དགེ་བཤེས་ལྷ་རམས་པ་འཇམ་དཔལ་བློ་ཤེས་ངོ་སྤྲོད་མདོར་བསྡུས།

2017-06-20

 

  ༄༅། །འཕགས་ཡུལ་སེར་བྱེས་མཁས་སྙན་གྲྭ་ཚང་གི་ལུང་རིགས་སྨྲ་བའི་ཁྱུ་རྒྱན་དགེ་བཤེས་ལྷ་རམས་པ་གྲགས་ཆེན་འཇམ་དཔལ་བློ་ཤེས་མཆོག་ནི། མདོ་སྟོད་འདན་མའི་ཡུལ་གྱི་ཁམས་ཀློང་ཐང་སྒྲོལ་མ་ལྷ་ཁང་དང་ཁད་ཉེ་བའི་འདན་ཡུལ་ཀ་ཕུ་བསམ་འགྲུབ་གླིང་དུ་ཡབ་མགོན་པོ་རྡོ་རྗེ་དང་ཡུམ་དགེ་རྩེ་གཉིས་ཀྱི་སྲས་སུ་སྤྱི་ལོ་༡༩༦༨ལོར་སྐུ་འཁྲུངས།

  སྐུ་ཆུང་དུས་ནས་སློབ་ཆུང་འགྲིམ་།དགུང་གྲངས་བཅུ་བདུན་ཐོག་གངས་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསོད་ནམས་བསྟན་པའི་དབང་ཕྱུག་མཆོག་སོགས་མཁན་སློབ་དགེ་འདུན་གྲངས་ཚང་བའི་དབུས་སུ་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་གནོས་ཤིང་མཚན་ལ་འཇམ་དཔལ་བློ་ཤེས་ཞེས་གསོལ། དགུང་གྲངས་ཉི་ཤུའི་ཐོག་ཁམས་ཀློང་ཐང་སྒྲོལ་མ་ལྷ་ཁང་དུ་གངས་སྤྲུལ་རིན་པོ་ཆེའི་མདུན་ནས་ཚིགས་ཕྱི་མ་བརྙེན་རྫོགས་ཀྱི་སྡོམ་པ་བཞེས། དེ་དུས་སུ་ཁོང་འདོན་རྟ་དབྱངས་དང་ཆོ་གའི་ཕྱག་ལེན་ལ་ཤིན་ཏུ་མཁས་པར་གྱུར་སྐབས་ཁོང་གི་དགེ་རྒན་མཁན་རིན་པོ་ཆེ་བློ་དགའ་འམ་ཚུལ་ཁྲིམས་བྱམས་པ་མཆོག་ནས་ཁྱོད་ཀྱིས་འདོན་རྟ་དབྱངས་སོགས་ཅི་ལྟར་ཤེས་ཀྱང་ཧ་ལས་རྒྱུ་གང་ཡང་མེད་། གཙོ་བོ་འདི་དག་གི་དོན་ཤེས་དགོས། དེ་བས་གདན་ས་ཆེན་པོ་ཞིག་ལ་སོང་ནས་མཚན་ཉིད་ཀྱི་གཞུང་ཆེན་ཁག་ལ་སློབ་གཉེར་གནང་དགོས་ཞེས་ཡང་ཡང་གསུངས་ཤིང་། གདན་ས་འབྲས་སྤུངས་སུ་འགྲོ་དགོས་པའི་བསླབ་བྱ་གང་མང་གནང་བ་དང་ཁོང་ལའང་ཐོས་བསམ་བྱེད་འདོད་ཀྱི་འདུན་པ་ཤུགས་དྲག་སྐྱེས་ཏེ། ཁོང་གི་ཆོས་གྲོགས་འཇམ་ཆོས་དང་མཉམ་དུ་དབུས་འགྱུར་ལྷ་ལྡན་ཞིང་གི་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་ཕེབས་ཏེ་དེར་བཞུགས་རྩིས་བྱས་བ་ན་དེ་ན་གླིང་ཁམས་ཚན་དུ་བླ་གྲྭ་ཁ་ཤས་ལས་མེད་ལ་དེ་དག་གིས་ཀྱང་ཁྱོད་འདིར་སྡོད་ས་ཡག་པོ་མེད་པའི་གནས་ཚུལ་གསུངས་ནས་བཞུགས་བདེ་བོ་མ་བྱུང་བས་ཕྱིར་རང་ཡུལ་དུ་ཕེབས། ཕ་ཡུལ་དང་ཐག་ཉེ་བའི་དགོན་པ་མཁས་མང་འདུས་པའི་གདན་ས་རྫ་སེར་ཤུལ་དགོན་དུ་ཚོགས་ཞུགས་མཛད་དེ་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་མཁན་ཟུར་ཐུབ་བསྟན་དབང་པོ་སོགས་མཁས་གྲུབ་དུ་མའི་ཞབས་ལ་གཏུགས་ནས་ལྟོ་སྐྱ་གོས་ཧྲུལ་ངང་སློབ་གཉེར་དཔྱིས་ཕྱིན་པ་མཛད་ནས་སྐྱེས་སྟོབས་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་བརྩོན་པ་ལ་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བ་བྱུང་།

