒྱལ་མཚན་ལས་རབ་ཏུ་བྱུང་སྟེ་བྱམས་ཆོས་གསན།ལྡུམ་རར་རི་བོ་བྱུང་བ་ལས་རྡོ་རྒྱབ་པས་རྐང་པ་ཆག ཆག་སྦྱོར་སྐུད་པས་སོས་པ་ལ་རི་བོང་སྨན་མར་བཏགས།རྐྱེན་དེས་ཆོས་ཉན་འཕྲོ་ལ་སྨན་བསླབ་པར་དགོངས།དུས་དེ་ཙ་ན་དབུས་གཙང་ན་མཁས་པ་མི་དགུ་ཡོད་པ་ཀུན་བསྟེན་པར་དམ་བཅས་ནས།ཐོག་མར་གཡོ་སྒྱུའི་གཡའ་གྱོང་པོ།སྟོད་ལུང་གི་ལྷ་རྗེ་སུམ་སྨན།དབུ་རུའི་མཐའ་བཞི་དང་གསུམ་བསྟེན་ཀྱང་རྣམ་རྟོག་ཆོད་པར་མ་བྱུང་ནས་གཙང་དུ་ཕྱིན།གཡུ་ཐོག་རྡོ་རྗེ་ཡན་ལག་ཤིང་ཆེན་འཁོར་ལོ་མི་ཉག་ཟླ་གྲགས་ལ་སྔོ་སྦྱོར་ཆེན་མོ་སོགས།བྲང་ཏི་རྒྱལ་པོ་ལ་བྲང་ཏིའི་ལྷག་བཅོས་ཞུས།དེས་ཀྱང་རྟོག་པ་མ་ཆོད་ནས་བི་ཇི་ལྷུན་ནེ།འུག་པ་ཆོས་སེང་།ཆེར་རྗེ་སྟག་ལྷ་དགའ་གསུམ་ལ་རིམ་པར་གཏུགས་ཀྱང་ཆ་ལག་མང་ལ་གདམས་ངག་ཆུང་བར་མཐོང་སྟེ་གསེར་སྒྲུབ་ནས་རྒྱ་གར་དུ་བྱོན།ལམ་དུ་རྔོག་བློ་ལྡན་ཤེས་རབ་དང་མཇལ་ཏེ་སྒྲ་བསླབ་ནས་ན་ལེནྡྲར་ཕེབས།དེར་ཐམས་ཅད་ལ་སྨན་དཔྱད་ལ་སུ་མཁས་དྲིས་པས།དྲང་སྲོང་ཙནྡྲ་ཡི་བྱ་བ་མཁས་ཟེར།དེའི་བཞུགས་པ་འཇག་སྤྱིལ་གྱི་སྒོ་དྲུང་དུ་ཞག་བདུན་གྱི་བར་བསྡད་པས།དེ་ཙམ་གྱི་དོན་ཅི་གཉེར་གསུངས།སྨན་དཔྱད་ཤེས་རབ་འཚོལ་ལོ་ཞུས་པས་ཞལ་ལ་མཇལ་བར་ཐུགས་ཐོག་རང་ནས་ཡན་ལག་བརྒྱད་པ་ཚར་གཅིག་གསུངས།དེར་ཞང་སྟོན་རང་ཐུགས་ཚིམ་ནས་ལོག་པར་བརྩམས་པ་ན།དེས་དོན་ཇི་བཞིན་མི་ཁྲོལ་བས་དཔུང་ཤོག་གསུངས།སླར་བོད་དུ་གསེར་སྒྲུབ་ནས་བྱོན་པས་དཔེ་ཐོག་ནས་གཞུང་ཚར་གཅིག་ཁོག་དབུབ་མན་ངག་ལག་ལེན་བཅས་རྫོགས་པར་གནང་ནས་ཡིག་སྣ་ཚོམ་ལ་ཕན་སེམས་སྐྱེད་ཅིག་གསུངས།བོད་དུ་བྱོན་ནས་སློབ་མ་བསྐྱངས།གཞུང་དྲི་མེད་གཟི་བརྗིད་ལེའུ་བཞི་པ།དེའི་འགྲེལ་པ་ཟླ་བའི་འོད་ཟེར།འཇམ་འགྲེལ་དཔེ་གྲངས་ཀྱི་ཕྲེང་བ་དང་གསུམ་བརྩམས།དེ་ནས་གདམས་པ་སུམ་ཅུ་པ་རྩ་བ་སྒྲོན་མ་གསལ་བ་སྟོད་འགྲེལ་རིན་པོ་ཆེའི་སྤར་གབ།སྨད་འགྲེལ་རྒྱལ་པོའི་བང་མཛོད་རྣམས་བརྩམས་འཕྲོ་ལ་དགེ་བཤེས་རྙགས་ཀྱིས་ངན་སྨྲས་བྱས་པས་བཞག་སྟེ་ཕྱིས་ཁྲུག་སྟོན་རྒྱ་གར་རཱ་ཛས་འཕྲོ་རྩོམ་པས་ཅུང་ཞན་པར་བྱེད།ཞང་དེ་ལ་སློབ་མའི་གཙོ་བོ་ལྔ་ལས།ལྷ་སའི་བལ་ཆུང་ལ་ཕྱི་སྐོར་མ་དྲུག་དང་།ནང་སྐོར་བུ་དྲུག