མྱུར་འཕྲིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིན་དུ་འཚོགས།

2020-05-22
7

ཟླ་བ་ལྔ་པའི་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་པར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་དེ་པེ་ཅིན་དུ་འཚོག་འགོ་བརྩམས། ལས་རིགས་སོ་བཞི་ནས་ཕེབས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་མི་དམངས་ཀྱི་རེ་འདུན་ཐོགས་ཏེ་ཡང་བསྐྱར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ནས་མཉམ་གཅིག་ཏུ་ཐབས་འདོན་ཇུས་འབུལ་བྱ་རྒྱུ་རེད།

ད་ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྱོང་ཐུབ་པ་དང་ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པ་མཇུག་བསྡུ་བའི་ལོའང་རེད། འཛམ་གླིང་ལ་མཆེད་པའི་རིམས་ནད་ཀྱིས་རང་རྒྱལ་གྱི་འཕེལ་རྒྱས་ལ་ཉེན་ཁ་དང་འགྲན་སློང་སྔར་བས་མང་པོ་བཟོས་ཡོད། མི་དམངས་སྲིད་གྲོས་ཀྱིས་ཐེངས་འདིའི་གྲོས་ཚོགས་བརྒྱུད་ནས་འགན་འཁྲི་དང་ལས་འགན་ལ་དམིགས་ནས། ཐབས་འདོན་ཇུས་འབུལ་ཡག་པོ་དང་། མཇུག་བསྡུ་ལས་ཀའི་ཐད་འབད་པ་བྱ་བ་དང་། ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དང་། ངོས་འཛིན་གཅིག་མཐུན་གཅིག་བསྡུས་བྱེད་པའི་ཐད་ལག་ལེན་སྤེལ་བ། བྱེད་ཐབས་གསར་གཏོད་དང་། ལས་ཀའི་སྤུས་ཀ་མཐོར་འདེགས་གཏོང་བའི་ཐད་གྲུབ་འབྲས་ཐོན་པ་བཅས་བྱས་ནས། དབུལ་བྲལ་འགག་སྒྲོལ་གྱི་དམིགས་འབེན་ལས་འགན་རྣམ་པར་རྒྱལ་བ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྱོང་བྱེད་པར་སྲིད་གྲོས་ཀྱི་བྱས་རྗེས་འཇོག་གང་ཐུབ་བྱ་རྒྱུ་རེད།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་འགོ་ཚུགས་ཚོགས་འདུ་དང་མཇུག་སྒྲིལ་ཚོགས་འདུ་ཕུད། ད་རུང་ཚོགས་ཆེན་གྱི་གཏམ་བཤད་ཐེངས་གཉིས་བཀོད་སྒྲིག་བྱ་རྒྱུ་ཡིན་ལ། དེའི་ནང་གྲོས་ཚོགས་ཐེངས་གཅིག་ནི་གཟུགས་ལམ་ཚོགས་འདུའི་རྣམ་པ་བརྒྱུད་ནས་འཚོག་རྒྱུ་རེད། ཚོ་ཆུང་ གྲོས་མོལ་ཐེངས་དྲུག་དང་ཨུ་ཡོན་བགྲོད་ལམ་གྱི་བཅར་འདྲི་བྱེད་སྒོ་ཐེངས་གསུམ་བཀོད་སྒྲིག་བྱ་རྒྱུ་རེད། ཐེངས་འདིའི་སྲིད་གྲོས་ཀྱི་གྲོས་ཚོགས་ནི་ཟླ་བ་ལྔ་པའི་ཚེས་ཉེར་བདུན་ཉིན་མཇུག་བསྒྲིལ་རྒྱུ་ཡིན་ལ། ཚོགས་ཡུན་ནི་སྔོན་མའི་འཆར་གཞི་ལས་ཉིན་བཞི་དང་ཕྱེད་ཀ་ཇེ་ཐུང་དུ་བཏང་ཡོད།

ཁམས་པའི་བརྙན་འཕྲིན་ཁང་གིས་ཀྱང་དྲ་ཐོག་བཅར་འདྲིའི་རྣམ་པ་བརྒྱུད། མདོ་འཛིན་པས་སྙན་ཞུ་གླེང་བ། དྲ་ཐོག་ནས་བཅར་འདྲི་བྱེད། འཐུས་མི་དང་ཨུ་ཡོན་ལ་བཅར་འདྲི་བྱེད་སོགས་འཕྲིན་སྦྱོར་ཀུན་འདུས་ཀྱི་ལེ་ཚན་སྤེལ་རྒྱུ་ཡིན་ལ། ཁྱེད་ཀྱིས་དྲ་ལམ་ནས་ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་གནས་ཚུལ་དང་འཐུས་མི་དང་ཨུ་ཡོན་ཀྱི་འགན་སྒྲུབ་གནས་ཚུལ་བཅས་ལ་རྒྱུས་ལོན་གང་ལེགས་བྱེད་ཐུབ། ཤམ་བྷ་ལའི་ཆ་འཕྲིན་མགྲོན་སྣེ་དང་ཁམས་པའི་བརྙན་འཕྲིན་དྲ་བ་བརྒྱུད་ནས་ང་ཚོར་དོ་སྣང་བྱེད་པར་འཚལ།

གསར་འགོད་པ། ཁམས་པའི་བརྙན་འཕྲིན་ཁང་གི ༢༠༢༠ ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྒྲོག་གཏོང་ཚོ་ཆུང་ནས།


  • 顶 0