  དགུང་ལོ་ཉེར་བཞིའི་ཐོག་འཕགས་ཕུལ་དུ་ཕེབས་ཏེ་རིང་ནས་སྙིང་དུ་བརྣག་པའི་རེ་འདོད་བཞིན་ལྷ་མིའི་རྣམ་འདྲེན་རྒྱལ་བ་ཐམས་ཅད་མཁྱེན་པ་མཆོག་གི་ཞལ་མཇལ་གསུང་ཐོས་དང་། དེ་ནས་བཟུང་ལོ་ཉི་ཤུའི་རིང་ཟབ་གསང་གསུང་གི་བདུད་རྩི་ངོམས་མེད་དུ་ལོངས་སུ་སྤྱོད་། མཁས་གྲུབ་བྱེ་བའི་བསྟི་གནས་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་ཕེབས་ཏེ་ལུང་རིགས་དབྱངས་སྙན་སྒྲོག་པའི་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཚོགས་ཞུགས་མཛད་ནས་། བསྟན་འཛིན་བྱེ་བའི་གཙུག་རྒྱན་གཙང་བ་མཁན་ཟུར་བློ་བཟང་ཚེ་རིང་སོགས་ངེས་དོན་སྐྱེས་མཆོག་དུ་མའི་ཞབས་རྡུལ་སྤྱི་བོར་བླངས་ཏེ་བསྡུས་གྲྭ་ནས་དབུ་མའི་བར་མཚན་ཉིད་ཀྱི་གཞུང་ཆེན་ཁག་དང་བྲིས་སུམ་རྟགས་སོགས་ཐུན་མོང་རིག་གནས་སོགས་ལ་ཉིན་མཚན་སྦྲེལ་ནས་སློབ་གཉེར་རྡོ་རུས་ཐུག་པ་མཛད་དེ་སེར་བྱེས་མཁས་སྙན་གྲྭ་ཚང་གི་རིགས་ཆུང་ཨང་དང་པོ་རིགས་ཀྱི་སྔ་རྒོལ་བཞེངས་བ་དང་། ལོ་འཁོར་རྒྱུགས་སྤྲོད་ཕལ་ཆེ་བ་ཨང་དང་པོའི་དང་པོ་བཞེས་བ་སོགས་སྤྱི་བཏང་མ་ཡིན་པའི་སློབ་གཉེར་གྱི་གྲུབ་འབྲས་ཐོབ།

