བོད་ཡིག་འཕྲིན་སྦྱོར་ལས་དོན་གྱི་མདུན་སྐྱོད་པ

2019-04-12
0

དགེ་རྒན་ཆེན་མོ་དཀོན་མཆོག་རྡོ་རྗེའི་གནས་ཚུལ་ཆེད་བཀོད།

སུ་ཞིག་གི་ཆེད་དུ་ལོ་ཟླའི་ལྟེབས་ཁུགས་བར་ནས་ངལ་དུབ་རླུང་ལ་སྤུར་ཞིང་གང་ཞིག་གི་དོན་དུ་མཛེས་པའི་ཕུགས་འདུན་ཀློང་ནས་རང་དོན་རྒྱབ་ཏུ་བསྐྱུར། ཕྱིར་དྲན་གྱི་གཏིང་རིམ་ན་ཉར་བའི་ཚོར་འདུ་དེ་སུ་ཞིག་གི་དྲན་འཛིན་གྱི་མཚོ་ངོགས་ན་སྐྱོམ་ཞིང་བྱམས་བརྩེ་ཡིས་འདེགས་པའི་རྣམ་དཀར་གྱི་འཕྲིན་ལས་དེ་སུ་ཞིག་གི་འབྱུང་འགྱུར་ལ་སྨོན་པའི་འཁྲེང་སེམས་ལགས།

-------ཐོག་མའི་གཏམ།

ལམ་ལ་ཆས་པའི་ལོ་ཟླ།

རིག་གནས་གསར་རྙིང་གཉིས་ཀྱི་བར་མཚམས་ནས་དུས་རབས་དང་འཚམ་པའི་རིག་གནས་རྒྱུན་འཛིན་དང་འཛུགས་སྐྲུན་གྱི་ལས་ལ་གཞོལ་བཞིན་པའི་དཀོན་མཆོག་རྡོ་རྗེ་ལགས་ནི་ཁམས་སྡེ་དགེའི་ཡུལ་གྱི་འཁོར་ལོ་མདོའི་རྡོ་རྩེ་མདའ་ཞེས་པའི་ཡུལ་དུ་སྐྱེས་ཤིང་།  བྱམས་དང་བརྩེ་བས་ཕྱུག་ཅིང་རིག་གནས་དང་ལོ་རྒྱུས་ཀྱི་རྒྱུན་རིང་བའི་བོད་ཀྱི་ཡུལ་གྲུ་ཞིག་ནས་རིམ་བཞིན་གཉོམ་ལག་རྒྱས་པས་སྤྱི་ཚོགས་དང་ཁོར་ཡུག་གི་ཤུགས་རྐྱེན་དང་སློབ་གཉེར་གོ་རིམ་ཁྲོད་ཀྱི་བློ་སྦྱོང་ལས་ཁོང་ལ་ང་རྒྱལ་མེད་པས་འགྲོགས་བདེ་ཞིང་སྤྱོད་པ་ཡག་པས་འདྲིས་ལོབས་པ། དཔོན་ཚུགས་མེད་པས་ཞུ་བདེ་བ། གཡོ་རྫུན་མེད་པས་ཕུགས་རིང་བའི་རང་གཤིས་ལྷུན་གྱིས་གྲུབ།

སྐབས་དེར་མཚོན་ན་ས་གནས་དེ་གའི་འགྲིམ་འགྲུལ་དང་དེང་རབས་སློབ་གསོའི་ཆ་རྐྱེན་ཞན་ཕྱིར་ཁོང་ལོ་བཅུའི་སྔོན་དུ་ཕྱུགས་རྫི་བྱས་ཤིང་། ལོ་བཅུ་གཅིག་སྟེང་ད་གཟོད་འཁོར་ལོ་མདོའི་སློབ་ཆུང་དུ་ཞུགས་ཏེ་རྨི་ལམ་གྱིས་ཕྱུག་པའི་རྒྱང་བཞུད་ཀྱི་ལམ་སྣེ་ཞིག་ལ་འཇུས་པའི་སྐལ་པ་ལྡན་པར་གྱུར། ཆུང་བྱིས་པའི་དུས་ནས་ཁོང་གིས་ཨ་མྱེའི་མདུན་ནས་བོད་ཡིག་གི་སྦྱོར་ཀློག་སོགས་རྨང་གཞིའི་ཤེས་བྱར་བག་ཆགས་བཞག་མྱོང་གཤིས་སློབ་གྲྭར་ཞུགས་པའི་ཉིན་དང་པོ་ནས་བཟུང་ཤེས་བྱ་སྦྱོང་འདོད་ཀྱི་བློ་མཚོ་རླབས་བཞིན་དྲག་ཏུ་འཕྱུར།

སློབ་ཆུང་ལོ་རིམ་བཞི་པ་སྟེ་སྤྱི་ལོ་1982ལོར། དཀོན་མཆོག་རྡོ་རྗེས་སི་ཁྲོན་ཞིང་ཆེན་གྱི་བོད་ཡིག་སློབ་གྲྭ་ཐོག་མ་སྡེ་དགེའི་རྫོགས་ཆེན་དུ་གསར་འཛུགས་བྱེད་པའི་འཕྲིན་བཟང་ཐོས་འཕྲལ་དགའ་བ་འབུམ་གྱིས་མྱོས། ཉི་ཟེར་ཤར་རིའི་ཟོམ་ནས་དལ་གྱིས་འཛུམ་པའི་ཉིན་ཞིག་གི་ཞོགས་པར་ཁོང་གི་ཨ་ཞང་གིས་རྟར་བསྐྱོན་ནས་ཁོང་ཉིད་མཚོ་འཕགས་ལ་སྨི་4200ཡོད་པའི་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ཆགས་སའི་རྫོགས་ཆེན་དུ་བསྐྱལ། སྐབས་དེར་སློབ་གྲྭའི་ཆ་རྐྱེན་ཧ་ཅང་ཞན་པས་དཀོན་མཆོག་རྡོ་རྗེ་དང་སློབ་གྲོགས་དྲུག་ཙམ་གྱིས་མཉམ་དུ་གུར་ཆུང་ཞིག་གི་ནང་དུ་སློབ་མའི་འཚོ་བ་ཐོག་མ་རོལ་འགོ་ཚུགས་ཤིང་།  ཞིང་ཆེན་བོད་ཡིག་སློབ་གྲྭའི་སྦྲ་གུར་སློབ་གསོའི་འགོ་ཐོག་མ་ཀྱང་དེ་ལས་བརྩམས།

རྨི་ལམ་སྦྲུམ་པའི་ལོ་ཟླ།

སྐབས་དེར་ཞིང་ཆེན་བོད་ཡིག་སློབ་གྲྭ་ད་དུང་མཚན་ཉིད་ཚང་བའི་སློབ་གྲྭ་ཞིག་ཏུ་གྱུར་མེད་སྟབས། སློབ་གྲྭར་སློབ་ཁང་དང་ཟ་ཁང་། ཐ་ན་ཅོག་ཙེ་དང་རྐུབ་སྟེགས་ཀྱང་མེད། སློབ་མ་ཚོ་རས་གུར་ཞིག་གི་ནང་དུ་སྐྱིལ་ཀྲུང་དུ་བསྡད་ནས་སློབ་ཁྲིད་ལ་ཉན་དགོས། སྐབས་དེར་སློབ་གྲྭའི་མི་བཞི་བཅུ་ལྷག་ཤོང་བའི་རས་གུར་དཀར་པོ་དེ་ནི་རྒྱུན་སྤྱོད་སློབ་ཁང་ཡིན་ལ། ལྷག་མའི་སློབ་མ་སུམ་ཅུ་ལྷག་གིས་རས་གུར་གྱི་ཕྱི་རོལ་ནས་སློབ་ཁྲིད་ལ་ཉན་དགོས། དགེ་སློབ་ཚང་མས་ཟ་མ་རང་ཁྱིམ་ནས་ཁྱེར་ཡོང་དགོས་པ་དང་རང་རང་གིས་ལྕི་བ་བཏུས་ནས་ཟ་མ་གཡོས་སྦྱོར་བྱེད་དགོས།  ས་གནས་དེར་གློག་མེད་པས་དཔེ་ཆ་ལྟ་ཀློག་བྱེད་སྐབས་སྒྲོན་མེའི་འོད་ཁོ་ནར་བརྟེན་དགོས། དེ་ལྟ་བུའི་དཀའ་སྡུག་གི་གནས་བབ་འོག་དཀོན་མཆོག་རྡོ་རྗེ་དང་དཀོན་མཆོག་རྡོ་རྗེ་ལྟ་བུའི་སློབ་བུ་ཕུགས་བསམ་ཅན་མང་པོས་མཚར་འཛིན་གྱི་བློ་ངོའི་མཛེས་ཤིང་སྡུག་པའི་ཕུགས་འདུན་དེའི་ཆེད་དུ་ནངས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་སློབ་སྦྱོང་ལ་བརྩོན་པ་ལྷོད་མེད་བྱས། ནངས་མོའི་ཆུ་ཚོད་བཞིའི་སྟེང་ཡར་ལངས་ནས་དཔེ་ཆ་བློར་འཛིན་དགོས་ཤིང་། དང་ཐོག་བློར་འཛིན་བྱའི་ནང་དོན་གསལ་པོ་མི་ཤེས་ནའང་དཀའ་བ་ཁྱད་གསད་ཀྱིས་མཁས་འཇུག་དང་སྤྱོད་འཇུག ཚད་མ་རིག་པ་དང་སྒྲ་རིག་པ། སྙན་ངག་མེ་ལོང་སོགས་ཀྱི་རྩ་ཚིག་བློ་ལ་བྱང་བར་བྱས། དེ་ལྟར་བརྩོན་འགྲུས་ཀྱི་གོམ་ཁ་མ་ལྷོད་པར་རྒྱུན་བསྐྱངས་མཐར་ལོ་ངོ་བཞིའི་རྗེས་སུ་ཁོང་འཛིན་གྲྭའི་བོད་རྒྱ་སྐད་ཡིག་གཉིས་ཀྱི་སྦྱངས་འབྲས་ཕུལ་བྱུང་ཅན་དུ་གྱུར། སློབ་མཐར་ཕྱིན་སྐབས་སློབ་གྲྭས་ཁོང་པེ་ཅིང་དང་ཁྲེན་ཏུའུ་རུ་ལས་བགོས་བྱ་རྩིས་བྱས་མོད། སྐབས་དེར་ཁོང་གིས་ཕྱིར་ཕ་ཡུལ་དང་ཡང་ན་སློབ་གྲྭ་དེ་གར་དགེ་རྒན་བྱ་རྒྱུའི་རེ་འདུན་བཏོན། འོན་ཀྱང་། བསམ་ཡུལ་ལས་འདས་པ་ཞིག་ལ་སློབ་གྲྭས་ཁོང་དཀར་མཛེས་ཚགས་ཕར་ཁང་དུ་ལས་བགོས་བྱས་པ་རེད།

ལས་ཀར་ཞུགས་པའི་ལོ་ཟླ།

དེ་ལྟར། སྤྱི་ཚོགས་དང་བྱ་བའི་ཉམས་མྱོང་གིས་དབེན་པའི་ཁོང་ལས་གནས་གསར་པ་ཞིག་ལ་འཇུག་དགོས་བྱུང་། ལས་ཀ་གསར་པ་དང་ཁོར་ཡུག་གསར་པ་ཞིག་ཏུ་ཁོང་ཉིད་ཡང་བསྐྱར་སློབ་གཉེར་གྱི་ལམ་དུ་ཞུགས། གསར་འགྱུར་ཡིག་བསྒྱུར་གྱི་ལག་ལེན་ནས་གསར་འགྱུར་གཞུང་ལུགས་ཀྱི་བྱང་ཚད། པར་ངོས་ཇུས་འགོད་ནས་ནང་དོན་བཀོད་སྒྲིག་སོགས་རིམ་བཞིན་སྦྱོང་འགོ་བརྩམས།

བྱ་བར་ཞུགས་མ་ཐག་དཀོན་མཆོག་རྡོ་རྗེས་གསར་འགྱུར་རྩོམ་འབྲིའི་ཐད་ལ་སྐོམ་པ་ཆུ་འདོད་ལྟར་རང་སྦྱོང་བྱས་ཤིང་། ལོ་དེའི་ལྔ་གཅིག་ངལ་རྩོལ་དུས་ཆེན་ལ་དར་མདོ་རུ་རྟེན་འབྲེལ་བྱེད་སྒོ་ཞིག་སྤེལ་ཞིང་ཁོང་གི་བྱེད་སྒོ་དེ་དང་འབྲེལ་བའི་གསར་འགྱུར་ཞིག་བྲིས་ཏེ་ཚགས་པར་ཁང་གི་རྩོམ་སྒྲིག་པར་སྤྲད་ནའང་། དེ་ནི་རྒྱ་མཚོའི་ནང་དུ་རྡོ་འཕངས་པ་ནང་བཞིན་གྲགས་འགུལ་ཅི་ཡང་མེད་པར་གྱུར། ཡིན་ནའང་ཁོང་གིས་བརྩོན་འགྲུས་ཀྱི་བློ་སྤོབས་ལ་ཞུམ་པ་མེད་ཅིང་ཡིད་ཆེས་ཀྱི་རང་མདངས་ལ་ཉམས་པ་མེད་པར་བརྩོན་པའི་རྒྱུན་བསྐྱངས་ཤིང་། རྗེས་ནས་དར་མདོའི་ས་ཁུལ་དུ་སྤེལ་བའི་བྱེད་སྒོ་ཆེ་འབྲིང་ཆུང་གསུམ་གང་ཡིན་རུང་། ཁོང་གིས་དེའི་མཐུན་གྱི་གསར་འགྱུར་བྲིས་ཏེ་རེ་རེ་བཞིན་རྩོམ་སྒྲིག་པ་རྒན་གྲས་དག་ལ་སྤྲད་པར་རིམ་བཞིན་ཁོང་གི་གསར་འགྱུར་བརྩམས་ཆོས་དག་ཚགས་པར་སྟེང་བཀོད་འགོ་ཚུགས། དེའི་རྗེས་ཁོང་གིས་གསར་འགྱུར་བརྩམས་ཆོས་དག《མི་དམངས་ཉིན་རེའི་ཚགས་པར།》(ཕྱི་རྒྱལ་པར་ངོས།)དང་《ཀྲུང་གོའི་འཕྲིན་གཏོང་།》《སི་ཁྲོན་ཉིན་རེའི་ཚགས་པར།》《ཧྭ་ཞི་གྲོང་ཁྱེར་ཚགས་པར།》《ཀྲུང་གོའི་བོད་ལྗོངས།》《སི་ཁྲོན་མི་རིགས།》《བོད་ལྗོངས་ཉིན་རེའི་ཚགས་པར།》《མཚོ་སྔོན་ཉིན་རེའི་ཚགས་པར།》དེ་མིན། ཀྲུང་དབྱང་མི་དམངས་རྒྱང་བསྒྲགས་ཁང་སོགས་ཚགས་པར་དང་དུས་དེབ། རྒྱང་སྒྲོག་སོགས་སུ་བཀོད།

