ཞི་བདེ་ཉི་མ།

2019-01-17

 

 ཞི་བདེ་ཉི་མ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་ནས་ཡིན་ཞིང་། བོད་ཁུལ་དུ་ཆེས་དགའ་བསུ་ཐོབ་པའི་འཁྲབ་སྟོན་པ་དང་སྒྱུ་རྩལ་པ། སྙན་ངག་པ།  འཁྲབ་ཁྲིད་པ།  སྐད་སྦྱོར་བ་བཅས་ཡིན། སྐབས9བའི་ཨོ་སི་ཁྲི་ལི་ཡའི་ཡ་གླིང་གློག་བརྙན་དུས་ཆེན་གྱི་མཛད་སྒོ་པུའུ་ལེ་སི་པན་གྲོང་ཁྱེར་ནས་བསྡུས་ཤིང་། མཛད་སྒོའི་སྟེང་གློག་བརྙན《ཐར་ལོ》ཡི་གཙོ་འཁྲབ་པ་ཞི་བདེ་ཉི་མ་ཡ་གླིང་གློག་བརྙན་དུས་ཆེན་གྱི་སྐྱེས་པའི་འཁྲབ་སྟོན་པ་རྩེ་གྲར་བདམས་ཐོན་བྱུང་བ་མ་ཟད། ཡ་གླིང་གློག་བརྙན་བྱ་དགའ་ཆེན་མོའི་མཐུན་ཚོགས་ཀྱི་ཚོགས་མི་དང2015ལོའི་ཡ་གླིང་གི་ཆེས་དགའ་བསུ་ཐོབ་པའི་སྐྱེས་པ་འཁྲབ་སྟོན་པ་སོགས་ཀྱི་བྱ་དགའ་དང་མཚན་སྙན་ཐོབ་པ་མ་ཟད། ཐེངས་འདིའི་གློག་བརྙན་དུས་ཆེན་སྟེང་གི་ཆེས་གདེངས་འཇོག་ཐོབ་པའི་རྒྱལ་སྤྱིའི་འཁྲབ་སྟོན་སྒྱུ་རྩལ་པ་རུ་གྱུར།

ཁོ་ནི་བོད་སྐད་བརྙན་འཕྲིན་ཟློས་གར་གྱི་སྲོལ་འབྱེད་པ་རུ་བགྲང་ཆོག་ལ། ཁོའི་བརྩམས་ཆོས་ལ་བརྙན་འཕྲིན་ཟློས་གར《བྱུ་རུའི་སྐེ་རྒྱན》དང《མོ་སྟོན་ཕག་མགོ》གློག་བརྙན《སྒྲོལ་མའི་མགུལ་རྒྱན》《ཨ་རིག་བུ་མོ་འབྲི་བརྒྱ་མ》《སྐལ་བཟང་གི་གཟའ་མཇུག》སོགས་དང་། གར་ཆུང《རྒྱན་ཆ》《ཁྱིམ་རྒྱུད་ནོར་བུ》《གངས་དཀར་པོར་ཉི་མ་འཆར་དུས》《གངས་དཀར་པོར་ལབ་ཙེ་བསྟོད་དུས》སྙན་རྩོམ《ངང་བ་སེར་པོ》དང《གངས་ལྗོངས་སྨོན་ལམ་ཆེན་མོ》《ང་ཚོས་སྤྱང་ཀི་ལ་སློབ་སྦྱོང་བྱེད་དགོས》སོགས་མང་པོ་ཡོད་ལ། བརྩམས་ཆོས་གང་མང་ལ་རྒྱལ་ཁབ་ཕྱི་ནང་ནས་བྱ་དགའ་མང་པོ་ཐོབ་མྱོང་།

