ཁྱུང་ཐར་རྒྱལ་གྱི་སྙན་དེབ《ཕ་ཡུལ་གྱི་གཙང་པོ》པར་སྐྲུན་འགྲེམས་སྤེལ་བྱས།

2020-03-24
0

ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > ༄༅། །ཁྱུང་ཐར་རྒྱལ་གྱི་སྙན་དེབ《ཕ་ཡུལ་གྱི་གཙང་པོ》པར་སྐྲུན་འགྲེམས་སྤེལ་བྱས།

༄༅། །ཁྱུང་ཐར་རྒྱལ་གྱི་སྙན་དེབ《ཕ་ཡུལ་གྱི་གཙང་པོ》པར་སྐྲུན་འགྲེམས་སྤེལ་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། དུས་ཚོད།:2020-03-23 10:24:49 ཀློག་གྲངས།:74

ཉེ་ལམ། བོད་ཀྱི་སྙན་ངག་པ་གྲགས་ཅན་ཁྱུང་ཐར་རྒྱལ་ལམ་ཀླུ་ཚང་སྨྱུག་རྩེན་ལགས་ཀྱི་སྙན་དེབ་བཞི་བ《ཕ་ཡུལ་གྱི་གཙང་པོ》ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམས་སྤེལ་བྱས།
སྙན་དེབ་འདི་ནི་ཁྱུང་ཐར་རྒྱལ་ལགས་ཀྱི་སྙན་དེབ་ཐོག་མ《ཁ་བ་དཀར་པོ》པར་དུ་བསྐྲུན་པ་ནས་མི་ལོ20ལྷག་གི་རྗེས་སུ་པར་དུ་བཏབ་པའི་སྙན་དེབ་བཞི་བ་ཡིན་ཞིང་། རྩོམ་པ་པོའི་རྩོམ་བཏུས་ཁག་ལས་དེབ་བརྒྱད་པར་ཆགས་ཡོད།
སྙན་དེབ《ཕ་ཡུལ་གྱི་གཙང་པོ》ནི“སྙན་ཚོམ་ངག་གི་བག་མ”དང“གཞིས་ཁྱིམ་དྲོན་མོ”“བོར་སྟོར”“ནོར་འཁྲུལ་ལྟ་བུའི་མཛེས་སྡུག”“བློས་བསླངས་གསར་པ”“ཚོར་བའི་དཀྱིལ་འཁོར”“སྙན་ངག”“གཅེས་བསྡུས”བཅས་ཚན་པ་བརྒྱད་ཀྱིས་གྲུབ་ལ། སྙན་ངག་པའི་ཚོར་སྣང་དང་རྟོག་ལྗོངས། རིག་གནས་ཀྱི་རྫོང་དང་འཚོ་བའི་ཁ་དོག་བཅས་ཡི་གེའི་རིས་སུ་ཕབ་པ་ལ་ཁྱེད་རང་སྙན་ངག་ལ་དགའ་ཞིང་དུངས་མཁན་ཞིག་ཡིན་ན་སེམས་ཀྱི་གངས་རིའི་རྩེ་ལ་ཚོར་བའི་ཉི་ཟེར་འཕྲོ་རུ་འཇུག་ངེས་སོ།།
སྙན་ངག་པ་ཁྱུང་ཐར་རྒྱལ་ལ་བོད་ཀྱི་རྩོམ་སྟེགས་སུ་རྒས་རྒྱུ་མེད་པའི་སྙན་ངག་པ་ཞེས་འབོད་ཀྱིན་ཡོད་ལ། ཁོང་གི་སྙན་དེབ་ཐོག་མ《ཁ་བ་དཀར་པོ》ནི་དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་བའི་ནང་བོད་ཀྱི་རང་མོས་སྙན་ངག་གི་ལམ་ཚད་རྡོ་རིང་དུ་ངེས་པ་རྙེད་པའི་སྙན་དེབ《ལྗང་བུའི་རྩོམ་བཏུས་སྙན་ངག་དེབ》དང《གངས་འདབས་ཀྱི་སེམས་པ》《བྲག་རིའི་སྲས་མོ》བཅས་དང་དཔུང་བ་མཉམ་གཤིབ་ཏུ་སྐུ་བལྟམས་ཤིང་། ཁོང་གི་ནག་པོའི་དགོད་བྲོ་བཞིན་གྱི་སྙན་ངག་གི་བསྟན་བཤིག་དང་རྩམ་དྲི་མ་ཡལ་བའི་ངག་གི་ངེས་ཚིག་བཅས་ཀྱིས་རྗེས་རབས་པའི་སེམས་ཁ་ལ་ཐ་སྙད་ཀྱི་མེ་ལྕེས་སྦར་བའི་དཔལ་འབར་མང་པོ་ཞིག་བསྒྲོན་ཐུབ་ཡོད། ཁོང་གི་ཚབ་མཚོན་བརྩམས་ཆོས་ལ《ཉི་མ་དང་ཉི་མའི་ལུག་ཁྱུ》《རྐྱང་ཐང》སོགས་ཡོད་ཅིང་། “ནམ་ཉི་མ་ཞིག་ལ། འདོགས་ཐག་ཅིག་གིས་ཁྱོད་རང་ཁྱི་ལྟར་འདོགས་སྲིད། འདོགས་ཐག་དེའི་གཏིང་རྡོ་ཆུང་མ་ཡིན”ལྟ་བུ་ད་ལྟ་བོད་པའི་རྒྱུན་གཏན་འཚོ་བའི་ནང་གི་གཏམ་དཔེ་རུ་གྱུར་ཡོད།