སྤྱི་ལོ་1989ལོར། དཀོན་མཆོག་རྡོ་རྗེ་ཡིས་དཀར་མཛེས་བོད་ཡིག་ཚགས་པར་གྱི་པར་ངོས་གསུམ་པའི་རྩོམ་སྒྲིག་པའི་འགན་བཞེས་ཤིང་། བོད་ཡིག་ཚགས་པར་གྱི་པར་ངོས་གསུམ་པ་དེ་རྩོམ་རིག་སྒྱུ་རྩལ་གཙོ་བོར་འཛིན་པའི་པར་ངོས་སུ་བསྒྱུར་ཞིང་། ཁོང་གིས་རྩོམ་སྒྲིག་གི་འགན་བཞེས་རྗེས་བོད་ཀྱི་རྩོམ་པ་པོའི་སྡེ་རུ་སྙན་ངག་ལས་ལྷུག་རྩོམ་དང་བརྩམས་སྒྲུང་གི་རྩོམ་ལུས་ལ་འཇུག་མཁན་ཉུང་བའི་གནས་སྟངས་ལ་གཞིགས་ནས་ལེ་ཚན་གསར་པ་ཁ་སྣོན་བྱས་ཤིང་རང་ཉིད་ནས་འགོ་བརྩམས་ཏེ་ལྷུག་རྩོམ་དང་སྒྲུང་གཏམ་གསར་རྩོམ་འགའ་དུས་དེབ་དང་ཚགས་པར་སྟེང་བཀོད་པར་སྐབས་ཐོག་དེའི་གཞོན་སྐྱེས་རྩོམ་པ་པོ་མང་པོ་ཞིག་ལ་སྐུལ་ལྕག་གི་ནུས་པ་ཐོན། ཁོང་གིས་ལས་ཞོར་དུ་སྒྲུང་གཏམ་དང་ལྷུག་རྩོམ། སྙན་ཞུའི་རྩོམ་རིག་སོགས་རྩོམ་ལུས་མི་འདྲ་བའི་བརྩམས་ཆོས་མང་པོ་《བོད་ལྗོངས་རྩོམ་རིག》དང་《བོད་ལྗོངས་ཉིན་རེའི་ཚགས་པར།》《སྦྲང་ཆར།》《གངས་དཀར་རི་བོ།》སོགས་དུས་དེབ་དང་ཚགས་པར་སྟེང་བཀོད།

དགའ་ཕྱོགས་བསྙེགས་པའི་ལོ་ཟླ།

དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་བོད་ལ་མཚོན་ན། པར་ལེན་སྒྱུ་རྩལ་ནི་ཚད་རིམ་ཅུང་མཐོ་བའི་སྒྱུ་རྩལ་གྱི་མཚོན་ཐབས་ཤིག་ཡིན་ཞིང་། དེ་མཐུན་གྱི་ལས་གཉེར་བྱེད་མཁན་ཤིན་ཏུ་དཀོན། ཆེད་ལས་རང་བཞིན་གྱི་པར་ལེན་མི་སྣ་ལས་གཞན་དཔལ་འབྱོར་གྱི་ཆ་རྐྱེན་ངེས་ཅན་ལྡན་པའི་མི་དག་ད་གཟོད་པར་ལེན་བརྙན་ཕབ་ཀྱི་ལས་ལ་ཞུགས་ཐུབ།  སྐབས་དེའི་རིག་གནས་ཁོར་ཡུག་ཁྲོད་པར་ལེན་སྒྱུ་རྩལ་ནི་ཆེས་ལྐོག་གྱུར་དང་ཅུང་རྙོག་འཛིང་གི་ལས་ལ་གོ་ཞིང་། པར་རིས་བརྩམས་ཆོས་ཀྱི་འགྲེམ་སྟོན་དང་དེ་མཐུན་གྱི་བྱེད་སྒོ་སྤེལ་མཁན་ཡང་ཤིན་ཏུ་ཉུང་བས། དཀོན་མཆོག་རྡོ་རྗེ་རང་ཉིད་ཀྱི་དང་བས་དྲངས་ཏེ་ལྐོག་གྱུར་གྱིས་ཕྱུག་པའི་པར་ལེན་སྒྱུ་རྩལ་གྱི་ལམ་དུ་ཆས།

སྐབས་དེར་དཀར་མཛེས་ཚགས་པར་ཁང་དུ་པར་འཁྲུད་སའི་ཆེད་སྤྱོད་ཀྱི་ཁང་པ་གཅིག་ལས་མེད་ལ། དེའང་ཆེད་ལས་པར་ལེན་གསར་འགོད་པ་གཉིས་གསུམ་ཙམ་གྱིས་མཉམ་དུ་སྤྱོད་དགོས།  ཁོང་ལྟ་བུའི་ལས་ཀར་ཞུགས་མ་ཐག་པ་ཞིག་ལ་མཚོན་ན་པར་འཁྲུད་ཆེད་སྤྱོད་ཁང་བཀོལ་བའི་དབང་ཆ་ག་ལ་ཡོད། འོན་ཏེ། ཕྱི་དྲོར་ལས་ཀ་གྲོལ་རྗེས། དཀོན་མཆོག་རྡོ་རྗེ་མཚན་གཞུང་དུ་གཅིག་པུ་པར་འཁྲུད་ཆེད་སྤྱོད་ཁང་དུ་སོང་སྟེ་ཟུབ་ལྟའི་དཔེ་དེབ་དང་ཞིན་ཧྭ་གསར་འགྱུར་གྱི་འདྲ་པར་དག་ལ་དཔེ་བལྟས་ནས་མཚན་གང་པོར་འདྲ་པར་བཀྲུ་བའི་ཤེས་བྱ་ལ་ལྐོག་སྦྱོང་བྱས།

དཀོན་མཆོག་རྡོ་རྗེས་དུས་དང་རྣམ་པ་ཀུན་ཏུ་པར་འཁྲུད་ཁང་དུ་འདྲ་པར་ལྐོག་སྦྱོང་བྱེད་བཞིན་ཡོད་པར་རིམ་བཞིན་ཀུན་གྱིས་ཤེས། ཡིན་ནའང་ཚགས་པར་ཁང་གི་འགོ་ཁྲིད་ཀྱིས་ཁོང་ལ་སྐྱོན་བརྗོད་མ་བྱས། དེ་ནི་ཁོང་ལ་མཚོན་ན་གཟུགས་མེད་ཀྱི་སྐུལ་མ་ཞིག་ལགས། ལོ་རབས་བརྒྱད་པའི་མཇུག་ནས་བཟུང་དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་རྒྱ་བོད་པར་ངོས་དག་ལས་ཁོང་གིས་བླངས་པའི་འདྲ་པར་མང་པོ་མཐོང་རྒྱུ་ཡོད་པར་གྱུར།

