རེབ་གོང་ལྷ་རིས་སྒྱུ་རྩལ་ངོ་སྤྲོད།

2018-01-25

 

  རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་གི་མིང་གཞན་ལ་རེབ་གོང་གསེར་མོ་ལྗོངས་ཞེས་འབོད་ལ། གནས་འདི་ནི་ངོ་མཚར་ཆེ་ཞིང་ལྐོག་གྱུར་གྱི་ཡུལ་ཁམས་ཤིག་ཡིན་པ་དང་། གནག་སྣུམ་གྱི་ས་གཞིའི་སྟེང་ལ་རིག་གནས་ཀྱི་བྲོ་བ་སྟུག་པོ་ཞིག་གིས་ཁེངས་ཡོད། གསེར་མདོག་གི་ཡུལ་གྲུ་འདི་ལ་གོམ་ཁ་བསྒྱུར་མ་ཐག་ང་ཚོས་མཐོང་ཐུབ་པ་ནི་དགུང་སྔོན་དབྱིངས་ལ་ཟུག་པའི་རི་མགོའི་ལབ་ཙེ་དང་། དྲི་མེད་དྭངས་གཙང་གི་རབ་དཀར་མཆོད་རྟེན། གཡུག་གཡུག་ཉིད་ཀྱིས་ཟད་པའི་ལ་ཁའི་དར་ལྕོག སྐོར་མཐར་མ་ཎིའི་སྒྱུ་རྩལ་གྱི་ཉམས་འགྱུར་སྟོང་གིས་ཕྱུག་པའི་སྲང་ལམ། མི་རིགས་ཆོས་ལུགས་ཀྱི་ཡོ་བྱད། བོད་རྒྱུད་ནང་བསྟན་གྱི་དགོན་སྡེ་སོ་སོ་བཅས་ཡིན་པས་ང་ཚོ་སྨོན་འདུན་གྱི་ཞིང་ཁམས་ཤིག་ཏུ་སླེབས་པའི་ཚོར་སྣང་སྟེར་ཐུབ། གནས་འདིའི་ལས་ལ་བརྩོན་ཞིང་བློ་གྲོས་ལྡན་པའི་མེས་པོ་རྣམས་ཀྱིས་འོད་སྟོང་རབ་ཏུ་འཕྲོ་བའི་རིག་གནས་ཕུན་སུམ་ཚོགས་པོ་བསྐྲུན་ཏེ་ང་ཚོ་རྗེས་རབས་པ་རྣམས་ལ་དངོས་པོ་དང་བསམ་བློའི་ཤུལ་བཞག་བླ་ན་མེད་པ་ཞིག་བཞག་ཡོད་ལ། དུས་ད་ལྟའང་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་རྒྱུ་དེར་རྒྱལ་ཁབ་ཀྱིས་གཙིགས་ཆེན་བྱས་པ་དང་བསྟུན། བོད་བརྒྱུད་ནང་བསྟན་ལྷ་རིས་སྒྱུ་རྩལ་གྱི་གཟི་འོད་གནས་འདིར་ལམ་ལམ་འཕྲོ་བཞིན་ཡོད། སྤྱི་ལོ་དུས་རབས་བཅུ་བཞི་བ་ཡས་མས་སུ་བོད་བརྒྱུད་ནང་བསྟན་ཆེས་ཐོག་མར་གཞི་ཁྱོན་ཆེན་པོའི་སྒོ་ནས་རེབ་གོང་ས་ཁུལ་དུ་དར་མགོ་བརྩམས་པ་དང་། དུས་རབས་བཅོ་ལྔ་བའི་རྗེས་ནས་གནས་འདིར་ས་སྐྱ་བ་དང་དགེ་ལུགས་པའི་གྲུབ་མཐའ་བསྟུད་མར་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། ག་ས་གང་དུ་ནང་པའི་དགོན་སྡེ་དང་སངས་རྒྱས་བྱང་སེམས་ཀྱི་སྐུ་བཪྙན་བཞེངས་པའི་མཐོ་རླབས་འཕྱུར། རེབ་གོང་ལྷ་རིས་སྒྱུ་རྩལ་ནི་གཙོ་བོར་སེང་གེ་གཤོང་དང་སྒོ་དམར། གཉན་ཐོག རྐ་སར་སོགས་ཡུལ་སྡེ་དུ་མའི་སྐྱེ་འགྲོ་རྣམས་ཀྱིས་ཕ་མེས་ཡང་མེས་རིང་གི་ལྷ་རིས་སྒྱུ་རྩལ་གྱི་ཕག་སྲོལ་བཟང་པོ་ཉམས་པ་སོར་ཆུད་དང་མི་ཉམས་གོང་སྤེལ་གྱི་སྒོ་ནས་རྒྱུན་འཛིན་གནང་འོང་པ་ཡིན་ནོ། ། 

