དབྱིག་གཉེན།

2018-11-22
0

 

   སློབ་དཔོན་དབྱིག་གཉེན་ནི་འཕགས་པ་ཐོགས་མེད་དང་ཡུམ་གཅིག་པ་ཡིན་ལ། ཡབ་ནི་བྲམ་ཟེའི་རིགས་དང་། ཡུམ་བྲམ་ཟེ་མོ་གསལ་བའི་ཚུལ་ཁྲིམས་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས། ཡུམ་ཀྱིས་བློ་རྣོ་བའི་ཆོ་ག་བྱས་ཤིང་ཁྲུས་དང་གཙང་སྤྲ་ལ་གནས་པའི་སྒོ་ནས་བསྐྱེད་བསྲིངས་ཏེ། ཡི་གེ་དང་། རྩིས་དང་། རིག་བྱེད་བཞི་ལ་སོགས་པ་ཐུན་མོང་བའི་རིག་གནས་ལེགས་པར་བསླབས་ཏེ་ཁོང་དུ་ཆུད་པར་བྱས། སློབ་དཔོན་འདི་བཞུགས་པའི་དུས་སུ་རྒྱ་གར་ཤར་ལྷོ་དབུས་སོགས་སུ་སློབ་མ་ཐེག་པ་ཆེན་པོའི་དགེ་སློང་གཅིག་པུ་བསྡོམས་ན་ཁྲི་དྲུག་ཙམ་གདའ། སྐུ་ཚེའི་སྨད་དུ་སློབ་མ་མཁས་པ་སྟོང་ཕྲག་ལྔ་ཙམ་ཁྲིད་ནས་བལ་བོའི་ཡུལ་དུ་བྱོན་ནས་དམ་པའི་ཆོས་ཀྱི་བདུད་རྩི་དཔགས་མེད་བསྩལ་པ་དང་། མཐར་དགེ་སློང་ཞིག་གིས་རབ་ཏུ་བྱུང་བའི་ཆས་གྱོན་བཞིན་དུ་ཞིང་རྨོ་བ་གཟིགས་པའི་རྐྱེན་བྱས་ཏེ་བལ་ཡུལ་དུ་སྐུ་གཤེགས། དེར་སློབ་མ་རྣམས་ཀྱིས་མཆོད་རྟེན་ཡང་བཞེངས། དགུང་ལོ་བརྒྱ་ཟིན་པ་ཙམ་བཞུགས།