དེ་ལྟར་བརྩོན་འགྲུས་ཀྱི་རྟ་ཁ་མ་ལྷོད་པར་འབད་མཐར་མིག་སྔའི་བར་དཀོན་མཆོག་རྡོ་རྗེས་བླངས་པའི་འདྲ་པར་བརྩམས་ཆོས་ཆིག་ཁྲི་ལྷག་《རྒྱལ་ཁབ་ས་རྒྱུས།》དང་《ཀྲུང་གོའི་བརྙན་དེབ།》《དེང་གི་ཀྲུང་གོ》《མི་རིགས་བརྙན་པར།》《མི་དམངས་ཉིན་རེའི་ཚགས་པར།》《ཀྲུང་གོའི་བོད་ལྗོངས།》སོགས་རྒྱལ་ཁབ་རིམ་པའི་དུས་དེབ་དང་ཚགས་པར་སྟེང་བཀོད་ཅིང་། སྤྱི་ལོ་2008ལོར་ཁོང་གི་འདྲ་པར་བརྩམས་ཆོས་པེ་ཅིང་གི་ཨོ་རྩལ་འགྲན་ཚོགས་སྟེང་བདམས་ཐོན་བྱུང་ཞིང་གེ་སར་ཐང་གའི་སྒྱུ་རྩལ་དང་མཉམ་དུ་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་དུ་འགྲེམ་སྟོན་བྱས།

ཁམས་གསུམ་བསུ་བའི་ལོ་ཟླ།

རིམ་བཞིན་ཁོང་ཉིད་ཆེས་སྤྱིར་བཏང་གི་རྩོམ་སྒྲིག་པ་ཞིག་ནས་འགོ་ཁྲིད་ཀྱི་གོ་གནས་སུ་འཕར་ཞིང་། དཀར་མཛེས་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པའི་འགན་བཞེས་སྐབས་བོད་ཡིག་ཚགས་པར་གྱི་བྱ་བར་དོ་དམ་གནང་། དེ་བཞིན་བྱ་བ་དང་འགན་ཁུར་ཇེ་ལྕིར་གྱུར་ནའང་ཁོང་གིས་རང་གི་ཐོག་མའི་ཕུགས་འདུན་ཏེ་མཐོ་སྒང་འདིའི་ཡབ་མེས་རྣམས་ཀྱིས་རྔུལ་ཆུས་བསྐྲུན་པའི་རིག་གནས་འདི་ཉིད་མི་ཚེ་གང་པོའི་དུས་ཚོད་སྤྱད་དེ་རྒྱུན་འཛིན་དང་དར་སྤེལ་བྱ་རྒྱུ་དེ་བརྗེད་མ་མྱོང་། ས་གནས་གཞན་དུ་ཚོགས་འདུ་དང་སློབ་སྦྱོང་། རྟོག་ཞིབ་ཏུ་སྐྱོད་པའི་གོ་སྐབས་ཇེ་མང་དུ་སོང་བ་དང་བསྟུན་ནས་ཁོང་གི་གསར་འགྱུར་ལོ་ཙཱ་དང་མིང་བརྡ་གཅིག་གྱུར། རིག་གཞུང་ཞིབ་འཇུག་ཐད་ཀྱི་འདུ་ཤེས་དང་གཞིག་སྟངས་ལ་འགྱུར་བ་ཆེན་པོ་ཐེབས།

ཁོང་གི་སྣེ་ཁྲིད་འོག་དཀར་མཛེས་བོད་ཡིག་ཚགས་པར་གྱི་པར་ངོས་ཆུང་ངུ་དེ་ཆེན་པོར་བསྒྱུར་བ་དང་། ཆེན་པོ་ནས་ཚོན་ལྡན་ཚགས་པར་དུ་བསྒྱུར་ཅིང་། དེ་མིན་ཁོང་གིས་ཡོ་རོབ་གླིང་དུ་འཚམས་འདྲིར་ཕྱིན་པའི་གོ་སྐབས་དམ་འཛིན་བྱས་ཏེ་ནུབ་གླིང་གི་མིང་དུ་གྲགས་པའི་ཚགས་པར་དང་རྒྱ་ནང་གི་སྤུས་ལེགས་ཚགས་པར་གྱི་པར་ངོས་བཀོད་སྒྲིག་ལ་སློབ་སྦྱོང་དང་འོས་མཐུན་གྱིས་དཔེ་ལྟ་བྱས་ཏེ་དཀར་མཛེས་ཚགས་པར་ཁང་གི་པར་ངོས་ཇུས་འགོད་དང་ནང་དོན་བཀོད་སྒྲིག་ལ་བཟོ་བཅོས་བྱས་པས་བོད་ཁུལ་གྱི་ཀློག་པ་པོའི་གཟེངས་བསྟོད་དང་ཡི་རང་ཐོབ།

བོད་ཡིག་འཕྲིན་སྦྱོར་འཕེལ་རྒྱས་དང་ཁམས་པའི་རིག་གནས་ཀྱི་དར་སྤེལ། གཞི་རིམ་ཞིང་འབྲོག་མང་ཚོགས་ཀྱི་ཀློག་འདོན་དགོས་མཁོར་གཞིགས་ནས་ཁོང་གིས་སྤྱི་ལོ་2003ལོར《ཁམས་པའི་འཛུམ་མདངས།》ཞེས་པའི་བོད་ཁུལ་གྱི་ཆེས་ཐོག་མའི་ཟླ་མཇུག་ཚགས་པར་བཏོན། 2010ལོར་ཡང་དུ《ཁམས་པའི་འཛུམ་རིས།》ཞེས་པའི་བོད་ཁུལ་གྱི་རིག་གནས་ཆེད་བཀོད་ཀྱི་བོད་ཡིག་དུས་དེབ་ཅིག་གསར་དུ་བཏོན་པས་བོད་ཁུལ་གྱི་ཀློག་པ་པོ་ཀུན་གྱི་དགའ་བསུ་ཆེན་པོ་ཐོབ།

སྤྱི་ལོ་2010ལོར་ཁོང་གིས་སྣེ་ཁྲིད་དེ་ཁམས་པའི་དྲ་བ་གསར་དུ་བཏོན་ཞིང་། དེ་ནི་ཁོང་ཉིད་གཙོ་བོར་བྱས་པའི་དཀར་མཛེས་ཚགས་པར་ཁང་གི་རྩོམ་སྒྲིག་པ་ཡོངས་ཀྱིས་གཉིད་ཆག་ཟས་བརྗེད་ཀྱི་ངལ་བ་ལས་འཁྲུངས་པའི་རིག་གནས་ཀྱི་ལེགས་སྐྱེས་ཆེན་པོ་ཞིག་ལགས། ཁམས་པའི་དྲ་བ་ནི་སྐབས་དེར་སི་ཁྲོན་དང་ཁམས་ཕྱོགས་སུ་ཆེས་ཐོག་མའི་གཞུང་གཉེར་དྲ་བ་ཆེ་གྲས་ཤིག་ཡིན་ཞིང་ཀློག་པ་པོ་འཛམ་གླིང་གི་རྒྱལ་ཁབ་100དང་རང་རྒྱལ་གྱི་ལྗོངས་ཞིང་ལྔར་ཁེབས་ཡོད།