 རང་རེའི་བོད་གངས་ལྗོངས་སུ་མི་རིགས་རང་སྐད་ཀྱིས་འཁྲབ་གཞུང་བསྒྲིགས་ཤིང་འཁྲབ་ཁྲིད་འཁྲབ་སྟོན་བྱས་པའི་བརྙན་འཕྲིན་ཟློས་གར་ཐོག་མ་ནི་སྤྱི་ལོ2004ལོར་ཕབ་སྐྲུན་བྱས་ཤིང་། སྤྱི་ལོ2005ལོའི་ལོ་སར་སྐབས་སུ་མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་ནས་བརྒྱུད་གཏོང་བྱས་པའི་གཅིག་ཚན་བརྙན་འཕྲིན་ཟློས་གར《བྱུ་རུའི་སྐེ་རྒྱན》ཞེས་པ་དེ་ཡིན་ལ། དེ་ནི་བོད་ཀྱི་སྐད་གྲགས་ཆོད་པའི་སྒྱུ་རྩལ་མཁས་ཅན་ཞི་བདེ་ཉི་མས་འཁྲབ་གཞུང་བྲིས་ཤིང་འཁྲབ་ཁྲིད་བྱས་པ་ཞིག་ཡིན་ལ། ཟློས་གར་དེར་དུས་ཚོད་སྐར་མ་སུམ་བཅུ་སོ་ལྔ་ཡོད་ལ། དེ་ལས་བོད་རིགས་འབྲོག་པ་དབུལ་པོ་ཞིག་གི་འུ་ཐུག་གི་འཚོ་བའི་ཁྲོད་དུ། བུ་མོ་ལ་བྱུར་རུའི་སྐེ་རྒྱན་ཞིག་ཉོ་བ་བརྒྱུད་ནས་ན་ཆུང་བུ་མོ་ཞིག་གི་དྭངས་གཙང་གི་སེམས་ཁམས་དང་འཚོ་བའི་ཕུགས་བསམ། སེམས་རྒྱུད་ཀྱི་བྱམས་དང་སྙིང་རྗེ་སོགས། བོད་རིགས་ཀྱི་རིག་གནས་འདུ་ཤེས་མཚོན་པ་ཞིག་ཡིན། བརྙན་འཕྲིན་ཟློས་གར་འདི་བརྙན་འཕྲིན་ལས་བརྒྱུད་གཏོང་བྱས་རྗེས། བོད་ཕྱི་ནང་གི་བགྲང་ལས་འདས་པའི་ལྟ་མཁན་དང་རིག་གནས་ཁྱབ་ཁོང་ཁྲོད་གྲགས་འགུལ་ཆེན་པོ་བཟོས་པ་དང་། ཟློས་གར་དེ་ལས་བྱུང་བའི་ཡིད་སེམས་འགུལ་བའི་གཏམ་རྒྱུད་དང་། བབ་ཆགས་དོད་པའི་མི་སྣའི་སྣང་བརྙན་དེ་དག་ལོ་ངོ་དུ་མའི་རིང་བོད་རིགས་ལྟ་མཁན་དག་གི་སེམས་ནས་ཡལ་ཐབས་མེད་པ་བཟོས་ཡོད།

