ཞོ་ར་པདྨ་དབང་ཆེན་དང《བོད་ཀྱི་ལོ་རྒྱུས་རིག་གནས་དགའ་ཚལ》

2017-10-10

 

  ནུབ་བྱང་མི་རིགས་སློབ་ཆེན་གྱི་རབ་འབྱམས་པའི་མཛུབ་སྟོན་དགེ་རྒན།  བོད་ཀྱི་ལོ་རྒྱུས་དང་ཡིག་རྙིང་ཆེད་ལས་མཁས་པ་ཞོ་ར་པདྨ་དབང་ཆེན་ལགས་ཀྱིས་མི་ལོ་མང་པོའི་རིང་ལ་འབད་བརྩོན་གྱིས་བརྩམས་པའི《བོད་ཀྱི་ལོ་རྒྱུས་རིག་གནས་དགའ་ཚལ》ཞེས་པ་ཉེ་ལམ་འགྲེམས་སྤེལ་བྱས། 

 

  ཞོ་ར་པདྨ་དབང་ཆེན། བོད་རིགས། སློབ་དཔོན་ཆེན་མོ། 1965ལོའི་ཟླ12བར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་ནས་འཁྲུངས། 1983ལོར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་དགེ་འོས་སློབ་གྲྭ་རུ་སློབ་མཐར་ཕྱིན་མ་ཐག ལོ་དེར་ཐུན་རིན་རྫོང་རྒྱང་སྒྲོག་ས་ཚིགས་སུ་ལས་བགོས་བྱས་པ་དང་། རྩོམ་སྒྲིག་དང་ལོ་ཙྭ། གསར་འགོད་བཅས་ཀྱི་བྱ་བ་སྒྲུབ། 1986ལོ་ནས1990ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་སློབ་གླིང་ནས་སློབ་གཉེར་མཛད་པ་དང་དངོས་གཞིའི་བསླབ་གནས་བླངས། 1990ལོ་ནས1993ལོའི་བར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་སློབ་གླིང་ནས་སློབ་གཉེར་མཛད་པ་དང་རབ་འབྱམས་པའི་བསླབ་གནས་བླངས།

  1993ལོ་ནས་ད་ལྟའི་བར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་དགེ་རྒན་གྱི་ཕྱག་ལས་གཉེར་བཞིན་ཡོད་པ་དང་།  1995ལོར་འཆད་ཁྲིད་དགེ་རྒན་ལ་ལས་གནས་རེག  1996ལོར་པེ་ཅིན་དགེ་ཐོན་སློབ་གྲྭ་ཆེན་མོའི་རྒྱའི་སྐད་ཡིག་སྡེ་ཁག་ནས་ལོ་གཅིག་གི་རིང་ལ་སློབ་གཉེར་བྱས་པ་དང་། 2000ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ན་གཞོན་དར་མའི་རིག་ཚན་སྣེ་ཁྲིད་པ་རུ་བདམས། ལོ་དེར་ད་དུང་ཀན་སུའུ་ཞིང་ཆེན་ན་གཞོན་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ། 2003ལོར་དབྱིན་ཇིའི་ཉིག་ཅིན་སློབ་གྲྭ་ཆེན་མོས་གཙོ་སྒྲུབ་གནང་བའི་སྐབས་བཅུ་བའི་རྒྱལ་སྤྱིའི་བོད་རིག་པའི་བགྲོ་གླེང་ལ་ཞུགས་པ་དང་། 2004ལོར་ཨ་མེ་རི་ཁའི་ཝ་ཧྲིང་ཐོན་ཆའོ་ཀྲུ་མིན་སུན་སློབ་གྲྭ་ཆེན་མོ་ནས་ལོ་གཅིག་གི་རིང་ལ་སློབ་གཉེར་མཛད། 2008ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་འབུམ་རམས་པའི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་པ་དང་2009ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཕུལ་བྱུང་འབུམ་རམས་པའི་ཞིབ་འཇུག་སློབ་མའི་གཟེངས་རྟགས་ཐོབ།

  2010ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོའི་ཕྱག་ལས་གནང་ཞིང་། ད་ལྟ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་སློབ་གླིང་གི་གནའ་རབས་རྩོམ་རིག་སློབ་དཔྱོད་ཁང་གི་ཀྲུའུ་རེན་དང་། ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་སློབ་གླིང་གི་རབ་འབྱམས་པའི་མཛུབ་སྟོན་སློབ་དཔོན། རྒྱལ་སྤྱིའི་བོད་རིག་པའི་བགྲོ་གླེང་མཐུན་ཚོགས་ཀྱི་ཚོགས་མི་དང་མཚོ་སྔོན་ཞིང་ཆེན་ཐུན་རིན་རྫོང་དགེ་འདུན་ཆོས་འཕེལ་སློབ་གསོ་ཐེབས་རྩ་ཚོགས་པའི་ལས་འཛིན་པ་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད། སློབ་ཁྲིད་མཛད་པའི་བསླབ་བྱ་སོ་སོར《གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ།》དང《བོད་ཀྱི་ལོ་རྒྱུས》《བོད་ཀྱི་གནའ་རབས་རྩོམ་རིག》《བོད་ཀྱི་གནའ་རབས་ལོ་རྒྱུས》སོགས་ཡིན་ལ། འབུམ་རམས་པ་དང་རབ་འབྱམས་པའི་ཞིབ་འཇུག་སློབ་མ།དངོས་གཞིའི་སློབ་མ་བཅས་ལ་སློབ་ཁྲིད་གནང་བཞིན་ཡོད།།

<