རྗེས་སུ་དཀོན་མཆོག་རྡོ་རྗེ་དཀར་མཛེས་ཚགས་པར་ཁང་ནས་ལས་གནས་སྤོ་སྐབས་སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གི་འགན་འཛིན་པ་ཚེ་པོ་ལགས་ཀྱིས་དཀོན་མཆོག་རྡོ་རྗེ་ལ་གདེང་འཇོག་གནང་བ་འདི་ལྟར།  དཀོན་མཆོག་རྡོ་རྗེས་དཀར་མཛེས་སུ་ལས་ཀ་སྒྲུབ་སྐབས་ཁམས་པའི་འཛུམ་མདངས་དང་། ཁམས་པའི་འཛུམ་རིས། ཁམས་པའི་དྲ་བ་སྟེ་ཁམས་གསུམ་གསར་གཏོད་བྱས་མྱོང་ཞེས་འདེང་འཇོག་གནང་།

ཞབས་རྗེས་འཚོལ་བའི་ལོ་ཟླ།

དེ་མིན་ཁོང་གིས་ལས་ཀའི་ཞོར་དུ་བྲག་རིས་དང་གནའ་རྫས་སོགས་ལ་ཉམས་ཞིབ་བྱས་ཤིང་། སྤྱི་ལོ་2011ལོའི་ཟླ་5པའི་ཚེས་3ཉིན། དཀོན་མཆོག་རྡོ་རྗེ་ཡིས་བྲིས་པའི་ཧོར་ཇིང་གིར་རྒྱལ་པོའི་དུར་ས་དང་འབྲེལ་བའི་གསར་འགྱུར་ཞིག་ཀྲུང་གོའི་གསར་འགྱུར་དྲ་བར་བཀོད་རྗེས་རྒྱལ་ཁབ་ཕྱི་ནང་གི་དྲ་ཚིགས་བརྒྱ་ལྷག་གིས་དོ་སྣང་བྱས། དཀར་མཛེས་ཁུལ་ཨུ་ཡིས་ཀྱང་དེ་དོན་ཆེན་དུ་མཐོང་ནས་མྱུར་དུ་གནའ་རབས་ལོ་རྒྱུས་ཀྱི་རྟོག་ཞིབ་ཚན་ཆུང་ཞིག་རྩ་འཛུགས་བྱས་ཤིང་དགེ་རྒན་དཀོན་མཆོག་རྡོ་རྗེ་ཡིས་རྟོག་ཞིབ་ཚན་ཆུང་གི་འགན་བཞེས་ཏེ་དཀར་མཛེས་ཁུལ་གཙོས་པའི་ཁམས་ཁུལ་གྱི་རིག་གནས་ལོ་རྒྱུས་ཀྱི་རྟོག་ཞིབ་ལས་ཀར་ཞུགས། ཁོང་གིས་དགེ་རྒན་ཆེན་མོ་ཝིན་ཡུས་ཁྲེན་དང་མཉམ་དུ་དཀར་མཛེས་ཁུལ་གྱི་རྫོང་ཁག་བཅོ་བརྒྱད་དུ་ཐེངས་མང་ཕྱིན་པ་དང་གཞན་མཚོ་སྔོན་ཡུལ་ཤུལ་དང་བོད་ལྗོངས་ཆབ་མདོ། ཡུན་ནན་བདེ་ཆེན་སོགས་དཀར་མཛེས་ཁུལ་གྱི་འདབ་འབྲེལ་དུ་གནས་པའི་ཁམས་ཁུལ་དུ་རྟོག་ཞིབ་ཏུ་ཕྱིན། ཁོང་ཚོས་རྟོག་ཞིབ་བྱས་པ་བརྒྱུད། རོང་བྲག་རྫོང་ནས་ཡོན་རྒྱལ་རབས་སྐབས་ཀྱི་གནའ་བོའི་ནང་བསྟན་ལྷ་ཁང་གི་ལྡེབས་རིས་གསར་རྙེད་བྱུང་བ་དང་རྟའུ་རྫོང་ནས་གནའ་རབས་ཀྱི་རྒྱལ་པོའི་དུར་ས་ཅིག་རྙེད། སེར་ཤུལ་རྫོང་ནས་བསྟན་པ་ཕྱི་དར་སྐབས་ཀྱི་ནང་བསྟན་བྲག་བརྐོས་སྐུ་བརྙན་གསར་རྙེད་བྱུང་། མཚོ་སྔོན་ཡུལ་ཤུལ་ནས་བོད་ཁུལ་གྱི་ཆེས་སྔ་བའི་ནང་བསྟན་སྐུ་བརྙན་གྱི་བརྐོས་རིས་རྙེད་པར་མ་ཟད། སྡེ་དགེ་རྫོང་སོགས་སུ་གེ་སར་རིག་གནས་དང་འབྲེལ་བའི་རིག་དངོས་རྩ་ཆེན་ཁག་ཅིག་རྙེད། དེ་མིན་རྒྱལ་རོང་དུ་སུང་བྱང་མ་དང་ཡོན་རྒྱལ་རབས་སྐབས་ཀྱི་གནའ་བོའི་མཆོད་རྟེན་ཞིག་རྙེད། ཆབ་མདོའི་སྨར་ཁམས་སུ་རྒྱལ་ནང་གི་ཆེས་ཆེ་བའི་བཙན་པོའི་སྐབས་ཀྱི་ཉེ་སྲས་བརྒྱད་ཀྱི་བྲག་བརྐོས་སྐུ་བརྙན་གསར་རྙེད་བྱུང་། དེ་བས་ཁོང་གིས་བློ་སྤོབས་ཆེན་པོས་མིག་སྔར་ད་དུང་ཉམས་རྒུད་དུ་མ་ཕྱིན་པའི་རིག་གནས་དེ་དག་མྱུར་སྐྱོབ་ཀྱི་ཀུན་སློང་གིས་བསྐུལ་ནས་ས་གནས་སོ་སོའི་ཆེད་མཁས་པ་དག་ལ་བློ་ཞིབ་མོས་བཀའ་འདྲི་ཞུས་ཏེ་འབྲེལ་ཡོད་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་། གཞན་ཁོང་གིས་སྤྱི་ལོ་2010ལོའི་《ཁམས་པའི་འཛུམ་རིས།》སྟེང་དུ་རྒྱལ་རོང་རིག་གནས་ཀྱི་ཆེད་བཀོད་ལེ་ཚན་ཞིག་བཀོད་སྒྲིག་བྱས་ནས་རྒྱལ་རོང་གི་ལོ་རྒྱུས་འཕེལ་འགྲིབ་དང་རིག་གནས་ཁྱད་ཆོས། སྐད་དང་ཡི་གེ དམངས་སྲོལ། དམངས་ཁྲོད་གླུ་གར་དང་བཟོ་བཀོད་ལ་རྒྱས་བསྡུས་གང་རུང་གིས་ངོ་སྤྲོད་བྱས་པར་རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་པས་མཐོང་ཆེན་བྱ་ཡུལ་དུ་གྱུར།