 སྤྱི་ལོ2007ལོར་བསྡུས་པའི་སྐབས་དང་པོའི་ཀྲུང་གོའི་ནུབ་བརྒྱུད་སྒྲ་བརྙན་དུས་ཆེན་སྟེང་། བརྙན་འཕྲིན་ཟློས་གར་འདི་ལ་ཕུལ་བྱུང་བརྙན་འཕྲིན་ཟློས་གར་ཐུང་བའི་བྱ་དགའ་དང་། ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ་ཐོབ། སྤྱི་ལོ2007ལོར་ཞི་བདེ་ཉི་མས་འཁྲབ་གཞུང་དང་འཁྲབ་ཁྲིད། གཙོ་འཁྲབ་བྱས་པའི་བོད་རིགས་དམངས་ཁྲོད་གཏམ་རྒྱུད《མོ་སྟོན་ཕག་མགོ》གཞིར་བཟུང་ནས་བཅོས་བསྒྲིག་བྱས་པའི་བརྙན་འཕྲིན་ཟློས་གར་ལ་འབྲེལ་ཡོད་རྒྱལ་ཁབ་རིམ་པའི་མཆོག་མཆན་ཐོབ་ཤིང་ལོ་དེའི་ལོ་སར་སྐབས་སུ་མཚོ་སྔོན་བརྙན་འཕྲིན་ཁང་ནས་བརྒྱུད་གཏོང་བྱས་པའི་བོད་རིགས་ལྟ་མཁན་གཅོ་བྱས་པའི། མི་རིགས་སོ་སོའི་ལྟ་མཁན་དག་གིས་དགའ་བསུ་བླ་ལྷག་གིས་ཐོབ་པ་དང་། འབྲེལ་ཡོད་གློག་བརྙན་ཆེད་མཁས་པ་དང་བོད་རིགས་པའི་ཆེད་མཁས་པ་དག་གིས་ཀྱང་གདེངས་འཇོག་ཆེན་པོ་ཐོབ་ནས་འབྲེལ་ཡོད་དཔྱད་རྩོམ་གང་མང་སྤེལ་ནས་བརྙན་འཕྲིན་ཟློས་གར་འདིས་བླངས་པའི་གྲུབ་འབྲས་ཐད་རིན་ཐང་ལྡན་པའི་ལྟ་ཚུལ་བཏོན། བོད་རིགས་དམངས་ཁྲོད་གཏམ་རྒྱུད་གྲགས་ཅན་གཞིར་བཟུང་ནས་ཕབ་སྐྲུན་བྱས་པའི་ལེའུ་དྲུག་ཅན་གྱི་བརྙན་འཕྲིན་ཟློས་གར་འདི་ནི། བོད་ཀྱི་ལོ་རྒྱུས་སྟེང་བོད་རང་སྐད་ཀྱི་ལམ་ནས་ཕབ་སྐྲུན་བྱས་པའི་མུ་འབྲེལ་བརྙན་འཕྲིན་ཟློས་གར་ཐོག་མ་དང་། སྤྲོ་གར་བརྙན་འཕྲིན་ཟློས་གར་གྱི་ཐོག་མའི་ཟིན་ཐོར་བཀོད། སྐབས་གསུམ་པའི་ཀྲུང་གོའི་ལྷོ་བརྒྱུད་སྤྲོ་གར་གློག་བརྙན་དུས་ཆེན་སྟེང་། བརྙན་འཕྲིན་ཟློས་གར་འདིའི་འཁྲབ་གཙོ་ཞི་བདེ་ཉི་མ་ལགས་ལ་སྤྲོ་གར་གློག་བརྙན་འཁྲབ་སྟོན་པ་རྩེ་གྲའི་བྱ་དགའ་ཐོབ། བརྙན་འཕྲིན་ཟློས་གར་འདིའི་ངོ་མཚར་བྱུང་རིམ་དང་། འཁྲབ་སྟོན་པའི་གསོན་ཉམས་ལྡན་ཞིང་དགོད་བྲོ་བའི་སྒྱུ་རྩལ་ཉམས་འགྱུར་གྱིས་མི་རྣམས་ཀྱི་སེམས་སུ་བརྗེད་མི་ཐུབ་པའི་སྣང་བརྙན་བསྐྲུན་ཡོད་པ་དང་། བརྙན་འཕྲིན་ཟློས་གར་དེའི་ཁྲོད་ཀྱི་འཁྲབ་ཚིག་དང་ཕུལ་དུ་བྱུང་བའི་འཁྲབ་སྟོན་སྒྱུ་རྩལ་དེ་བོད་རིགས་དམངས་ཁྲོད་དུ་རིག་གནས་བརྡ་རྟགས་ཤིག་ལ་གྱུར་ཡོད་ལ་དེ་ཡིས་སྒྱུ་རྩལ་མཁས་ཅན་ཞི་བདེ་ཉི་མའི་མཚན་སྙན་གྲགས་ཀྱང་སྔར་ལས་ཇེ་རྒྱས་སུ་སོང་བ་དང། བརྙན་འཕྲིན་ཟློས་གར་འདི་ལས་བོད་རིགས་ལྟ་མཁན་དག་གིས་རང་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་བྱས་ནས། བོད་རང་ཉིད་ཀྱི་དམངས་ཁྲོད་གཏམ་རྒྱུད་ཟློས་གར་དུ་བསྒྲིགས་ནས་བརྙན་འཕྲིན་དུ་གཏོང་བའི་ཆེས་ཐོག་མའི་སྤྲོ་སེམས་དང་དགའ་སྐྱིད་ཚོར་བ་རྙེད་པ་རེད། ལྷག་པར་དུ་བོད་པའི་མི་རིགས་ཀྱིས་གཞན་མི་རིགས་ཀྱི་བརྙན་འཕྲིན་ཟློས་གར་སྒྱུར་སྐྲུན་ཁོ་ནར་ལྟ་བུའི་ལོ་རྒྱུས་ལ་རྫོགས་ཚིག་ཀྱང་བྲིས་པར་མ་ཟད། ཉེ་བའི་ལོ་འགའི་རིང་བོད་ཁུལ་གྱི་དུ་བོད་སྐད་ཀྱི་གློག་བརྙན་འཕྲིན་རིག་གནས་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་དང་མཛུབ་སྟོན་གྱི་ནུས་པ་ཐོན་ཡོད་པར་ལོ་རྒྱུས་ཀྱིས་ར་སྤྲོད་བྱུང་ཡོད། ལོ་འདི་དག་ལ་སྒྱུ་རྩལ་མཁས་ཅན་ཁོང་ནས་ཕབ་སྐྲུན་བྱས་པའི་གློག་བརྙན《སྒྲོལ་མའི་མགུལ་རྒྱན》ལ་ཀྲུང་གོའི་ནུབ་བརྒྱུད་སློབ་ཆེན་གློག་བརྙན་དུས་ཆེན་སྟེང་དངུལ་གྱི་བྱ་དགའ་ཐོབ་པ་དང་། 《སྐལ་བཟང་གི་གཟའ་མཇུག》ལ་དངོས་བཤུས་གློག་བརྙན་རྩེ་གྲ་དང་འཁྲབ་ཁྲིད་པ་རྩེ་གྲའི་བྱ་དགའ་ཐོབ། 《རྟ་མགྲིན་བཟང་མོ》ཞེས་པར་སྐབས2པའི་ཧྲིན་ཀྲིན་ གློག་བརྙན་དུས་ཆེན་ཁྲོད་དངོས་བཤུས་གློག་བརྙན་རྩེ་གྲ་དང་། སྐབས10བའི་ཀྲུང་གོའི་ན་ཆུང་བྱིས་པའི་གློག་བརྙན་དུས་ཆེན་སྟེང་འགྲེམ་སྟོན་གློག་བརྙན། ཀྲུང་གོའི་མི་རིགས་བརྗོད་བྱ་མཚོན་པའི་དངོས་བཤུས་གློག་བརྙན་བཅུ་ཡི་ནང་ལ་བདམས་ཐོན་བྱུང་།  