  ངོ་སྤྲོད།

  སློབ་དཔོན་དབྱིག་གཉེན་ནི་འཕགས་པ་ཐོགས་མེད་དང་ཡུམ་གཅིག་པ་ཡིན་ལ།  ཡབ་ནི་བྲམ་ཟེའི་རིགས་དང་།  ཡུམ་བྲམ་ཟེ་མོ་གསལ་བའི་ཚུལ་ཁྲིམས་གཉིས་ཀྱི་སྲས་སུ་འཁྲུངས།  དགུང་ལོ་ཆུང་ངུའི་དུས་ནས།  ཡུམ་ཀྱིས་བློ་རྣོ་བའི་ཆོ་ག་བྱས་ཤིང་ཁྲུས་དང་གཙང་སྤྲ་ལ་གནས་པའི་སྒོ་ནས་བསྐྱེད་བསྲིངས་ཏེ།  ཡི་གེ་དང་།  རྩིས་དང་།  རིག་བྱེད་བཞི་ལ་སོགས་པ་ཐུན་མོང་བའི་རིག་གནས་ལེགས་པར་བསླབས་ཏེ་ཁོང་དུ་ཆུད་པར་བྱས།  དེ་ནས་ཡུམ་གྱིས་སྲས་ལ་འདི་སྐད་དུ།  བུ་ཁྱོད་བསྐྱེད་པ་ནི་རིགས་སྤེལ་བ་སོགས་འཇིག་རྟེན་གྱི་བྱ་བའི་ཆེད་མ་ཡིན་གྱི།  རྒྱལ་བའི་བསྟན་པ་སྤེལ་བའི་ཕྱིར་ཡིན་པས་རབ་ཏུ་བྱུང་ལ་སྡེ་སྣོད་གསུམ་ལ་སྦྱངས་ཏེ་རྒྱལ་བའི་བསྟན་པ་དར་བར་གྱིས་ཤིག་ཅེས་བསྐུལ་ནས་ན་ལེནྡྲར་རབ་ཏུ་བྱུང་།  ཐེག་པ་ཆུང་ངུའི་སྡེ་སྣོད་གསུམ་ཆ་ཚང་བར་སློབ་སྦྱོང་གནང་།  ཁ་ཆེའི་ཡུལ་དུ་སློབ་དཔོན་དགེ་འདུན་བཟང་བོའི་དྲུང་དུ་ཐེག་པ་ཆུང་ངུའི་གྲུབ་མཐའ་དྲུག་དང་།  གཅེན་འཕགས་པ་ཐོགས་མེད་ཀྱི་མདུན་ནས་ཐེག་ཆེན་གྱི་ཆོས་མཐའ་དག་གསན།  ཐེག་པ་ཆེ་ཆུང་གི་མདོ་སྡེ་ཀུན་བསྡོམས་པར་མདོ་ལྔ་བརྒྱ་ཙམ་ཐུགས་ལ་བཟུང་ནས་ལོ་རེར་ཐེངས་རེ་བློ་ཐོག་ནས་ཞལ་འདོན་གནང་།  སློབ་དཔོན་འདི་བཞུགས་པའི་དུས་སུ་རྒྱ་གར་ཤར་ལྷོ་དབུས་སོགས་སུ་སློབ་མ་ཐེག་པ་ཆེན་པོའི་དགེ་སློང་གཅིག་པུ་བསྡོམས་ན་ཁྲི་དྲུག་ཙམ་གདའ།  སྐུ་ཚེའི་སྨད་དུ་སློབ་མ་མཁས་པ་སྟོང་ཕྲག་ལྔ་ཙམ་ཁྲིད་ནས་བལ་བོའི་ཡུལ་དུ་བྱོན་ནས་དམ་པའི་ཆོས་ཀྱི་བདུད་རྩི་དཔགས་མེད་བསྩལ་པ་དང་།  མཐར་དགེ་སློང་ཞིག་གིས་རབ་ཏུ་བྱུང་བའི་ཆས་གྱོན་བཞིན་དུ་ཞིང་རྨོ་བ་གཟིགས་པའི་རྐྱེན་བྱས་ཏེ་བལ་ཡུལ་དུ་སྐུ་གཤེགས།  དེར་སློབ་མ་རྣམས་ཀྱིས་མཆོད་རྟེན་ཡང་བཞེངས།  དགུང་ལོ་བརྒྱ་ཟིན་པ་ཙམ་བཞུགས།