ཁྱུང་ཐར་རྒྱལ་གྱི་ལོ་རྒྱུས་མདོར་བསྡུས།

ཁྱུང་ཐར་རྒྱལ་ལམ་ཀླུ་ཚང་སྨྱུག་རྩེན་ནི་སྤྱི་ལོ1968ལོར་རྩེ་ཁོག་རྫོང་བོན་བརྒྱ་ཞང་ནས་སྐྱེས། སྔ་རྗེས་སུ་བོན་རྒྱ་ཞང་སློབ་ཆུང་དང་རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་སོགས་ནས་སློབ་གཉེར་བྱས། ད་ལྟ་མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི།མཚོ་སྔོན་ཞིང་ཆེན་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ཞིང་ཆེན་གསར་འགྱུར་མཐུན་ཚོགས་ཀྱི་ཚོགས་མི། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་སོགས་ཀྱི་འགན་ཁུར་ཡོད།
ད་ལྟ་རྩེ་ཁོག་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཁང་དུ་བྱ་བ་བསྒྲུབ་བཞིན་ཡོད།
སྲིད་གྲོས་རྩེ་ཁོག་རྫོང་སྐབས་དྲུག་པ་དང་བདུན་པ། བརྒྱད་པ། དགུ་བ་བཅས་ཀྱི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན་སོགས་ཀྱི་འགན་ཁུར་མྱོང་།
བརྩམས་ཆོས་གཙོ་བོ་ལ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དང་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། མི་རིགས་དཔེ་སྐྲུན་ཁང་སོགས་ནས་པར་སྐྲུན་བྱས་པའི་སྙན་དེབ《ཁ་བ་དཀར་པོ》དང《སེམས་ཀྱི་གྲོང་ཁྱེར》《བརྩེ་བ་ཀོ་ཤུན་མ》སོགས་དང་། རིག་གཞུང་དཔྱད་རྩོམ《བོད་ཀྱི་ལྷ་སྒྲུང་སྐོར་གླེང་བ》འབོལ་རྩོམ་དེབ《མེ་ལོང་ནང་གི་སྐད་ཆ》བསྒྱུར་རྩོམ་དེབ《ཀིར་ཐི་ཡི་སྙན་ངག་གཅེས་བསྡུས》དཔྱད་རྩོམ་གཅེས་བསྡུས《བོད་རིག་པའི་དཔྱད་གླེང་མུ་ཏིག་དཀར་པོའི་སྒྲོམ་ཆུང》སོགས་ཡོད།
སྔ་རྗེས་སུ་རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་རྩོམ་རིག་གསར་རྩོམ་བྱ་དགའ་དང་ཀན་སུའུ་ཞིང་ཆེན་གྱི་སྐབས་བཞི་བའི《ཟླ་ཟེར》རྩོམ་རིག་བྱ་དགའ་སོགས་ཐོབ་མྱོང་།།


  • 顶 0