 
 

 སྤྱི་ལོ2016ལོར། སྐབས23པའི་པེ་ཅིན་སློབ་གྲྭ་ཆེན་མོ་བའི་གློག་བརྙན་དུས་སྟོན་གྱི་འཁྲབ་སྟོན་པ་གསར་བ་རྩེ་གྲའི་བྱ་དགའ། 《ཐར་ལོ》འོས་མིང་དུ་ཚུད་པ།

 སྤྱི་ལོ2016ལོར། སྐབས24པའི་ཧྲང་ཧའེ་གློག་བརྙན་དཔྱད་བརྗོད་མི་སྣའི་བྱ་དགའ་སྟེ་སྐྱེས་པའི་འཁྲབ་སྟོན་པ་གསར་བའི་བྱ་དགའ། 《ཐར་ལོ》བྱ་དགའ་ཐོབ་པ།

 སྤྱི་ལོ2015ལོར། སྐབས9བའི་ཡཱ་ཐའེ་གློག་བརྙན་དུས་སྟོན་གྱི་སྐྱེས་པའི་འཁྲབ་སྟོན་པ་རྩེ་གྲའི་བྱ་དགའ། 《ཐར་ལོ》འོས་མིང་དུ་ཚུད་པ།

 སྤྱི་ལོ2015ལོར། སྐབས9བའི་ཡཱ་ཐའེ་ཡི་ཆེས་དགའ་བསུ་ཐོབ་པའི་སྐྱེས་པའི་འཁྲབ་སྟོན་པའི་བྱ་དགའ། 《ཐར་ལོ》བྱ་དགའ་ཐོབ་པ།

གཟི་བརྗིད་ཀྱི་མིང་བྱང་། 

 བརྙན་འཕྲིན་ཟློས་གར《བྱུ་རུའི་སྐེ་རྒྱན》ཞེས་པར་སྐབས་དང་པོའི་ཀྲུང་གོ་ནུབ་ཁུལ་སྒྲ་བརྙན་དུས་སྟོན་གྱི་བརྙན་ཐུང་རྩེ་གྲའི་བྱ་དགའ་དང་འཁྲབ་ཁྲིད་པ་རྩེ་གྲའི་བྱ་དགའ་ཐོབ།

 བརྙན་འཕྲིན་ཟློས་གར《མོ་སྟོན་ཕག་མགོ》ཅེས་པར་སྐབས་གསུམ་པའི་ཀྲུང་གོ་སྤྲོ་གར་གློག་བརྙན་དུས་སྟོན་གྱི་དཔྱད་སྡུར་ཚོགས་པའི་འཁྲབ་སྟོན་བྱ་དགའ་ཐོབ།