   སློབ་གཉེར་མཛད་པ།

  སློབ་དཔོན་དབྱིག་གཉེན་དགུང་ལོ་ཆུང་ངུའི་དུས་ནས། ཡུམ་བྲམ་ཟེ་མོ་གསལ་བའི་ཚུལ་ཁྲིམས་ཀྱི་མདུན་དུ་ཡི་གེ་དང་།  རྩིས་དང་།  རིག་བྱེད་བཞི་ལ་སོགས་པ་ཐུན་མོང་བའི་རིག་གནས་ལེགས་པར་བསླབས་ཏེ་ཁོང་དུ་ཆུད་པར་བྱས།  དེ་ནས་ཁ་ཆེ་ཡུལ་དུ་ཕེབས་ནས་མཁས་པ་ཆེན་པོ་འདུལ་བཟང་གི་དྲུང་དུ་སྔོན་དགྲ་བཅོམ་པ་རྣམས་ཀྱིས་མངོན་པ་སྡེ་བདུན་དང་འདུལ་བ་ལུང་སྡེ་བཞིའི་གནད་རྣམས་བསྡུས་ཏེ་གཏན་ལ་ཕབ་པའི་བསྟན་བཅོས་བྱེ་བྲག་བཤད་པ་ཆེན་པོ་གཞུང་འབུམ་ཕྲག་གཅིག་ཏུ་ལོངས་པ་དེ་སྦྱངས།  བསྟན་བཅོས་འདི་ལ་བྱེ་བྲག་བཤད་མཛོད་ཅེས་ཀྱང་བརྗོད་དོ། །དེ་ལྟ་བུའི་བསྟན་བཅོས་ཀྱི་དོན་གནད་མཐའ་དག་ཐུགས་སུ་ཆུད་པར་མཛད།  ཕྱིས་རྒྱ་གར་དུ་འབྱོན་པར་བཞེད་པའི་ཚེ།  བདུད་སྡིག་ཏོ་ཅན་གྱིས་བདག་ཉིད་ཆེན་པོ་འདིས་རྒྱལ་བའི་བསྟན་པ་ལ་བྱ་བ་ཆེན་པོ་མཛད་པ་མ་བཟོད་ནས།  སློབ་དཔོན་གྱི་ལྷ་རྟེན་དང་གླེགས་བམ་ཡོ་བྱད་སོགས་ལན་གསུམ་གྱི་བར་དུ་ཕྲོགས་པས།  མཐར་སློབ་དཔོན་ཀྱིས་ཆོས་ཐམས་ཅད་བློ་ལ་བཟུང་པས་སུས་ཀྱང་དབྲོག་མ་ཐུབ་པར་ཕེབས་ཏེ་ན་ལེནྡྲར་བྱོན།  དེར་སྡེ་སྣོད་འཛིན་པ་མང་བོར་ཆོས་རྒྱ་ཆེར་སྟོན་ཅིང་བཞུགས་པ་ན།  གཅེན་འཕགས་པ་ཐོགས་མེད་ཀྱིས་བསྟན་བཅོས་མང་དུ་བརྩམས་པ་གསན་ནས།  ཀྱེ་མ་ཐོགས་མེད་ནགས་སུ་ལོ། །བཅུ་གཉིས་བར་དུ་ཏིང་འཛིན་བསྒྲུབས། །ཏིང་འཛིན་མ་གྲུབ་གླང་ཆེན་གྱི། །རྒྱབ་ཁལ་ལོངས་པའི་གྲུབ་མཐའ་བརྩམས། །ཞེས་ཐེག་ཆེན་གྱི་ཆོས་དང་གང་ཟག་ལ་སྐུར་པ་བྱས་པ་གཅེན་གྱིས་གསན་ནས།  དེ་ཟློག་པའི་ཕྱིར་དུ་སློབ་མ་གཉིས་ས་བཅུ་བ་དང་།  བློ་གྲོས་མི་བཟད་པས་བསྟན་པ་འཛིན་དུ་བཅུག་ནས།  གཅུང་ཅན་དུ་སོང་ལ་སྲོད་དང་ཐོ་རངས་ལ་ཐོན་ཅིག་ཅེ་བསྒོ་བ་ལྟར་བསྒྲུབས་པས།  མདོ་བཏོན་པས་སློབ་དཔོན་དབྱིག་གཉེན་གྱིས་གསན་པ་ན།  སྲོད་ལ་ཐེག་ཆེན་འདི་རྒྱུ་བཟང་འབྲས་བུ་ཁ་གཡེལ་བ་འདྲ་གསུངས།  ཐོ་རངས་རྒྱུ་འབྲས་གཉིས་ཀ་བཟང་བར་འདུག་པ་ལ།  ངས་སྐུར་བ་བཏབ་པ་ལྕེ་འདིས་ལན་གཅོད་གསུངས་ནས་སྤུ་གྲི་འཚོལ་བའི་ཚེ།  ཁོང་གཉིས་ཀྱིས་ལྗགས་དགུམ་མི་འཚལ།  དེ་སྒྲིབ་པ་སྦྱང་བའི་ཐབས་གཅེན་ལ་མངའ་བས་དེར་གཤེགས་པར་ཞུ་ཞུས་པས།  སློབ་དཔོན་དབྱིག་གཉེན་འཕགས་པ་ཐོགས་མེད་ཀྱི་སར་བྱོན་ཏེ་ཆོས་གསན་པས་དད་ནས་འཕགས་པ་ཐོགས་མེད་ལ་ཉེས་པ་བཤགས་ཏེ་ཐེག་ཆེན་གྱི་ཆོས་རྣམས་རིམ་གྱིས་གསན།  ཏིང་ངེ་འཛིན་གྱི་སྒོ་མང་པོ་ཐུགས་རྒྱུད་ལ་འཁྲུངས།  རྒྱལ་བའི་བཀའ་འཛམ་བུ་གླིང་ན་བཞུགས་པ་མཐའ་དག་ཐུགས་སུ་ཆུད་དེ་དེའི་ཚེ་ཉན་ཐོས་ཀྱི་སྡེ་སྣོད་གསུམ་ལ་མདོ་ལྔ་བརྒྱ་ཤོ་ལོ་ཀ་འབུམ་ཕྲག་གསུམ་ཡོད་པར་གྲགས་པ་དང་།  ཐེག་པ་ཆེན་པོ་ལ་འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་མདོ།  འདུས་པ་རིན་པོ་ཆེའི་མདོ།  ཤེར་ཕྱིན་སྟོང་ཕྲག་བརྒྱ་བ་སོགས་མདོ་ལྔ་བརྒྱ།  གསང་སྔགས་ཀྱི་གཟུངས་རྒྱུད་སྡེ་ལྔ་བརྒྱ་རྣམས་ཐུགས་སུ་ཆུད་དེ་ལོ་རེར་ནང་དུ་ལན་རེ་ཁ་ཏོན་དུ་མཛད།  ལྷག་པར་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་བ་ནི་ཉིན་རེ་བཞིན་ཁ་ཏོན་དུ་མཛད་དེ།  རྒྱལ་བ་མྱ་ངན་ལས་འདས་པའི་འོག་ཏུ་བདག་ཉིད་ཆེན་པོ་འདི་ལས་མང་དུ་ཐོས་པ་རྒྱ་ཆེ་བ་སུ་ཡང་མེད་དོ་ཞེས་འཕགས་ཡུལ་གྱི་མཁས་པ་རྣམས་གཏམ་དུ་གླེང་ངོ་། །