  རེབ་གོང་ལྷ་རིས་སྒྱུ་རྩལ་ནི་བོད་བརྒྱུད་ནང་བསྟན་བྲིས་རིས་སྒྱུ་རྩལ་གྱི་དཔེ་གཞི་ལྟ་བུ་ཡིན་ལ། རང་རྒྱལ་གྱི་རིག་གནས་ཤུལ་བཞག་ཁྲོད་ཀྱི་གཅེས་ནོར་ཡང་ཡིན། རེབ་གོང་སྒྱུ་རྩལ་ལ་བྲིས་རིས་དང་འཇིམ་སྐུ། རྡོ་བརྐོས་མ་ཎི། གཙགས་དྲུབ། རྡུལ་ཚོན་ཕྱེ་མ། མེ་ཏོག་མཆོད་མཇལ་སོགས་སྒྱུ་རྩལ་གྱི་རྣམ་པ་གང་མང་ཡོད་ཅིང་། ནང་དོན་ཐད་ལའང་བོད་རིགས་ཀྱི་ལོ་རྒྱུས་རིག་གནས་དང་དམངས་སྲོལ། སྒྱུ་རྩལ། ཆོས་ལུགས་སོགས་ཀྱི་ནང་དོན་འདུ་བ་དང་། ཁྱད་པར་དུ་ཐང་གའི་སྒྱུ་རྩལ་ནི་རེབ་གོང་རིག་གནས་སྒྱུ་རྩལ་ཁྲོད་ཀྱི་ཉིང་བཅུད་ལྟ་བུ་ཡིན་པས། ཀྲུང་གོའི་མི་རིགས་དམངས་ཁྲོད་རིག་གནས་སྒྱུ་རྩལ་ཁྲོད་ཀྱི་གཟི་འོད་རབ་ཏུ་འཕྲོ་ཞིང་མཚོ་བོད་མཐོ་སྒང་གི་མེ་ཏོག་ཆུན་པོ་ཞེས་འབོད་དོ།། 

  རེབ་གོང་ས་ཁུལ་དུ་དར་བའི་དམངས་ཁྲོད་བྲིས་རིས་ལ་ཐང་ག་ཟེར་བ་དང་། དེའི་ལོ་རྒྱུས་ནི་ཕལ་ཆེར་བོད་བཙན་པོའི་དུས་སྐབས་ཀྱི་སྤྱི་ལོ༦༡༧ཡས་མས་ནས་དར་མགོ་བརྩམས་པ་རེད། དུས་ཡུན་རིང་བོའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་རེབ་གོང་ཐང་གས་བོད་ཀྱི་སྲོལ་རྒྱུན་བྲིས་རིས་སྨན་ཐང་ལུགས་ཀྱི་དགེ་མཚན་རྒྱུན་འཛིན་དང་། རེབ་གོང་ས་ཁུལ་གྱི་བོད་རིགས་དང་ཧོར་རིགས་ཀྱི་མཛེས་དཔྱོད་ལྟ་བ་དང་ཟུང་འབྲེལ་བྱས་ཏེ། བཟོ་རྩལ་ངོ་མཚར་ཞིང་ཞིབ་ཚགས་ཡིན་པ་དང་། ནང་དོན་གཏིང་ཟབ་ཅིང་གསོན་ཉམས་ལྡན་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་གྲུབ་པའི་རྨང་གཞིའི་སྟེང་རིམ་བྱོན་བཟོ་རྩལ་མཁན་པོའི་འབད་བརྩོན་བྱས་པ་བརྒྱུད་རེབ་གོང་ཐང་གའི་མཚན་སྙན་གྱི་བ་དན་དཀར་པོ་སྲིད་པའི་རྩེ་ན་གཡོ། 