 གློག་བརྙན《སྒྲོལ་མའི་མགུལ་རྒྱན》ཞེས་པར་སྐབས་དང་པོའི་ཀྲུང་གོ་ནུབ་ཁུལ་སློབ་ཆེན་པའི་གློག་བརྙན་དུས་སྟོན་གྱི་གཏམ་རྒྱུད་གློག་བརྙན་རྩེ་གྲའི་བྱ་དགའ་ཐོབ།

 དངོས་བཤུས་གློག་བརྙན《འགྲོ་བ་བཟང་མོ》ཞེས་པར་སྐབས་གཉིས་པའི་ཧྲིན་ཀྲེན་ཨང་ཀིའི་གློག་བརྙན་དུས་སྟོན་གྱི་དངོས་བཤུས་གློག་བརྙན་རྩེ་གྲའི་བྱ་དགའ་དང་སྐབས་བཅུ་བའི་ཀྲུང་གོ་རྒྱལ་སྤྱིའི་བྱིས་པའི་གློག་བརྙན་དུས་སྟོན་གྱི་འགྲེམ་ཞུགས་སྡེ་ཚན། ཀྲུང་གོའི་མི་རིགས་བརྗོད་གཞིར་བྱས་པའི་དངོས་བཤུས་གློག་བརྙན་བཅུའི་ནང་དུ་བདམས་ཐོན་བྱུང་།

 དངོས་བཤུས་གློག་བརྙན《སྐལ་བཟང་གི་གཟའ་མཇུག》ཅེས་པར་སྐབས་གསུམ་པའི་ཧྲིན་ཀྲེན་ཨང་ཀིའི་གློག་བརྙན་དུས་སྟོན་གྱི་དངོས་བཤུས་གློག་བརྙན་རྩེ་གྲའི་བྱ་དགའ། སྐབས་དང་པོའི་ཀྲུང་གོ་ནུབ་ཁུལ་སློབ་གྲྭ་ཆེན་མོ་བའི་གློག་བརྙན་དུས་སྟོན་གྱི་དངོས་བཤུས་གློག་བརྙན་རྩེ་གྲ་དང་འཁྲབ་ཁྲིད་པ་རྩེ་གྲའི་བྱ་དགའ་བཅས་ཐོབ།

 འཁྲབ་ཁྲིད་དང་སྐད་སྦྱོར་བྱས་པའི་བརྙན་འཕྲིན་ཟློས་གར《ཇིང་གིར་རྒྱལ་པོ》ཞེས་པར་སྐབས་བཅུ་བའི་རྟ་མཆོག་རྟགས་མའི་ཕུལ་བྱུང་བྱ་དགའ་ཐོབ།

 འཁྲབ་ཁྲིད་བྱས་པའི་བརྙན་འཕྲིན་ཟློས་གར《ཧྭ་ཝུའུ་ཆོན་དང་ཞའོ་ཡུའུ་ཨར》ཞེས་པར་སྐབས་དགུ་བའི་རྟ་མཆོག་རྟགས་མའི་ཕུལ་བྱུང་སྒྱུར་སྐྲུན་བརྙན་འཕྲིན་གྱི་བྱ་དགའ་ཐོབ།

 འཁྲབ་ཁྲིད་བྱས་པའི་བརྙན་འཕྲིན་ཟློས་གར《ཡོན་མིང་ཡོན་མེར་བསྲེགས་པ》ཞེས་པར་རྒྱལ་གཅེས་རིང་ལུགས་ཀྱི་བོད་སྐད་སྒྱུར་སྐྲུན་བརྙན་འཕྲིན་ཟློས་གར་བརྒྱའི་ནང་ཚན་གྱི་བྱ་དགའ་ཨང་དང་པོ་ཐོབ།

 འཁྲབ་ཁྲིད་པ་ཞི་བདེ་ཉི་མའི་གྲུབ་འབྲས་དང་བྱ་དགའ་ནི་འདི་ལས་གཞན་མང་པོ་ཡོད་པར་མ་ཟད། ཁོང་ཉིད་ཀྱིས་བརྩམས་པའི་གཞས་ཚིག་དང་སྙན་ངག དཔེ་ཆ་སོགས་ལའང་བྱ་དགའ་གང་མང་ཞིག་ཐོབ་ཡོད་དོ། །

<