བོད་ཀྱི་ན་གཞོན་ཡིག་གཟུགས་འབྲི་མཁན་ཨ་བུ་དྲི་མེད་དབང་ཕྱུག

2020-04-29
0

བོད་ཀྱི་ན་གཞོན་ཡིག་གཟུགས་འབྲི་མཁན་ཞིག་གི་ངོ་སྤྲོད་མདོར་བསྡུས།

སྙུག་བརྩེ། དངོས་མིང་ལ་ཨ་བུ་དྲི་མེད་དབང་ཕྱུག་འབོད། ལོ་རབས་དགུ་བཅུའི་སྨད་ལ་ཁམས་བྲག་འགོའི་ཕྱོགས་ཀྱི་རོང་ཁྱིམ་ཕལ་བ་ཞིག་ཏུ་ལང་ཚོའི་མྱུ་གུ་འབུས། ཆུང་དུས་ནས་ཕ་མ་ཟུང་གི་བཀའ་དྲིན་གྱི་མཐུ་འོག་ནས་གོམ་པ་སློབ་གྲྭར་ཕྱོགས་མགོ་བརྩམས། རིམ་བཞིན་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སྒོ་ཐེམ་རྡོག་པས་མནན་ཏེ་བོད་ཀྱི་རིག་གཞུང་རྒྱ་མཚོའི་འཇིངས་བར་འབད་བརྩོན་གྱི་ཀོ་གྲུ་བཏང་། སྤྱི་ལོ། ༢༠༡༣ལོ་ནས་བཟུང་བོད་ཀྱི་ཡིག་གཟུགས་རིག་གནས་ལ་སློབ་གཉེར་བྱེད་པའི་མུ་རྒྱུན་བསྐྱངས་ཤིང་བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས་དང་སྒྱུ་རྩལ་བྲིས་གཟུགས་ཉི་ཤུ་ལྷག་ལ་བྱང་ཆ་ཐོབ། སྤྱི་ལོ། ༢༠༡༦ལོར་ཐོན་མིའི་མཛུབ་བྲིས་ཞེས་པའི་ཡིག་གཟུགས་འགྲན་བསྡུར་སྐབས་སུ་དབུ་ཅན་ཁམས་བྲིས་ལ་ཨང་དང་པོའི་བྱ་དགའ་ཐོབ་ཅིང་དེའི་སྐུལ་སློང་ལ་བརྟེན་ནས་སྤྱི་ལོ། ༢༠༡༨ལོའི་ཟླ་༩པར་ལོ་མང་སེམས་སུ་བསྙལ་བའི་ཕུགས་འདུན་གྱི་ཆེད་དུ་དབུས་ཕྱོགས་སུ་སོང་ནས་སྙེ་བྲིས་དགེ་རྒན་ཆེན་མོ་སྙེ་འཕྲིན་ལས་རྒྱལ་མཚན་མཆོག་གི་སྐུ་མདུན་ནས་ལོ་ངོ་གཅིག་ལྷག་ལ་སྙེ་བྲིས་ཆེད་སྦྱོང་བྱས་ཤིང་ཞོར་དུ་དགེ་རྒན་ཡེ་ཤེས་ངག་དབང་གི་དྲུང་ནས་ལཉྫ་དང་ཝརྟུ་ལ་ཡང་སློབ་སྦྱོང་བྱས། ད་ལྟ་དགེ་རྒན་ཆེན་མོ་སྙེ་འཕྲིན་ལས་རྒྱལ་མཚན་ལགས་ཀྱི་སྐུ་མདུན་ནས་རྩེ་གཞུང་བྲིས་ལ་སློབ་སྦྱོང་བྱེད་བཞིན་ཡོད། མ་འོངས་པར་སྙེ་བྲིས་རྒྱུད་འཛིན་བྱེད་འདོད་ཀྱི་དམ་བཅའ་སེམས་སུ་ཉར་ཏེ་སྔོན་སྦྱངས་ཀྱི་གྲུབ་འབྲས་ཐོག་ལ་འབད་འབུངས་ཀྱི་ཕྲ་རྒྱན་འཛུགས་བཞིན་པའི་ན་གཞོན་ཡིག་མཁན་ཁོང་གིས་མི་ཚེའི་དུས་ཚོད་མང་དག་ཅིག་འཛམ་གླིང་ཤར་ནུབ་ལ་རིན་ཐང་གི་བ་དན་བླ་ན་མཐོ་བའི་བོད་རང་གི་ཡིག་གཟུགས་ཕྱོགས་སུ་གཏོང་མུས་ལགས། སླད་མར་ན་གཞོན་ཡིག་མཁན་ཁོང་གི་ཕུགས་བསམ་ལ་གཤོག་པ་ཐོགས་ཏེ་ཡངས་བའི་མཁའ་ལམ་གཅོད་ཐུབ་པའི་སྨོན་འདུན་ཞུ།

  • 顶 0