གྲུབ་འབྲས་སྨིན་པའི་ལོ་ཟླ།

ཁོང་གིས་བློ་སྤོབས་དང་སྙིང་རུས་ཆེར་བསྐྱེད་ཀྱིས་ལས་ཀ་དང་རིག་གཞུང་ལ་འབད་ཅིང་། ཁོང་གི་དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་དང་དཀར་མཛེས་བོད་ཡིག་ཚགས་པར་དང་། ཁམས་པའི་འཛུམ་མདངས། ཁམས་པའི་འཛུམ་རིས། ཁམས་བོད་ཞིང་ཁམས། ཁམས་པའི་བོད་ཡིག་དྲ་བ་བཅས་ཀྱི་ལག་བསྟར་རྩོམ་སྒྲིག་པའི་འགན་བཞེས་མྱོང་། གཞན་སི་ཁྲོན་ཞིང་ཆེན་བོད་རིག་པའི་ཞིབ་འཇུག་ལྷན་ཚོགས་ཀྱི་ལས་འཛིན། ཀྲུང་གོ་གྲངས་ཉུང་མི་རིགས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། སི་ཁྲོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། སི་ཁྲོན་ཞིང་ཆེན་པར་ལེན་པ་མཐུན་ཚོགས་ཀྱི་ཚོགས་མི། དཀར་མཛེས་ཁུལ་ལོ་ཙཱ་མཐུན་ཚོགས་ཀྱི་ཀྲུའུ་ཞི་སོགས་ཀྱི་ཟུར་འགན་བཞེས་ཤིང་། ལས་ཀའི་གྲུབ་འབྲས་ལ་འབྲེལ་ཡོད་སྡེ་ཁག་གི་ཁས་ལེན་ཐོབ། ཁོང་ལ་སྔ་རྗེས་སུ་གཟེངས་བསྟོད་མང་པོ་ཐོབ་ཡོད་དེ། སྤྱི་ལོ་2006ལོར་སི་ཁྲོན་ཞིང་ཆེན་གྱི་སྐབས་གཉིས་པའི་ཕུལ་བྱུང་རྩོམ་སྒྲིག་པ་བཅུ་ཞེས་པའི་གཟེངས་བསྟོད་དང་། སྤྱི་ལོ་2008ལོར་སི་ཁྲོན་ཞིང་ཆེན་རིག་གནས་དྲིལ་བསྒྲགས་སྡེ་ཁག་གི་ཁག་དང་པོའི་ཁག་གཅིག་བཞིའི་འཇོན་ཐང་མི་སྣའི་གཟེངས་བསྟོད་ཐོབ། གཞན་རྒྱལ་ཡོངས་བོད་ཡིག་བརྡ་ཆད་ཚད་ལྡན་གྱི་ལས་ཀའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། སི་ཁྲོན་ཞིང་ཆེན་མི་རིགས་སྐད་ཡིག་མཐོ་རིམ་དཔྱད་འདེབས་ཚོགས་པའི་དཔྱད་འདེམས་པར་བདམས། སྤྱི་ལོ་2011ལོར་ནན་ཅིན་སློབ་གྲྭ་ཆེན་མོ་དང་ཞིང་ལྗོངས་ལྔའི་བོད་ཡིག་ཚགས་པར་ཁང་བདུན་གྱིས་མཉམ་དུ་དང་ལེན་བྱས་པའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩ་དམིགས་བསལ་མངག་བཅོལ་ལས་གཞི《རང་རྒྱལ་གྱི་བོད་སྐད་ཡིག་གསར་འགྱུར་འཕྲིན་སྦྱོར་ཤུགས་རྐྱེན་ཐེབས་ནུས་ཀྱི་གནད་དོན་ཞིབ་འཇུག》ལས་ཀར་ཟབ་ཞུགས་བྱས།

གསུང་རྩོམ་ཐད། བོད་ཡིག་གི་ལྷུག་རྩོམ་ཕྱོགས་བསྒྲིགས《མཐོ་སྒང་ལ་འཁོར་བའི་སེམས་པ།》དང་། སྙན་རྩོམ་ཕྱོགས་བསྒྲིགས་《མཐོ་སྒང་དུ་བཅངས་པའི་བརྩེ་བ།》 བསྒྱུར་རྩོམ་ 《འཇའ་འོད་ཀློང་དུ་དགོངས་པ་ཆོས་དབྱིངས་འཐིམ། 》 འདྲ་པར་གྱི་བརྩམས་ཆོས་བསྡུས་དེབ《ཁམས་པའི་ལྟེ་བ་རྟའུ།》《སི་ཁྲོན་བོད་ཁུལ་གྱི་ཡུལ་སྐོར་རིག་སྐོར་གྱི་དྲི་བ་བརྒྱ་པ།》《དཀར་མཛེས་བོད་བརྒྱུད་ནང་བསྟན་གྱི་རིག་གནས་སྤྱི་བཀོད།》སོགས་པར་དུ་བསྐྲུན་ཞིང་། གཞན་བོད་རྒྱ་ཡིག་རིགས་གཉིས་ཀྱི་བརྩམས་ཆོས་མང་པོ་དུས་རབས་ཉེར་གཅིག་པའི་གཞི་རྒྱ་ཆེ་བའི་དཔྱད་རྩོམ་ཕྱོགས་སྒྲིག་《དུས་རབས་གསར་པར་ཕྱོགས་པ།》དང་《ཀྲུང་གོའི་དོ་དམ་ཚན་རྩལ་གྱི་གླེང་སྟེགས།》《རྒྱལ་སྤྱིའི་ཕུལ་བྱུང་དཔྱད་རྩོམ་བདམས་བཀོད།》《རྒྱལ་ཡོངས་ཀྱི་དུས་སྐབས་གསར་པའི་མི་ཆོས་ཚན་རིག་གཟེངས་བསྟོད་གྲུབ་འབྲས་བདམས་བཀོད།》《རྒྱལ་ཡོངས་གཞུང་ལུགས་གསར་གཏོད་གཟེངས་བསྟོད་ཀྱི་རིག་གཞུང་གྲུབ་འབྲས་བདམས་བཀོད།》《གསར་འགོད་པའི་མིག་ནང་གི་གེ་སར་འཁྲུངས་ཡུལ།》《བོད་ཡིག་ལྷུག་རྩོམ་ཕྱོགས་བསྒྲིགས།《མཚོ་སྔོན་བོད་ཡིག་བརྩམས་ཆོས་ཕྱོགས་བསྒྲིགས།》《མི་རིགས་རྩོམ་རིག་ཞིབ་འཇུག》《སི་ཁྲོན་བོད་ཁུལ།》ཞེས་པ་སོགས་སུ་བཀོད།