  རྒྱལ་ཁབ་ཕྱི་ནང་ཀུན་གྱི་ནང་བསྟན་དགོན་སྡེ་སོ་སོ་དང་སྒྱུ་རྩལ་དངོས་མང་བཤམས་སྟོན་ཁང་སོ་སོ་ན་རེབ་གོང་ཐང་གས་དད་ལྡན་མང་ཚོགས་དང་ལྟ་སྐོར་བ་རྣམས་ཀྱི་མིག་དབང་འཕྲོག་པར་བྱེད་པ་དང་། ཁྱད་པར་དུ་བོད་ཁུལ་གྱི་བཟོ་རྩལ་པ་མི༣༠༠ལྷག་གིས་ལོ་ངོ་གསུམ་གྱི་རིང་ལ་འབད་བརྩོན་བྱས་པའི་འབྲས་བུ་སྟེ་སྨི༦༡༨ཡོད་པའི་ཀྲུང་གོའི་བོད་ཀྱི་རིག་གནས་སྒྱུ་རྩལ་ཀུན་འདུས་ཞལ་ཐང་ཆེན་མོ་འཛམ་གླིང་ཅི་ཉི་སིའི་ཟིན་ཐོར་བཀོད་ཡོད།         རེབ་གོང་ཐང་གའི་ཚོན་མདངས་ལ་བཀྲག་མདངས་འཚེར་བ་དང་། ཚོན་རྩའི་རྒྱུ་ཆར་དོ་སྣང་བྱེད་པ། རི་མོ་ཕྲ་ཞིབ་ཡིན་པའི་ཆ་ནས་མིང་དུ་གྲགས་ཡོད། ཐང་ག་བཞེངས་པའི་གོ་རིམ་ཧ་ཅང་གཟབ་ནན་གྱིས་ལྷ་སྐུ་ཐིག་རྩ་ཡི་ཆ་ཚད་ལྟར་བཞེངས་དགོས་ཤིང་། ལྷ་བཟོ་བས་ཐང་ག་བཞེངས་པའི་གོ་རིམ་གཙོ་བོ་རས་གཞི་བརྡར་བ། རས་གཞི་རྒྱངས་ཤིང་ལ་བརྒྱངས་པ། སྐྱ་ཐིག་འཕེན་པ། ཚོན་གཏོང་བ། མདངས་བྱུགས་པ།གསེར་རྩི་རྒྱག་པ། གཟི་བརྡར་བ། ཞིབ་དག་བྱེད་པ།གཟུངས་འཇུག་འབུལ་བ། གོང་བཤམས་འདོགས་པ་སོགས་སོ། ། པིར་རྩེ་ཧ་ཅང་ཕྲ་ཞིང་ཤིན་ཏུ་ཞིབ་པས་སྤྱན་འབྱེད་པིར་ལ་ལ་ནི་སྤུ་ཉག་མ་གཅིག་གམ་གཉིས་ཀྱིས་གྲུབ་པ་ཡིན། ཁྱད་པར་དུ་ཚོན་གྱི་སྡེབ་ཁའི་ཐད་ལ་གཡུ། བྱུ་རུ། གསེར། མུ་མེན། མུ་ཏིག པད་མ་རཱ་ག་སོགས་རང་བྱུང་གི་རིན་པོ་ཆེ་མཐའ་དག་བཀོལ་སྤྱོད་བྱས་ཡོད་པས་དུས་ཡུན་ཇི་ཙམ་འགོར་ཡང་བཀྲག་མདངས་མི་ཉམས་པའི་ཁག་ཐེག་བྱེད་ཐུབ། སྤྱིར་ཐང་ག་ལའང་ཆོས་ལུགས་ཀྱི་ནང་དོན་མཚོན་པའི་ཐང་ག་དང་། ལོ་རྒྱུས་སྐོར་གྱི་ཐང་ག རིག་གནས་གོམས་སྲོལ་གྱི་ཐང་ག སྐར་རྩིས་སྐོར་གྱི་ཐང་ག གསོ་རིག་གི་ནང་དོན་མཚོན་པའི་ཐང་ག་སོགས་རྣམ་པ་སྣ་ཚོགས་ཡོད་དོ།། 

  མདོར་ན། རེབ་གོང་གསེར་མོ་ལྗོངས་ཀྱི་སེང་གེ་གཤོང་དང་སྒོ་དམར། གཉན་ཐོག རྐ་སར་སོགས་ལྷ་རིས་སྒྱུ་རྩལ་གྱི་ཞིང་ཁམས་ལྟ་བུའི་སྡེ་ཚོ་འདི་དག་ཏུ་བི་ཤྭ་ཀརྨ་ཡི་དོ་ཟླར་འགྲནཔའི་ངེས་པ་དོན་གྱི་ལྷ་རིས་སྒྱུ་རྩལ་མཁན་པོ་རྐ་སར་ལྷ་རིས་པ་བྱང་ཆུབ་རབ་གསལ་དང། གཉན་ཐོག་ཆོས་ལྡན། ཤ་བོ་ཚེ་རིང་། འཇིགས་མེད་སྐར་མདའ་སོགས་བགྲང་གིས་མི་ལང་བ་བྱོན་ཞིང་། ཁོང་རྣམ་པའི་ཕག་སོར་ལས་འཁྲུངས་པའི་ལྷ་རིས་སྒྱུ་རྩལ་གྱི་བརྩམས་ཆོས་དག་རྒྱ་གར་དང་བལ་བོ། འབར་མ། ཕྱི་སོག ནང་ལོགས་སོགས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཁྱབ་ཡོད་པར་ཚད་མཐོ་བའི་དགའ་བསུ་དང་གདེང་འཇོག་ཐོབ་པའི་མུར། རེབ་གོང་ལྷ་རིས་སྒྱུ་རྩལ་ཅེས་པའི་མཚན་སྙན་དབྱར་སྐྱེས་རྔ་གསེང་ལྟར་གོ་ལའི་ཁྱོན་ལ་ལྡིར་བཞིན་པ་ལགས་སོ།། 

<