    སློབ་མའི་སྡེ།

  སློབ་དཔོན་བདག་ཉིད་ཆེན་པོ་འདི་ལ་སློབ་མ་བསྟན་པ་འཛིན་ནུས་པ་བསམ་གྱི་མི་ཁྱབ་པ་མཐས་ཡས་པ་ཡོད་པ། རྒྱ་གར་ཤར་ལྷོ་དབུས་སུ་ཡོད་པའི་ཐེག་པ་ཆེན་པོའི་སློབ་མ་དགེ་སློང་བསྡོམས་ན་ཁྲི་དྲུག་ཙམ་དང་།  དེ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་བཞི་སྟེ། འདུལ་བ་ལ་མཁས་པའི་མཆོག་ཏུ་གྱུར་པ་སློབ་དཔོན་ཡོན་ཏན་འོད།  མངོན་པ་ལ་མཁས་པའི་མཆོག་ཏུ་གྱུར་པ་སློབ་དཔོན་བློ་གྲོས་བརྟན་པ།  ཚད་མ་ལ་མཁས་པའི་མཆོག་ཏུ་གྱུར་པ་སློབ་དཔོན་ཕྱོགས་ཀྱི་གླང་པོ།  ཕར་ཕྱིན་ལ་མཁས་པའི་མཆོག་ཏུ་གྱུར་པ་སློབ་དཔོན་འཕགས་པ་རྣམ་གྲོལ་སྡེ་རྣམས་སོ། །

    བརྩམས་ཆོས།

  སློབ་དཔོན་འདི་ཉིད་ཀྱིས་མཛད་པའི་བསྟན་བཅོས་ཧ་ཅང་མང་བོ་ཡོད་ཀྱང་།  གྲགས་ཆེ་ཞིང་བོད་སྐད་དུ་བསྒྱུར་བའི་གྲས་ལ《མདོ་སྡེ་རྒྱན་གྱི་འགྲེལ་བ》དང《དབུས་མཐའ་རྣམ་འབྱེད་ཀྱི་འགྲེལ་བ》《ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་བ》《ཐེག་བསྡུས་ཀྱི་འགྲེལ་བ》《སུམ་ཅུ་བའི་ཚིག་ལེའུར་བྱས་པ》《ཉི་ཤུ་བའི་རང་འགྲེལ》《རང་བཞིན་གསུམ་ངེས་པར་བསྟན་པ》《ཕུང་བོ་ལྔའི་རབ་བྱེད》《རྣམ་པར་བཤད་པའི་རིགས་པ་མདོ་སྡེའི་དུམ་པ་བརྒྱ་བ》《རྣམ་པར་བཤད་པའི་རིགས་པ》《ལས་གྲུབ་པའི་རབ་ཏུ་བྱེད་པ》《ཐེག་པ་ཆེན་པོའི་ཆོས་བརྒྱ་གསལ་བའི་བསྟན་བཅོས》《ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ》《དེའི་རང་འགྲེལ》《བསྟན་བཅོས་ཚིགས་སུ་བཅད་པ་བསྡུས་པ》《དེའི་རང་འགྲེལ》《དཀོན་མཆོག་གསུམ་ཀྱི་བསྟོད་པ》《སྒོ་དྲུག་པའི་གཟུངས་ཀྱི་རྣམ་པར་བཤད་པ》《ཡོན་ཏན་བདུན་བརྗོད་པའི་གཏམ》《ཚུལ་ཁྲིམས་ཀྱི་གཏམ》《ཚོགས་ཀྱི་གཏམ》《སངས་རྒྱས་རྗེས་སུ་དྲན་པའི་འགྲེལ་བ》《ཆོས་རྗེས་སུ་དྲན་པའི་འགྲེལ་བ》《དགེ་འདུན་རྗེས་སུ་དྲན་པའི་འགྲེལ་བ》《འདོད་པའི་ཡོན་ཏན་ལྔའི་ཉེས་དམིགས་བཤད་པ》《ཚིགས་སུ་བཅད་པ་གཅིག་པའི་བཤད་པ》《ག་ཡ་གོ་རིའི་མདོའི་བཤད་པ》《མདོ་སྡེ་ས་བཅུ་བའི་རྣམ་པར་བཤད་པ》《བློ་གྲོས་མི་བཟད་པས་བསྟན་པའི་མདོའི་རྒྱ་ཆེར་འགྲེལ》《རྟེན་ཅིང་འབྲེལ་བར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་བཤད་པ》《མདོ་སྡེ་བཅུ་བའི་འགྲེལ་བ》《བཟང་སྤྱོད་སྨོན་ལམ་གྱི་འགྲེལ་བ》རྣམས་མཛད་ཡོད་དོ། །

  དཔྱད་གཞིའི་ཡིག་ཆ།

  ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི 《ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། སྟོད་ཆ》 བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། 2011ལོའི་ཟླ1པོའི་དཔར་ཐེངས་དང་པོ། ཤོག་ངོས130ན་གསལ། 

  དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པའི 《དུང་དཀར་ཚིག་མཛོད་ཆེན་མོ》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོའི་ཟླ4བའི་དཔར་ཐེངས་དང་པོ། ཤོག་ངོས1540ན་གསལ། 

  • 顶 0