གཞན་ཡང་བསྟུད་མར་ལོ་ངོ་30རིང་ལ་ཁོང་གི་གསར་འགྱུར་བརྩམས་ཆོས་120ལྷག་ལ་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ཚགས་པར་གྱི་ཕུལ་བྱུང་གསར་འགྱུར་དང་རྒྱལ་ཡོངས་གྲོང་ཁྱེར་གྱི་ཏང་དེབ་དང་ཚགས་པར་གྱི་ཕུལ་བྱུང་གསར་འགྱུར། རྒྱལ་ཡོངས་ལྗོངས་ཞིང་ལྔའི་ཚགས་པར་གྱི་ཕུལ་བྱུང་གསར་འགྱུར་གྱི་གཟེངས་རྟགས། སི་ཁྲོན་ཞིང་ཆེན་གྱི་ཕུལ་བྱུང་གསར་འགྱུར་སོགས་ཞིང་ཆེན་རིམ་པ་ཡན་གྱི་རིགས་སོ་སོའི་གཟེངས་རྟགས་ཐོབ། 《འཇོ་སྒེག་ལྡན་པའི་དཔྱིད་དཔལ།》ཞེས་པའི་ལྷག་རྩོམ་ལ་སྐབས་གསུམ་པའི་རྒྱལ་ཡོངས་ཀྱི་དེང་རབས་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་རྩོམ་རིག་བརྩམས་ཆོས་ཀྱི་བྱ་དགའ་དང《སྟབས་མ་ལེགས་པའི་བྱ་བ་ཞིག》ཞེས་པའི་སྒྲུང་རྩོམ་ལ་སྐབས་དང་པོའི་སི་ཁྲོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་རྩོམ་རིག་བརྩམས་ཆོས་ཀྱི་བྱ་དགའ་ཐོབ།《ཧི་མ་ལ་ཡའི་གསང་གཏམ།》ཞེས་པའི་ལྷུག་རྩོམ་ལ་སྐབས་གཉིས་པའི་སི་ཁྲོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་རྩོམ་རིག་བརྩམས་ཆོས་ཀྱི་བྱ་དགའ་ཐོབ། བོད་ཡིག་གི་ལྷུག་རྩོམ་ཕྱོགས་བསྒྲིགས《མཐོ་སྒང་དུ་འཁོར་བའི་སེམས་པ།》ལ་སྐབས་གསུམ་པའི་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་རྩོམ་རིག་བརྩམས་ཆོས་ཀྱི་བྱ་དགའ་ཐོབ།

འདི་ལྟར་གཟེངས་བསྟོད་དང་གྲུབ་འབྲས་མང་པོ་ཞིག་གིས་ཁོང་གིས་འདས་སོང་ལོ་ཟླའི་ནང་གི་རྔུལ་ཆུས་བསྐྲུན་པའི་གྲུབ་འབྲས་ཟུར་ཙམ་མཚོན་ནའང་། གོང་བརྗོད་ཀྱི་གྲུབ་འབྲས་དང་མཚན་སྙན་དེ་ཙམ་ལ་ཡིད་ཚིམས་ནས་མི་སྡོད་པར་ཁོང་གིས་དུས་རབས་ཀྱི་དཀྱོགས་མཚམས་དང་འཕེལ་འགྲིབ་བར་ནས་བོད་ཀྱི་འཕྲིན་སྦྱོར་ལས་རིགས་ལ་འབད་མུས་སུ་ཡོད་ལ། དུས་རབས་ཀྱི་འགྲོས་དང་མཐུན་པའི་ཆ་འཕྲིན་དང་འཕྲིན་སྦྱོར་དར་སྤེལ་དུ་བཏང་ནས་གཞི་རིམ་མང་ཚོགས་ཀྱི་ཚགས་པར་དང་དུས་དེབ་ཀློག་པའི་གོམས་གཤིས་གསོ་སྦྱོང་བྱེད་པར་འབད་པ་ལྷུར་ལེན་བྱས་ཤིང་། འདི་ལྟར་བོད་ཀྱི་རིག་གནས་ཀྱི་རྫོང་སྟུག་པའི་གཞི་རིམ་དང་རིག་གནས་དེ་དག་ཐེག་པའི་གཞི་རིམ་ཞིང་འབྲོག་མང་ཚོགས་དང་ཉེ་བར་བཅར་ནས་ཁ་ཡོད་ལག་ཡོད་ཀྱི་ལས་ཀར་འབད་དང་འབད་མུས་སུ་མཆིས་པ་ནི་ཕྱི་རབས་པར་མཚོན་ན་བློ་སྤོབས་ཀྱི་འབྱུང་ཁུངས་དང་མདུན་སྐྱོད་ཀྱི་ལམ་སྟོན་ཞིག་ཅི་ལ་མིན།

མཆོང་སྐྱོད་ཀྱི་ལོ་ཟླ།

ཁོང་གིས་གོམ་མཚམས་ད་དུང་བཞག་མེད་ལ། ཡབ་མེས་ཀྱི་བློ་སྤོབས་ལས་བསྐྱེད་པའི་ལུས་ཀྱི་ཟུངས་ཁྲག་དྲོན་མོའི་རྒྱུ་བ་མ་འགག་ན་ཁོང་གི་གོམ་མཚམས་འཇོག་ག་ལ་སྲིད།

2012ལོ་ནི་དཀོན་མཆོག་རྡོ་རྗེ་ལ་མཚོན་ན་མི་ཚེའི་དཀྱོག་མཚམས་གལ་ཆེན་ཞིག་ཡིན། ལོ་དེའི་ཟླ་10པར་ཁོང་ལོ་ཉེར་བདུན་དུ་ལས་ཀ་བསྒྲུབས་མྱོང་པའི་དཀར་མཛེས་ཚགས་པར་ཁང་ནས་ཁྲེང་ཏུའུ་ཡི་སི་ཁྲོན་ཏང་དེབ་ཚོགས་པར་ལས་གནས་སྤོས།

ཆ་འཕྲིན་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ཏེ་དགེ་རྒན་དཀོན་མཆོག་རྡོ་རྗེ་ཡིས་སྣེ་ཁྲིད་དེ་སི་ཁྲོན་ཏང་འཛུགས་དུས་དེབ་ཚོགས་པའི་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་འཛུགས་པའི་ལས་ལ་བརྩོན།    2013ལོར《གངས་ལྗོངས་ཉི་གཞོན།》དུས་དེབ་གསར་དུ་བཏོན་པ་ལས་སི་ཁྲོན་ཞིང་ཆེན་ལ་བོད་ཡིག་ཏང་དེབ་མེད་པའི་ལོ་རྒྱུས་མཇུག་རྫོགས། དུས་དེབ་འདིར་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་སྲིད་ཇུས་གལ་ཆེན་དང་བོད་ཁུལ་གྱི་འཕེལ་རྒྱས་གསར་པ། ས་གནས་རིག་གནས། འཕྲོད་བསྟེན་དང་ཁྲིམས་ལུགས་ཤེས་བྱ་སོགས་འདྲ་པར་དང་ཡི་གེ་ཟུང་འབྲེལ་གྱིས་སྤེལ་བཞིན་ཡོད་ལ། དུས་ཡུན་ཐུང་བའི་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་དགའ་བསུ་དང་གདེང་འཇོག་མི་དམན་པ་ཐོབ།

