ཐོགས་མེད།

2018-11-22
0

 

   འཕགས་པ་ཐོགས་མེད་ནི་རྒྱ་གར་གྱི་མཁས་པ་ཆེན་པོ་རྒྱན་དྲུག་མཆོག་གཉིས་ཀྱི་ནང་ཚན། སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་སྨྲ་བ་བཞིའི་ནང་ནས་སེམས་ཙམ་པའི་གྲུབ་མཐའི་སྲོལ་གསར་དུ་གཏོད་མཁན་གཙོ་བོ་ཡིན་པས། ཤིང་རྟའི་སྲོལ་འབྱེད་ཆེན་པོ་གཉིས་ཀྱི་ནང་ཚན་དུ་བགྲངས་སྲོལ་མཆིས། སློབ་དཔོན་འདིའི་ཡབ་རྒྱལ་རིགས་དང་ཡུམ་བྲམ་ཟེ་མོ་གསལ་བའི་ཚུལ་ཁྲིམས་ཞེས་བྱ་བ་ནང་བའི་བསྟན་པ་ལ་ཧ་ཅང་དད་པ་དེའི་སྲས་སུ་འཁྲུངས་པ་ཡིན། སློབ་དཔོན་དབྱིག་གཉེན་དང་ཡབ་མི་གཅིག་པའི་སྐུ་མཆེད་ཡིན། ཆེར་ལོངས་པའི་དུས་སུ་རིག་པའི་གནས་མཐའ་དག་པ་མཁས་པར་བསླབས་པ་དང་། ལོ་རེར་ཚིགས་བཅད་ཁྲི་བཅུ་རེའི་ཚིག་དང་དོན་ཁོང་དུ་ཆུད་པ་གནང་། སྐུ་ཚེ་ཧྲིལ་བོའི་ནང་ཡུམ་རྒྱས་འབྲིང་བསྡུས་གསུམ་དང་། ཐེག་པ་ཆེན་པོའི་སྡེ་སྣོད་གསུམ་གྱི་དོན་རྒྱས་པར་སྟོན་པ་ས་སྡེ་ལྔ་སོགས་བསྟན་བཅོས་མང་བོ་བརྩམས། ཐུབ་པའི་བསྟན་པ་ལ་མཛད་འཕྲིན་རྒྱ་ཆེར་སྤེལ། དགུང་གྲངས་བརྒྱ་དང་ལྔ་བཅུར་བཞུགས།

