རྩོམ་པ་པོ་ལྷ་བྱམས་རྒྱལ་གྱི་དེབ་གསར་པ་གཉིས་པར་དུ་བསྐྲུན་པ།

2019-04-10
0


《གཉིད་དུ་ཡུར་བའི་ཆུ》།

     《གཉིད་དུ་ཡུར་བའི་ཆུ》ཞེས་པ་འདི་ནི་རྩོམ་པ་པོ་ལྷ་བྱམས་རྒྱལ་གྱིས2010ལོར《ལམ་གྱི་ཉི་འོད》ཅེས་པ་པར་སྐྲུན་གནང་ནས་ལོ་ངོ་བརྒྱད་འགོར་རྗེས། ཀློག་མཁན་གྱི་རེ་སྒུག་ལ་སྐྱེས་ལན་དུ་ཕུལ་བའི་སྒྲུང་ཐུང་བསྡུས་དེབ་གཉིས་པ་དེ་རེད། དེབ་འདིའི་ནང་དུ་ཁོང་གི་རྩོམ་གསར《གཉིད་དུ་ཡུར་བའི་ཆུ》དང་།《རྨ་འགྲམ་གྱི་ལྗོན་པ་ཁེར་སྐྱེས》《ལོ་བཞི་བཅུའི་སྐྱེས་པའི་ལོ་ཉི་ཤུའི་དུས་ཀྱི་བརྩེ་དུང》《མི་ཞིག་འཚོལ་བ》བཅས་ཧྲགས་བསྡུས་བྱས་ཡོད་ལ། ད་དུང་དེ་སྔར《སྦྲང་ཆར》དུས་དེབ་ཏུ་བཀོད་ནས་ཀུན་ལ་ཀློག་འདོན་གྱི་སྤྲོ་སྣང་ཆེན་པོ་སྤྲད་མྱོང་བའི་སྒྲུང་ཐུང《ནུབ་ཀྱི་སྐར་མ》དང་། 《དབུས་ལམ་རིང་མོ》གཉིས་ཀྱང་བསྡུས་ཡོད།
     《ང་ཡི་ཁེར་རྐྱང་དང་ཁྱེད་ཀྱི་རྩོམ་རིག》ཅེས་པ་འདི་ནི་ཁོང་གི་འབོལ་རྩོམ་ཕྱོགས་སྒྲིག་ཅིག་ཡིན་ཏེ། དེབ་འདིར་ཉེ་བའི་ལོ་འདི་འགའི་ནང་དུ་ཁོང་གིས་དྲ་ངོས་སོགས་སུ་སྤེལ་བའི་འབོལ་རྩོམ་དང་། དུས་དེབ་སོགས་ཀྱིས་བཅར་འདྲི་ཞུས་པའི་ཟིན་ཐོ་སོགས་བསྡེབས་གཅིག་ཏུ་བསྡུས་ནས་པར་སྐྲུན་བྱས་ཡོད། དེབ་ནང་གི་ལྷུག་རྩོམ་མང་བོ་ཞིག་དྲ་ངོས་སོགས་སུ་སྤེལ་བའི་གནས་སྐབས་དེར་བརྡེབས་གྲངས་ཁྲི་ཕྲག་རེ་གཉིས་ལས་བརྒལ་ཡོད་ཅིང་། ཚ་འུར་གྱི་རྣམ་པ་དེ་ནི་བོད་ཡིག་དྲ་ངོས་རྩོམ་རིག་གི་སྣང་ཚུལ་གསར་བ་ཞིག་ཏུ་གྱུར་ཡོད་པར་མ་ཟད། ཀློག་གྲངས་དེ་ད་ལྟ་ཡང་བརྒལ་མི་ཐུབ་པའི་ས་མཚམས་ལྟ་བུ་ཞིག་ཏུ་གྱུར་ཡོད།