  སྤྱི་ལོ་༢༠༠༡ ལོར་སེར་ཤུལ་ཁྲི་ཟུར་རིན་པོ་ཆེའི་ཐུགས་རེ་ལྟར་ཕྱིར་བོད་ཡུལ་དུ་ཕེབས་ཤིང་། སེར་ཤུལ་དགོན་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་རྒན་མཛད་དེ་གདན་ས་ཆེན་པོའི་འཆད་ཉན་མཛད་ཚུལ་དང་རྩོད་རིགས་སྤེལ་ཚུལ་སོགས་དཔེ་ཁྲིད་དང་བསླབ་སྟོན་གནང་ནས་མངོན་གསལ་གྱིས་སློབ་གཉེར་ཡར་རྒྱས་སུ་ཕྱིན་པ་སོགས་བཀའ་དྲིན་བླ་ལྷག་ཏུ་བསྐྱངས། དགུང་ལོ་སོ་ལྔའི་ཐོག་སློབ་གཉེར་མཐར་སོན་ཡོང་ཆེད་སླར་ཡང་འཕགས་ཡུལ་གདན་ས་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཕྱིར་ཕེབས་ཏེ། སློབ་གཉེར་མཐར་ཕྱིན་པ་མཛད། དགུང་ལོ་སོ་བདུན་ཐོག་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གི་རྒྱུགས་སྤྲོད་ཆེན་མོར་ཞུགས་ནས་དགེ་བཤེས་ལྷ་རམས་པ་གཏོང་བའི་སྔོན་འགྲོའི་མཛད་པ་མཛད་དེ་། གདན་ས་གསུམ་གྱི་བློ་གསལ་མཁས་མང་འདུས་པའི་དབུས་ནས་གཞུང་ལུགས་སྨྲ་བའི་བཀའ་རམས་པའི་རྒྱུགས་འབྲས་ཨང་དང་པོའི་དང་བོ་དང་། གཞུང་ལུགས་རབ་འབྱམས་སྨྲ་བའི་སློབ་དཔོན་གྱི་རྒྱུགས་འབྲས་ཨང་དང་པོའི་དང་པོ་དང་། གཞུང་ལུགས་སྨྲ་བའི་དབང་ཕྱུག་ལྷ་རམས་པའི་ཨང་དང་པོའི་གཉིས་བའི་མཚན་གནས་བཞེས་ཏེ་གདན་ས་ཁག་དང་བོད་ཀྱི་ཡུལ་གྲུ་ཀུན་ཏུ་སྙན་གྲགས་འབྲུག་ལྟར་ལྡིར་བ་བྱུང་། དེ་ལྟར་མདོ་ཕྱོགས་བཀའ་པོད་ལྔའི་སློབ་གཉེར་ལེགས་པར་འགྲུབ་བ་ན། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཞུགས་ཏེ་ཆོས་ཐོག་འགྲིམ་བཞིན་སྔགས་ལ་སློབ་གཉེར་ཡང་དག་པ་མཛད་ནས་མཐར་སྔགས་རམས་ཨང་དང་པོའི་དང་པོའི་མཚན་གནས་བཞེས། དེ་ནས་སེར་ཤུལ་དགོན་མཐོ་རིམ་ནང་བསྟན་སློབ་གླིང་དུ་ཡང་ཡང་གདན་འདྲེན་བྱས་པ་ལྟར་རང་ཡུལ་བོད་དུ་ཕེབས་ནས་དེང་གི་ཆར་སློབ་གླིང་གི་དགེ་རྒན་ཆེན་མོའི་ཕྱག་ལས་གནང་བཞིན་ཡོད་ལ། སེར་ཤུལ་ཁྲི་ཟུར་རིན་པོ་ཆེའི་ཐུགས་ཀྱི་དགོང་བཞེད་ལྟར་སློབ་གཉེར་བ་དགེ་འདུན་སྟོང་ཕྲག་ལྷག་ལ་དུས་རྒྱུན་དཔེ་ཁྲིད་དང་།བསླབ་བྱ་སློབ་སྟོན་། སློབ་གླིང་སྒྲིག་འཛུགས་སོགས་གང་ཅིའི་ཐད་བཀའ་དྲན་སྐྱོངས་བཞིན་ཡོད་། ལྷག་པར་དུ་ཁོང་གི་ཐུན་མོངས་མ་ཡིན་པའི་དཔེ་ཁྲིད་གནང་སྟངས་དང་དེའི་ཁྲོད་ཀྱི་ཡང་དག་པའི་བསླབ་བྱ་རེ་རེས་སློབ་མ་ཚོར་ཕན་ཐོགས་ཆེན་པོ་བྱུང་ཞིང་སློབ་མ་ཚོས་སློབ་གཉེར་བྱེད་ཕྱོགས་དང་བསམ་བློའི་འཛིན་སྟངས་སོགས་ལ་སྔར་ལས་ལྷག་པའི་ཡར་རྒྱས་ཆེན་པོ་བྱུང་ཞེས་ཀུན་གྱིས་གླེང་། ཁོང་གི་གཞུང་ཆེན་དཔེ་ཁྲིད་སྒྲ་འཇུག་ཉར་ཚགས་བྱས་བ་ཆ་ཚང་བ་ཆུ་ཚོད་ལྔ་བརྒྱ་དང་ལྔ་བཅུ་ལྷག་ཡོད་པ་རྣམས་བོད་གངས་ཅན་གྱི་ཆོས་བརྒྱུད་ཡོངས་ཀྱི་བཤད་གྲྭ་དང་རྩོད་གྲྭའི་སློབ་གཉེར་བ་ཞིག་ཡིན་ཕྱིན་གསན་མ་མྱོང་བ་མེད་པ་ལྟ་བུ་རེད་། དེར་མ་ཟད་མདོ་སྟོད་སྨད་ཀྱི་བོད་ཁམས་ས་ཆ་གང་མང་ཞིག་དུ་རིག་གཞུང་དང་བསམ་བློའི་བགྲོ་གླེང་། དགོན་པ་དང་ཡུལ་སྡེ་མང་པོས་གདན་འདྲེན་ཞུས་བ་བརྒྱུད་སྤྱི་ཚོགས་བསླབ་བྱ་དང་ནང་ཆོས་ངོ་སྤྲོད་སོགས་གང་མང་གནང་། གཞན་ཡང་དཔེ་ཁྲིད་ཀྱི་བྲེལ་འཚུབ་བར་ནས་མདོ་ཁམས་འཇང་དགུན་ཆོས་དང་གངས་ལྗོངས་མཁས་པའི་ལྷན་ཚོགས་གཉིས་ཀྱི་ཚོགས་གཙོའི་འགན་བཞེས་བཞིན་བོད་ཀྱི་མཁས་པ་མང་བོ་ཞིག་དང་མཉམ་དུ་དགོན་སྡེའི་སློབ་དེབ་རྩོམ་སྒྲིག་བྱེད་བཞིན་པ་བཅས་བོད་ཀྱི་ཆོས་དང་རིག་གཞུང་ལ་སྨན་པའི་རླབས་ཆེན་བྱ་བས་དུས་འདའ་བཞིན་བཞུགས་པ་ལགས་སོ།།

<