  ངོ་སྤྲོད།

  རྒྱན་དྲུག་མཆོག་གཉིས་གྱི་ནང་ཚན་འཕགས་པ་ཐོགས་མེད་ནི་ཡུམ་བྲམ་ཟེ་མོ་གསལ་བའི་ཚུལ་ཁྲིམས་ཞེས་པ་རྒྱལ་རིགས་ཤིག་དང་འདུས་པ་ལས་སྐུ་འཁྲུངས་པ་ཡིན་ཏེ།  འཁྲུངས་ལོ་གསལ་ཐག་ཆོད་པ་ད་ལྟ་ཆོས་འབྱུང་ལོ་རྒྱུས་གང་དུའང་མི་འདུག  དེ་ཡང་འཇལ་དཔལ་རྩ་རྒྱུད་ལས། ང་ནི་མྱ་ངན་འདའ་འོག་ཏུ། །ལོ་ནི་དགུ་བརྒྱ་ལོན་པ་ན། །ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་ཀྱི་ནི་དོན་ལ་མཁས། །མདོ་སྡེ་ངེས་དོན་དྲངས་པའི་དོན། །རྣམ་པ་མང་བོ་རབ་ཏུ་འབྱེད། །འཇིག་རྟེན་རིག་པ་སྟོན་བདག་ཉིད། །གཞུང་འབྱེད་ངང་ཚུལ་ཅན་དུ་འགྱུར། །ཞེས་གསལ་བར་ལུང་དུ་བསྟན་པ་ཐུབ་པའི་བསྟན་པ་ཉམས་པ་གསོ་ཕྱིར་དུ་སྟོན་པ་མྱ་ངན་ལས་འདས་ནས་ལོ་དགུ་བརྒྱ་ཙམ་ན་འཁྲུངས་པར་གསུངས་པ་ཡིན་ལ།  རྒྱ་གར་ཆོས་འབྱུང་དུ།  སློབ་དཔོན་དབྱིག་གཉེན་དང་བོད་ཀྱི་རྒྱལ་བོ་ལྷ་ཐོ་ཐོ་རི་གཉིས་དུས་མཉམ་ཚུལ་གསལ་ཞིང་། དེ་ལྟར་གསུངས་པ་གུང་བསྒྲིགས་ན་སློབ་དཔོན་འཕགས་པ་ཐོགས་མེད་ནི། སྤྱི་ལོ་དུས་རབས་བཞི་བ་ནས་ལྔ་བའི་བར་བྱུང་བ་ཞིག་ཡིན་ལ།  མཁས་དབང་དགེ་འདུན་ཆོས་འཕེལ་གྱི་དེབ་ཐེར་དཀར་པོའི་ནང་དུ།  སྲོང་བཙན་སྒམ་པོ་དང་།  སློབ་དཔོན་ཕྱོགས་གླང་གཉིས་དུས་མཉམ་དུ་འདོད་པ་སོགས་དང་། དུང་དཀར་ཚིག་མཛོད་དུ། སློབ་དཔོན་ཕྱོགས་གྱི་གླང་བོའི་སློབ་མ་སློབ་དཔོན་དབང་ཕྱུག་སྡེ་ཡིན་པ་དང་དེའི་སློབ་མ་སློབ་དཔོན་ཆོས་ཀྱི་གྲགས་པ་དང་།  བོད་ཀྱི་རྒྱལ་བོ་སྲོང་བཙན་སྒམ་པོ་གཉིས་དུས་མཉམ་པར་ཇོ་ནང་ཏཱ་ར་ནཱ་ཐས་རྒྱ་གར་ཆོས་འབྱུང་ལས་གསུངས་པ་གུང་བསྒྲིགས་ན་སློབ་དཔོན་འཕགས་པ་ཐོགས་མེད་ནི། སྤྱི་ལོ་དུས་རབས་བཞི་བ་ནས་ལྔ་བའི་མཇུག་བར་བྱུང་བ་ཡིན་སོགས་གསལ་བར་གསུངས།  དགུང་ལོ་བརྒྱ་དང་ལྔ་བཅུ་བར་གྲོང་ཁྱེར་རྒྱལ་བོའི་ཁབ་ཏུ་སྐུའི་བཀོད་པ་བསྡུས་ཏེ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ། །

    སློབ་གཉེར་མཛད་པ།     

  དེ་ཡང་རྒྱ་གར་དུ་དམ་པའི་ཆོས་མངོན་པ་ལ་དགྲ་ལན་གསུམ་དུ་བྱུང་བ་ཐ་མའི་ཚེ་ན་བྲམ་ཟེ་མོ་གསལ་བ་ཚུལ་ཁྲིམས་ཞེས་པ་ནང་བའི་བསྟན་པ་ལ་དད་པ་བསྐྱེད་དེ།  བདག་ནི་བུད་མེད་ཀྱི་ལུས་སུ་སོང་བས་བསྟན་པ་གསོ་བར་མི་ནུས་མོད།  བུ་ཞིག་སྐྱེས་ནས་ནང་བའི་ཐེག་པ་ཆེན་པོའི་བསྟན་པ་སྤེལ་དུ་འཇུག་སྙམ་ནས་རྒྱལ་རིགས་དང་འདུས་པས་འཕགས་པ་ཐོགས་མེད་འཁྲུངས་པ་དང་།  བྲམ་ཟེ་དང་འདུས་པས་དབྱིག་གཉེན་འཁྲུངས།  འཕགས་པ་ཐོགས་མེད་འཁྲུངས་མ་ཐག་ནས་ལྕེ་ལ་གྷི་ཝང་གི་ཨ་ཡིག་འབྲི་ལ་སོགས་པའི་བློ་རྣོ་བའི་ཆོ་ག་རྣམས་བྱས།  ཡིག་རྩིས་དང་།  བྲམ་ཟེའི་རིག་བྱེད་སོགས་རིག་གནས་ཐུན་མོང་བ་རྣམས་ཡུམ་རང་ཉིད་ཀྱིས་བསླབས།  དེ་ནས་ཆེར་སྐྱེས་ནས་ཕའི་ལས་གང་ཡིན་དྲིས་པར།  ཡུམ་གྱིས་ཁྱོད་ཕའི་རིགས་སྐྱོང་བའི་ཕྱིར་སྐྱེས་པ་མིན་གྱི་སངས་རྒྱས་ཀྱི་བསྟན་པའི་ཆེད་དུ་ཡིན་བློ་ལ་སངས་རྒྱས་ཀྱི་བསྟན་པ་དར་བར་གྱིས་ཤིག་ཅེས་གསུངས་ནས་རབ་ཏུ་འབྱུང་དུ་བཅུག་པར།  དགེ་ཚུལ་དང༌།  དེ་ནས་མཁན་སློབ་དགེ་འདུན་དང་བཅས་པའི་དབུས་སུ་བསྙེན་པར་རྫོགས་ཏེ་སྡེ་སྣོད་གསུམ་ལ་སྦྱངས་པས་ལོ་རེ་ལ་ཚིགས་བཅད་འབུམ་གྱི་ཚིག་དོན་གཉིས་ཀ་ཐུགས་སུ་ཆུད་པར་མཛད་པས་རིང་པོར་མ་ཐོགས་པར་སྡེ་སྣོད་གསུམ་ཐུགས་སུ་ཆུད།