2014ལོའི་ཟླ་10པའི་ཚེས་1ཉིན《ཁ་བཏགས་དཀར་པོ།》ཞེས་པའི་དུས་དེབ་གསར་དུ་བཏོན། དུས་དེབ་འདི་ནི་རྒྱལ་ཁབ་ཕྱི་ནང་གི་གསར་འགྱུར་གལ་ཆེན་དང་ཆོས་ལུགས་སྲིད་ཇུས། རིག་གཞུང་དཔྱད་རྩོམ་དང་རྩོམ་རིག་བརྩམས་ཆོས། ཚན་རྩལ་ཤེས་བྱ་སོགས་བརྗོད་བྱར་བཟུང་བའི་སྣ་འཛོམས་རང་བཞིན་གྱི་དུས་དེབ་ཅིག་ཡིན།

2013ལོའི་ཟླ་7པའི་ཚེས་1ཉིན། གངས་ལྗོངས་ཉི་གཞོན་བོད་ཡིག་དང་རྒྱ་ཡིག་དྲ་བ་དངོས་སུ་གཏོང་འགོ་ཚུགས་ཤིང་། ད་ལྟའི་བར་ཨ་རི་དང་དབྱིན་ཇི། རྒྱ་གར། བལ་བོ་སོགས་རྒྱལ་ཁབ་དང་ས་གནས་100ལྷག་གི་རྒྱལ་ཕྱིའི་ཀློག་པ་པོས་ཀྱང་གངས་ལྗོངས་ཉི་གཞོན་དྲ་བར་དོ་སྣང་བྱེད་བཞིན་འདུག་ལ། གངས་ལྗོངས་ཉི་གཞོན་དྲ་བར་རྒྱལ་ནང་དང་རྒྱལ་སྤྱི། བོད་ཁུལ་གྱི་གསར་འགྱུར་གཙོ་བྱས་པའི་བོད་ཀྱི་སྐད་ཡིག་དང་རྩོམ་རིག ནང་བསྟན། གསོ་རིག ཚན་རྩལ། འཕྲོད་བསྟེན། ཡུལ་སྐོར་སོགས་དང་འབྲེལ་བའི་ནང་དོན་སྤེལ་བཞིན་འདུག

2015ལོའི་ཟླ་བ་3པའི་ཚེས་13ཉིན་སི་ཁྲོན་དུས་དེབ་ཚོགས་པས་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་དངོས་སུ་བཙུགས། དེ་ནི་བོད་ཁུལ་གྱི་ཆེས་ཐོག་མའི་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཡིན་ཞིང་འཕྲིན་སྦྱོར་གསར་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་དུས་རབས་ཀྱི་དགོས་མཁོ། ལོ་ཚོད་མི་འདྲ་བའི་ཀློག་པ་པོའི་འཚོ་བའི་གོམས་གཤིས་དང་། ས་གནས་ཀྱི་ཆ་རྐྱེན་ལ་གཞིགས་ནས་གངས་ལྗོངས་ཉི་གཞོན་དུས་དེབ་དང་ཁ་བཏགས་དཀར་པོའི་དུས་དེབ། སྒྲོག་འགྲེལ་ངེས་ཀློག  གེ་སར་འཁྲུངས་ཡུལ། སི་ཁྲོན་ཉིན་རེའི་ཚགས་པར་ཁང་གི་བོད་ཡིག་ཚགས་པར《གངས་ལྗོངས་འཕྲིན་གསར།》བཅས་ཁྱོན་བསྡོམས་དུས་དེབ་བཞི་དང་ཚགས་པར་གཅིག གཞན་གངས་ལྗོངས་ཉི་གཞོན་བོད་རྒྱ་ཡིག་རིགས་གཉིས་ཀྱི་དྲ་ཚུགས། གངས་ལྗོངས་ཉི་གཞོན་པར་མཛོད་དང་དཔེ་མཛོད། གངས་ལྗོངས་ཉི་གཞོན་བོད་རྒྱ་ཡིག་རིགས་གཉིས་ཀྱི་དྲ་ཕྲན། འཕྲིན་ཕྲན། པོད་ཕྲན། བརྙན་ཕྲན། གངས་ལྗོངས་ཉི་གཞོན་བོད་རྒྱ་ཡིག་རིགས་གཉིས་ཀྱི་འཇུག་སྒོ་གཉིས་བཅས་ཕྲན་འཕྲིན་བརྒྱད་དང་འཇུག་སྒོ་གཉིས་སོགས་འཕྲིན་སྦྱོར་བརྒྱུད་ལམ་སྣ་མང་སྤྱད་དེ་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱི་བསམ་བློའི་རིག་གནས་གྱ་ནོམ་ཅན་དུ་གཏང་བར་འབད་བཞིན་ཡོད་པ་དང་། ད་དུང་མུ་མཐུད་དུ་གངས་ལྗོངས་ཉི་གཞོན་གྱི་ལས་རོགས་དང་ལག་རྩལ་མི་སྣའི་བློ་གྲོས་དང་ཤེས་རབ་ལ་བརྟེན་ནས་བོད་ཀྱི་འཕྲིན་སྦྱོར་དུས་རབས་ཀྱི་འགྲོས་དང་བསྟུན་ཅི་ནུས་ཀྱིས་གངས་ལྗོངས་གློག་རྡུལ་དུས་དེབ་དང་། ཡི་གེ་སྐད་དུ་བསྒྱུར་བའི་མ་ལག  དྲ་ཐོག་ཡིག་སྒྱུར་མ་ལག་སོགས་མདོར་ན་སྒྲ་གཟུགས་ཡིག་རིས་སོགས་ཀྱི་འཕྲིན་སྦྱོར་གསར་པའི་ལག་རྩལ་དང་དེ་མཐུན་གྱི་ཆ་འཕྲིན་ལག་རྩལ་གསར་གཏོད་ཀྱི་ལས་ལ་ཅི་ནུས་ཀྱིས་འབད་དང་འབད་མུས་སུ་མཆིས།

ཁོང་དང་ཁོང་གི་ལས་དོན་སྐོར་《ཀྲུང་གོའི་གསར་འགྱུར་པར་སྐྲུན་ཚགས་པར་》དང་། 《ཀྲུང་གོའི་བོད་ལྗོངས།》《མི་རིགས་བརྙན་པར།》《མི་རིགས།》《སི་ཁྲོན་ཉིན་རེའི་ཚགས་པར། 》《མི་རིགས་ཚགས་པར། 》ཨ་མདོའི་བརྙན་འཕྲིན་གྱི་གླེང་སྟེགས་ལེ་ཚན། ཁམས་པའི་བརྙན་འཕྲིན་གྱི་འཆི་མེད་གླེང་མོལ། བྱམས་པའི་ཁ་བརྡ། སྐལ་བཟང་མེ་ཏོག་སོགས་སུ་ཆེད་བསྒྲིགས་ལེ་ཚན་སྤེལ་ནས་ངོ་སྤྲོད་བྱས་པར་མ་ཟད། ཁམས་པའི་བརྙན་འཕྲིན་གྱི་འཆད་ཁྲིད་སྒྲོན་མེ་ལེ་ཚན་དུ་ཁམས་པའི་རིག་གནས་སྐོར་གྱི་འཆད་ཁྲིད་ཐེངས་མང་གནང་མྱོང་།

  • 顶 0