འོལ་ཀའི་སྦྲང་ཆུང་ལ་དཀྱུས་བཀོད་རྣམ་པ་གསུམ་ཁོང་སྙིང་དང་འདྲ་བ།བསྙལ་གྱི་རོག་ཆུང་ལ་གདམས་པ་སུམ་ཅུ་པའི་རྩ་འགྲེལ།གནས་སྐྱོང་ཤེས་རབ་ལ་དྲི་མེད་གཟི་བརྗིད་མ་བུ་རྣམས་སོ་སོར་གནང་།ཞང་གི་སློབ་མ་བཞི་དང་།སྟོད་སྨན་སྟག་ཆུང་གི་སློབ་མ་དང་སྨན་པ་ལྔ་ལ་འགྲེལ་པ་རིང་མོས་ཞུས།གདམས་ངག་སུམ་ཅུ་པའི་ཞལ་ཤེས་སོགས་མང་དུ་མཛད།འདི་སྐབས་སུ་མི་ཉག་མི་བསྐྱོད་ཀྱིས་ཁོག་དབུབ་ལེའུའི་འགྲེལ་པ་མུ་ཏིག་ཕྲེང་བ་སོགས་མཛད་དོ།།ཡང་ཚ་ལུང་པ་སྟོད་སྨན་སྟོན་ན་དཀོན་མཆོག་སྐྱབས་རྒྱ་གར་དུ་བྱོན།སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པར་གྲགས་པའི་ཤནྟི་པ་ཕྱི་མ་དང་མཇལ།ཡན་ལག་བརྒྱད་པ་རྫོགས་པར་ཞུས་ནས་བོད་དུ་ཕེབས།གཞུང་དབུ་ཞབས་ཀྱི་ས་བཅད་བསྡུས་དོན་རིན་ཆེན་དྲ་བ་ཞེས་བྱ་བ་བརྩམས་ཤིང་གཞུང་ལ་མཆན་བུ་བཏབ་ནས་གཡུ་ཐོག་མགོན་པོ་ལ་གནང་།དེ་ལྟར་གཡུ་ཐོག་མགོན་པོ་ལ་བཤད་སྲོལ་མི་འདྲ་བ་ཐམས་ཅད་ཀྱི་བཀའ་བབས་ཤིང་ཁྱད་པར་རྒྱ་གར་དུ་ལན་དྲུག་བྱོན།ཡེ་ཤེས་ཀྱི་མཁའ་འགྲོ་དཔལ་ལྡན་ཕྲེང་བ་ལ་ཡན་ལག་བརྒྱད་པ་དང་ལྕང་ལོ་ནག་པོའི་རྒྱུད་དངོས་སུ་གསན་ནས་དྲང་སྲོང་ཆེན་པོ་མངོན་སུམ་གྱི་ཚུལ་བསྟན་པར་གྱུར་པས།བརྒྱད་པའི་ཡན་ལག་བསྡུས་པ་ཞེས་བྱ་བ་དང་མདོ་གནས་ལེའུ་དང་པོའི་འགྲེལ་པ་མཐོང་བ་མེ་ལོང་ལ་སོགས་བསྟན་བཅོས་མང་དུ་མཛད་ཅིང་།གཞུང་ལ་དམར་མཆན་བཏབ་སྟེ་གསོ་དཔྱད་ཀྱི་འགྲོ་དོན་སྐྱོང་བ་བསམ་གྱིས་མི་ཁྱབ་བོ།།ཡང་མ་ར་སྒོམ་ཆེན་བུ་ཌཾཀ་ཀའི་གསལ་འབྱེད་མེ་ལོང་།གཡུ་ཐོག་བཀྲ་ཤིས་མགོན་གྱིས་ལེའུ་གྲངས་ཀྱི་བསྡུས་དོན།འཕེལ་ཟད་རོ་སྦྱོར།ནི་རུ་ཧའི་ལག་ལེན།མཚན་ཉིད་ཉི་ཤུ་ལ་སོགས་པའི་ཤོག་ཁྲ་གཡུ་ཐོག་རྒྱལ་ཚས་སྟོང་ཐུན་ཆེན་མོ་ལུང་གྲངས་ཉི་མའི་སྙིང་པོ།གཡུ་ཐོག་འབུམ་སེང་གི་སློབ་མ་ཉི་མ་དཔལ་གྱིས་གཅེས་བསྡུས་ཡིད་བཞིན་ནོར་བུ་བརྩམས་ནས་གཡུ་ཐོག་འཇམ་དཔལ་ལ་བཤད།དེས་བྲང་ཏི་རྒྱལ་བ་བཟང་པོ་ལ།དེས་དཔལ་ལྡན་འཚོ་བྱེད་ལ།དཔལ་ལྡན་འཚོ་བྱེད་ཀྱིས་བརྒྱད་པའི་ཁོག་དབུབ་གཅེས་བསྡུས་མདོ་གནས་ལེའུ་སུམ་ཅུ་པའི་ས་ལ་འགྲེལ་རྣམས་བརྩམས་ནས་བྲང་ཏི་དཔལ་ལྡན་རྒྱ་མཚོ།དཔལ་ལྡན་བློ་གྲོས།ཀུན་དགའ་བཟང་པོ།དཔལ་འབྱོར་རྒྱལ་མཚན།རྡོ་རྗེ་དཔལ་བཟང་།ཆོས་རྒྱལ་བཀྲ་ཤིས།ཀུན་དགའ་དོན་གྲུབ་རྣམས་ལ་རིམ་པར་བརྒྱུད་ནས་ཟུར་མཁར་བློ་གྲོས་རྒྱལ་པོའི་བར་བྱུང་།གཞན་ཡང་ཆེར་རྗེ་ཤཱཀྱ་དཔལ་གྱིས་ལེའུ་དང་པོའི་ཊི་ཀ་ཟླ་ཟེར་མེ་ཏོག་བྱང་མོ་ཁུག་པ་ཡེ་ཤེས་བཟང་པོ་ཊི་ཀ་ཤིན་ཏུ་རྒྱས་པ་དོན་གསལ་ཉི་སྙིང་།རྗེ་དྭགས་པོ་ཟླ་འོད་གཞོན་ནུས་བརྒྱད་པའི་དོན་བསྡུས་མཐའ་བཞི་ཤི་ལ་སམྦྷ་ཝས་ཁོག་དབུབ།མི་ཉག་རྡོ་རྗེ་འབུམ་གྱིས་ཟབ་གནད་ཟབ་འགྲེལ་ས་བཅད།ཛ་ཇོ་གཟུངས་ཀྱིས་སྤྱི་ཁོག་རབ་གསལ།ཤཱཀ་རམ་པ་ཉི་མ་དཔལ་གྱིས་བཤད་འབུམ་ཉི་འོད་དགེ་བཤེས་རོག་སྟོན་གྱི་འབུམ་ཏིག དཔལ་ཆེན་འོད་པོས་བརྒྱད་ཆུང་།རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་གསོ་དཔྱད་རྒྱལ་པོའི་དཀོར་མཛོད།རྗེས་པཎ་གྱི་བརྒྱད་པའི་དོན་བསྡུས།བཅོམ་ལྡན་གྲི་ཡི་གསོ་དཔྱད་རྒྱན་གྱི་མེ་ཏོག སྟག་ཚང་ལོ་ཙཱ་བས་ཁོག་དབུབ་ལག་ལེན་གཅེས་བསྡུས།སྟོང་སྨན་འཚོ་བྱེད་གཞོན་ནུས་བརྒྱད་པའི་དོན་བསྡུས།པཎ་ཆེན་འབུམ་ཕྲག་གསུམ་པའི་མཆན་བུ་གནས་དྲུག་པ་བློ་གྲོས་མཚུངས་མེད།སྦྱོར་ལུང་དོན་ཡོད་དཔལ་བ་རྣམས་ཀྱི་མཆན་བུ།ས་སྐྱ་སྨན་གྲོང་པའི་གསེར་བྲེ་དངུལ་བྲེ་སོགས།ཡན་ལག་བརྒྱད་པ་ལ་བརྟེན་པའི་ཡིག་ཆ་མང་དུ་བྱུང་སྣང་ངོ་།།ཡང་ལོ་ཆེན་རིན་བཟང་གིས་རྗེས་སུ་འཕགས་ཡུལ་ནས་བསྒྱུར་བའི་གསོ་དཔྱད་ལ།ཕ་དམ་པའི་མཁྱུད་སྤྱད་དཀར་ནག་ཁྲ་གསུམ།ཁྲོ་ཕུ་ལོ་ཙཱ་ཡེ་ཤེས་ཀྱི་མཁའ་འགྲོའི་ནད་སེལ་གདམས་པ།བལ་པོ་དེ་བུ་ཙདྲས་སྨན་བརྒྱུད་བདུད་རྩི་ཐིག་པ།ཐར་ལོས་ཀླུ་སྒྲུབ་ཀྱི་སྦྱོར་བ་བརྒྱ་པ།ཟླ་དགས་མཛད་པའི་སྨན་མིང་སྒྲ་སྦྱོར་ངེས་པ།གྲུབ་ཐོབ་ཨོ་རྒྱན་པས་དངུལ་ཆུའི་སྦྱོར་བ་གཞུང་སྐོར་རྣམས་སོ།།བྷ་རོ་ཕྱག་སྡུམ་བོད་དུ་ཕེབས་ནས་འགྲོ་དོན་མཛད་ཀྱང་།སྨན་དཔྱད་མཛད་པར་གྲགས་པ་རྣམས་ནི་བོད་སྨན་གྱིས་བྱས་པ་ལས་མ་འདས་སོ།།གསོ་དཔྱད་གཏེར་མའི་སྐོར་ལ་བོན་པོ་དྲག་རྩལ་གྱི་སྨན་དཔྱད་བདུད་རྩིའི་བུམ་པའི་སྐོར་རྒྱས་པ།གཏེར་སྟོན་གུང་བ་སྨན་པ་དང་།ཨ་ཡ་དཔོན་པོ་ལྷ་འབུམ།ར་མོ་ཤེལ་སྨན་རྣམས་ཀྱིས་བཏོན་པའི་སྨན་རྫས་སྲུང་བའི་སྐོར་རྣམས་དང་།རིག་འཛིན་རྒོད་ལྡེམ་གྱི་བདུད་རྩི་བུམ་ཆུང་།རྡོར་འབུམ་ཆོས་གྲགས་ཀྱི་བདུད་རྩི་བུམ་ཆེན་སྐོར་དང་།གཏེར་སྟོན་དམར་པོ་དྲངས་པའི་བདུད་རྩིའི་བཅུད་ལེན་སྐོར།མངའ་བདག་ཉང་རལ་གྱི་དཔའ་བོ་ལྷ་གསུམ་གྱི་ལས་ཚོགས་གསོ་དཔྱད་སྲུང་བའི་སྐོར།གུ་རུ་ཆོས་དབང་གི་དྲང་སྲོང་སྙིང་ཏིག རིན་པོ་ཆེའི་མཛོད་བདུད་རྩི་བུམ་པ།བདུད་རྩི་སྨན་སྒྲུབ་སྐོར།རྒྱ་བན་རྡོ་རྗེ་འོད་ཀྱི་རྟག་ངུའི་བཅུད་ལེན་ཐལ་སྨན་དྲང་སྲོང་དོན་འགྲུབ་ཀྱི་བདུད་རྩི་འཆི་སོས་རྟ་རི་མ།རརྣ་གླིང་གསང་བ་ཡོངས་རྫོགས།ཀུང་པ་སྨན་པའི་རིན་ཆེན་སྤུངས་པ།དཔོན་སྲས་ཁྱུང་རྒོད་ཀྱི་བདུད་རྩི་བུམ་པ་འབྲིང་པོ།སངས་རྒྱས་གླིང་པའི་མིག་སྨན།རིན་ཆེན་གླིང་པས་དངུལ་ཆུའི་བཅུད་ལེན།གསང་སྟོན་ཆོས་འབར་གྱིས་པདྨ་གཅེས་ཕྲེང་།སོག་སྨན་བྱང་ཆུབ་ཀྱི་ལྟེ་བཅོས།སྣ་ནམ་པས་དུག་བཅོས།ལྕེ་གཡུ་གཞེར་གྱིས་ཡན་ལག་གཏེར་སྦྲམ་སྨུག་པོ།གནུབས་སྟོན་གྱི་བྱ་འདྲེའི་བཅོས།གནམ་ཆོས་ཀྱི་གྲེ་འགག་བཅོས་སོགས།ཟབ་གཏེར་གྱི་སྨན་དཔྱད་མཐའ་ཡས་པ་ཞིག་བཞུགས་ཏེ།སྙིགས་དུས་ཀྱི་རིམས་སོགས་ལ་འདི་དག་མེད་ཀ་མེད་ལགས།གཞན་ཡང་རྟ་ཕྱུགས་ཀྱི་ནད་རིགས་རྣམས་ལའང་གཏེར་མ་རྣམས་ཁོ་ན་ཟབ་པས།དེང་སང་གསོ་རྒྱུན་ཡོད་རིགས་རིན་ཆེན་གཏེར་མཛོད་ནང་དུ་ཕལ་ཆེར་བཞུགས།


  • 顶 0