  འོན་ཀྱང་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་རྣམས་རྟོགས་དཀའ་བར་བྱུང་ནས་ཤེར་ཕྱིན་གྱི་མདོ་སྡེའི་དོན་ཐེག་པ་ཆེན་པོའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ནམ་ཞིག་ན་རྙེད་སྙམ་དུ་དེ་འབའ་ཞིག་ཐུགས་ལ་བཅངས་ནས་ཚུལ་ཁྲིམས་དག་པར་བྱ་བ་དང༌།  ཚོགས་བསག་པ་དང༌།  སྒྲིབ་པ་སྦྱོང་བའི་སྒོ་དུ་མ་རྟག་ཏུ་འབད་པར་མཛད།

    བྱམས་མགོན་ཞལ་གཟིགས་པ།

  འཕགས་པ་ཐོགས་མེད་ཀྱིས་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ཞིག་ལ་སྒྱུ་འཕྲུལ་དྲ་བའི་དབང་ཞུ་བར་མཛད་ནས་དེའི་དཀྱིལ་འཁོར་དུ་བཞུགས་ཏེ་ལྷག་པའི་ལྷ་གང་ལ་འབྲེལ་ཆེ་དང༌།  གང་ལ་གསོལ་བ་བཏབ་ན་བྱིན་རླབས་འབྱུང་བ་བརྟག་པའི་ཕྱིར་མེ་ཏོག་དོར་བ་ན་མེ་ཏོག་བྱམས་མགོན་ལ་བབས་སོ། །དེ་ནས་རྗེ་བཙུན་བྱམས་པ་མགོན་པོ་བསྒྲུབས་པ་ལ་སངས་རྒྱས་ཀྱི་བསྟན་པ་དར་བར་བྱའོ་སྙམ་ནས།  རི་བོ་བྱ་རྐང་གི་སྒྲུབ་ཕུག་ཏུ་ལོ་བཅུ་གཉིས་ཀྱི་བར་དུ་ཡང་དང་ཡང་དུ་བསྒྲུབས་ཀྱང་འགྲུབ་པའི་རྟགས་མཚན་མ་ཐོན་པས།  ཐུགས་སྐྱོ་སྟེ་ཕྱིར་ཕེབས་པས་ན།  ཁྱི་མོ་ཞིག་སྨད་འབུས་གཞིག་བཞིན་ཟུག་སྐད་འབྱིན་པ་ཞིག་གཟིགས་པས།  སྙིང་རྗེ་ཚད་མེད་ཅིག་སྐྱེས་ཏེ།  དེར་འབུ་རྣམས་ལག་པས་བླངས་ན་འབུ་འཆི་བར་དོགས་ཏེ་སྤྱན་བཙུམ་ནས་འབུ་ལྗགས་ཀྱིས་བླང་བར་བརྩམས་པའི་ཚེ།  ཅི་ཡང་མ་རྙེད་པས།  གཟིགས་པ་ན།  རྗེ་བཙུན་བྱམས་པ་མགོན་པོ་གཟི་འོད་འཕྲོ་བ་ཞིག་གཟིགས་པས།  གཟིགས་ནས་ངུ་བའི་ཚུལ་གྱིས།  ཀྱེ་མ་ཡབ་གཅིག་བདག་གི་སྐྱབས། །ངལ་བརྒྱས་འབད་ཀྱང་འབྲས་མ་མཆིས། །ཅི་ཕྱིར་ཆར་སྤྲིན་རྒྱ་མཚོའི་དཔུང་། །གདུང་བས་བསྲེགས་ཏེ་སྐམ་ཚད་འབེབས། །བདག་གིས་དེ་ཙམ་བསྒྲུབས་ཀྱང་རྟགས་ཙམ་ཀྱང་མ་བྱུང་བ་ཐུགས་རྗེ་རེ་ཆུང་ཞེས་ཞུས་པས།  རྗེ་བཙུན་གྱིས།  ལྷ་ཡིས་རྒྱལ་བོས་ཆར་ཕབ་ཀྱང་། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང་། །སྐལ་བ་མེད་པས་བཟང་མི་མྱོང་། །ང་དང་བོ་ནས་ཡོད་དེ་ཁྱོད་རང་གི་སྒྲིབ་པས་མ་མཐོང་ལ།  ད་ལྟ་སྙིང་རྗེ་ཆེན་པོ་སྐྱེས་པས་ལས་སྒྲིབ་དག་ནས་ང་མཐོང་བ་ཡིན།  ཡིད་མ་ཆེས་ན་ཁྱོད་རང་གི་ཕྲག་པར་ཁུར་ལ་གཞན་ལ་སྟོན་ཅིག་གསུངས།  དེ་ལྟར་གཞན་ལ་བསྟན་པར་གཞན་སུས་ཀྱང་མ་མཐོང་པ་ལ་ཡིད་ཆེས་ནས་དད་པ་དཔག་ཏུ་མེད་པ་ཐུགས་རྒྱུད་ལ་འཁྲུངས་སོ། །