《ང་ཡི་ཁེར་རྐྱང་དང་ཁྱེད་ཀྱི་རྩོམ་རིག》།

     རྩོམ་པ་པོ་ལྷ་བྱམས་རྒྱལ་གྱི་སྒྲུང་གཏམ་དང་འབོལ་རྩོམ་གང་ཡིན་རུང་། རྩོམ་རིག་རང་སྟེང་གི་རྨད་བྱུང་སྒྱུ་རྩལ་གྱི་མཛེས་པ་ཞིག་གིས་ཡོངས་སུ་ཕྱུག་ཡོད་ཅིང་། རྩོམ་མཁན་ཁོང་རང་ཉིད་ཁོ་ནར་མངའ་བའི་སྒེར་གཤིས་ཤིག་ཀྱང་ཀུན་ནས་གྲུབ་ཡོད་པས། ཁོང་གི་བརྩམས་ཆོས་བྱེ་བྲག་པ་གང་ཡིན་རུང་ཀློག་མཁན་གྱི་ཁྲོད་དུ་སྐྱོམ་སྒུལ་མི་ཆུང་བ་རེ་བཟོས་ཡོད། ད་དུང་མི་ལོ་ཉི་ཤུ་ལྷག་གི་གསར་རྩོམ་གྱི་ཉམས་མྱོང་གསོག་འཇོག་དང་། བོད་ཀྱི་རྩོམ་རིག་ལ་བཅངས་པའི་དད་འདུན་དང་དགའ་མོས། ཕྱི་ནང་གི་རྐྱེན་གང་གིས་ཀྱང་གཡོ་བར་མི་ནུས་པའི་རྒྱུན་འཁྱོངས་སོགས་ལ་བརྟེན་ནས། ཁོང་དང་ཁོང་གི་བརྩམས་ཆོས་རིམ་གྱིས་བོད་ཀྱི་དེང་རབས་རྩོམ་རིག་གི་སྣང་ཚུལ་གསར་བ་ཞིག་དང་གྲུབ་འབྲས་ཆེན་པོ་ཞིག་ཏུ་གྱུར་ཡོད་དེ། ལོ་ངོ་བཅུ་ཕྲག་གི་རིང་དུ་སྔ་རྗེས་སུ《སྦྲང་ཆར》རྩོམ་རིག་བྱ་དགའ་ཐེངས་བཞིར་ཐོབ་པ་དེས་ཀྱང་ཁོང་གི་གསར་རྩོམ་གྱི་ཟིལ་ཤུགས་ཚོར་ཐུབ།
     ཐེངས་འདིར། པེ་ཅིན་ཏ་ཧྥང་རིག་སྤེལ་དཔེ་དེབ་འགྲེམ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གིས་མ་རྩའི་མཐུན་རྐྱེན་སྦྱར་བའི་ཁོང་གི་དེབ་གསར་འདི་གཉིས་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་སྐྲུན་པ་དང་། བོད་ཀྱི་རྩོམ་པ་པོ་གྲགས་ཅན་བཀྲ་བྷ་དང་པད་མ་ཚེ་བརྟན་རྣམ་གཉིས་ཀྱིས་ཀློག་མཁན་ཀུན་ལ་འོས་སྦྱོར་གནང་ཡོད། དེབ་ཀྱི་རྒྱབ་ཤར་བློ་ཞིབ་མོས་སྒྱུ་རྩལ་གྱི་ཇུས་འགོད་མང་དུ་བྱས་པ་དང་། ནང་དོན་ཞུ་དག་ཞིབ་ཚགས་གང་ལེགས་བྱས་ཤིང་། རྒྱུ་ཆར་ཤོག་བུ་སོགས་སྤུས་དག་པ་གང་ཡག་བདམས་ནས་རྒྱ་ཆེ་བའི་ཀློག་མཁན་དག་གི་ཡིད་ཀྱི་མགུ་བཀང་བའི་དེབ་མཆོག་སྤུས་ལེགས་ཤིག་འཁྱོངས་པར་འབད་བརྩོན་བྱས་ཡོད།


  • 顶 0