    དགའ་ལྡན་དུ་བྱོན་པ།

  འཕགས་པ་ཉིད་ལ་རྗེ་བཙུན་བྱམས་མགོན་གྱིས་ཞལ་གཟིགས་ཏེ།  ཁྱོད་ཅི་འདོད་གསུང་བ་ལ་ཐེག་ཆེན་དར་བར་ཞུ་འཚལ་བྱས་པས།  ངའི་ཆོས་གོས་ལ་འཇུས་ཤིག་གསུངས་ནས་དགའ་ལྡན་དུ་བྱོན་ཏེ་ལྷའི་གྲོ་སྐད་ཅིག  མི་ལོ་ལྔ་བཅུར་བཞུགས་ཏེ་ཐེག་པ་ཆེན་པོའི་ཆོས་མཐའ་ཡས་པ་གསན།  ལྷག་པར་ཤེར་ཕྱིན་གྱི་མདོ་རིན་པོ་ཆེའི་དོན་ཐེག་པ་ཆེན་པོའི་ལམ་གྱི་རིམ་པའི་གནད་རྣམས་གཏིང་ཕྱིན་པར་ཞུས་ཏེ་ཇི་ལྟར་གསུངས་པའི་དོན་རྣམས་ལ་སེམས་པ་དང་འཇལ་བ་དང་རྟོག་པར་བྱེད་ཅིང་བསྒོམས་པའི་མཐུས་ཏིང་ངེ་འཛིན་གྱི་སྒོ་བརྒྱ་ཕྲག་དུ་མ་ཐོབ་ཅིང༌།  མི་བརྗེད་པའི་གཟུངས་དང༌།  ཐོགས་པ་མེད་པའི་སྤོབས་པ་དང༌།  ཐེག་པ་ཆེན་པོའི་ཆོས་རྣམ་པར་འབྱེད་པའི་ཤེས་རབ་ཐོབ་ཅིང་ཆོས་ཉིད་མངོན་དུ་གྱུར་ཏེ་འཕགས་པའི་ས་ཐོབ།  དེ་ནས་གདུལ་བྱའི་དོན་དུ་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་སྦས་དོན་མངོན་རྟོགས་ལམ་གྱི་རིམ་པ་ཚང་བར་སྟོན་པའི་བསྟན་བཅོས་རྩོམ་པར་ཞུས་པས།  རྗེ་བཙུན་བྱམས་པ་མགོན་པོས་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་སྦས་དོན་བྱང་ཆུབ་ལམ་གྱི་རིམ་པ་སྟོན་པའི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་དང༌།  མདོ་སྡེ་རྒྱན་དང༌།  དབུས་མཐའ་རྣམ་འབྱེད།  ཆོས་ཉིད་རྣམ་འབྱེད།  རྒྱུད་བླ་མ་སྟེ་ཆོས་ལྔ་བརྩམས།  སླར་མི་ཡུལ་དུ་ཕེབས་ནས་བྱམས་ཆོས་ལྔ་ཡི་གེར་བཀོད།  བསྟན་པ་དང་འགྲོ་བའི་དོན་མཛད་དོ། །

    སེམས་ཙམ་པའི་སྲོལ་ཕྱེ་བ།

  འདིར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་དབུ་མའི་ལྟ་བ་དང་། འཕགས་པ་ཐོགས་མེད་ཀྱིས་སེམས་ཙམ་པའི་ལྟ་བ་སྲོལ་ཕྱེ་བའི་སྒོ་ནས་ཐེག་པ་ཆེན་པོའི་ཆོས་རྒྱས་པར་བྱས་པ་ཡིན།  ནང་བ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་ལ་ཐེག་དམན་དང་ཐེག་ཆེན་གྱི་གྲུབ་མཐའ་གཉིས་ལས།  དང་བོ་ནི་སྟོན་པ་བཅོམ་ལྡན་འདས་སྐུ་མྱ་ངན་འདས་ནས་ཕལ་ཆེར་མ་ཉམས་པར་གནས་པས་ཤིང་རྟའི་སྲོལ་ཕྱེ་མི་དགོས་ལ།  ཐེག་ཆེན་གྱི་གྲུབ་མཐའ་ནི་སྟོན་པ་མྱ་ངན་ལས་འདས་ནས་རིང་བོ་མ་ལོན་པར་མི་ཡུལ་དུ་ཉམས་ནས་ཡུན་རིང་བོའི་བར་མ་དར།  ཐེག་པ་ཆེན་པོའི་མདོ་སྡེ་ཕལ་མོ་ཆེ་ལྷ་དང་ཀླུ།  དྲི་ཟ།  སྲིན་པོ་ལ་སོགས་པའི་ཡུལ་དུ་དྲངས་ནས་དེ་དག་གི་མཆོད་གནས་སུ་གྱུར།  འཛམ་པའི་གླིང་དུ་ཡོད་པ་རྣམས་ལ་དགྲ་ལན་མང་བྱུང་སྟེ།  ཕལ་ཆེར་ནུབ།  ཕྱིས་ལྷ་དང་ཀླུ་ཡུལ་སོགས་ཐ་དད་པ་རྣམས་ནས་མི་ཡུལ་དུ་གདན་དྲངས་ཤིང་།  ཁྱད་པར་ཀླུ་ཡུལ་ནས་དྲངས་པ་མང་།  དེའི་ཚེ་ཐེག་པ་ཆེན་པོའི་སྙན་པ་ཕྱོགས་ཐམས་ཅད་དུ་ཁྱབ་པས།  ཉན་ཐོས་དག་གི་བློར་མ་ཤོང་ནས་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་ཞེས་སྐུར་བ་བཏབ་པས།  ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་གཉིས་རིམ་པར་བྱོན་ཏེ།  འཕགས་པ་ཐོགས་མེད་ཀྱིས་སེམས་ཙམ་པའི་ཤིང་རྟའི་སྲོལ་ཕྱེ་བ་སོགས་མི་ཡུལ་དུ་ཐེག་པ་ཆེན་པོའི་ཆོས་དར་བར་བྱས་སོ། །

    བརྩམས་ཆོས།

  སློབ་དཔོན་འདི་ཉིད་ཀྱི་བསྟན་བཅོས་ལ《ཡུམ་རྒྱས་འབྲིང་བསྡུས་གསུམ》དང《མངོན་རྟོགས་རྒྱན་གྱི་དོན་སྟོན་པ་དེ་ཉིད་རྣམ་ངེས》《ཐེག་པ་ཆེན་པོའི་སྡེ་སྣོད་གསུམ་གྱི་དོན་རྒྱས་པར་སྟོན་པ་ས་སྡེ་ལྔ》《ས་ཡི་དངོས་གཞི》《རྣམ་པར་གཏན་ལ་དབབ་པ་བསྡུ་བ》《གཞི་བསྡུ་བ》《རྣམ་གྲངས་བསྡུ་བ》《རྣམ་པར་བཤད་པའི་སྒོ་བསྡུ་བ》《ཐེག་པ་ཆེན་པོའི་དོན་བསྡུས་ནས་སྟོན་པ་ཐེག་བསྡུས》《ཐེག་པ་ཐུན་མོང་གི་དོན་བསྡུས་ཏེ་སྟོན་པ་མངོན་པ་ཀུན་བཏུས》རྣམས་ཡིན་ནོ། །

  དཔྱད་གཞིའི་ཡིག་ཆ།

  དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པའི 《དུང་དཀར་ཚིག་མཛོད་ཆེན་མོ》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོའི་ཟླ4བའི་དཔར་ཐེངས་དང་པོ། ཤོག་ངོས1058ན་གསལ། 

  ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི 《ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། སྟོད་ཆ》 བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། 2011ལོའི་ཟླ1པོའི་དཔར་ཐེངས་དང་པོ། ཤོག་ངོས122ན་གསལ། 

  • 顶 0