གླུ་པ་ཚེ་དབང་།

2018-01-03

   བོད་ཀྱི་ན་གཞོན་གླུ་བ་ཚེ་དབང་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སྡེ་དགེ་རྫོང་གི་ཁོངས་སུ་ཁམས་ཕྱོགས་སུ་སྙན་གྲགས་ཆེ་བའི་སྨན་རབས་བཅུ་གསུམ་ཡོད་པའི་དུད་ཚང་ཞིག་ཏུ་སྐྱེས་ཤིང་། ཆུང་དུས་ནས་བཟུང་རིག་པ་གསལ་ལ་སྤྱང་གྲུང་འཛོམས་པ་དང་བཟོ་རིག རོལ་དབྱངས་སོགས་ལ་དུང་བ་ལྷག་ཏུ་ཟབ། ཁོང་ཉིད་ཆུང་འབྲིང་གི་སློབ་གྲྭ་རིམ་པར་བརྒྱུད་དེ་སྤྱི་ལོ༡༩༩༢ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་རྒྱུགས་འཕྲོད་དེ་བོད་རྒྱ་སྐད་ཡིག་རིག་པ་དང་གསོ་རིག་སོགས་ལ་སྦྱོང་བརྩོན་བྱས་པས་གྲུབ་འབྲས་ལེགས་པོ་ཐོབ། ༡༩༩༦ལོར་སློབ་མཐར་ཕྱིན་རྗེས་སི་ཁྲོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་སུ་ལས་བགོས་བྱས།  

  ཁོང་ཆུང་དུས་ནས་རོལ་དབྱངས་ལ་དགའ་ཞེན་ཤིན་ཏུ་ཆེ་བ་མ་ཟད་སྐད་ངག་སྙན་མོ་ཞིག་ཀྱང་ལྷན་སྐྱེས་སུ་མངའ་བས། བོད་ཀྱི་གླུ་བ་གྲགས་ཅན་དགེ་རྒན་ཡར་དུང་དང་རོལ་མོ་དགེ་རྒན་ཆོས་རྒྱ་མཚོ་སོགས་ཀྱི་གསོ་སྐྱོང་དང་མཛུབ་སྟོན་འོག ༢༠༠༣ལོར་ཁོང་གི་གླུ་དབྱངས་ཐོག་མ་གངས་ལྷ་མེ་ཏོག་ཞེས་པ་དེ་ཕབ་བསྐྲུན་བྱས་པར་རོལ་དབྱངས་ཆེད་མཁས་པ་ཚོས་གདེང་འཇོག་ཚད་མཐོན་པོ་ཐོབ། ལོ་དེར་མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་གཉེར་བའི་བོད་ཀྱི་ལོ་སར་དགོང་ཚོགས་སུ་ཞུགས་ཏེ་གླུ་དབྱངས་གངས་ལྷ་མེ་ཏོག་ཞེས་པ་དེ་གངས་རིའི་ལྗོངས་ཀྱི་བོད་རིགས་སྤུན་ཟླ་ཡོངས་ལ་ལོ་སར་གྱི་ལེགས་སྐྱེས་སུ་ཕུལ་བར་བོད་ཁུལ་ཙམ་དུ་མ་ཟད་རྒྱལ་ཕྱི་ནང་གི་གཟིགས་མོ་བ་མང་པོའི་ཡིད་ཀྱི་དང་བ་དབང་མེད་དུ་འདྲེན་པར་བྱས་ཏེ་ཀུན་གྱིས་དགའ་བསུ་ཆེན་པོ་བྱས།དུས་མཚུངས་སུ་གངས་ལྷ་མེ་ཏོག་ཅེས་པའི་གླུ་གཞས་དེའང་ཕོ་མོ་རྒན་གཞོན་རིས་སུ་མ་ཆད་པའི་ངག་ནས་གྱེར་ཐུབ་པའི་ཧ་ཅང་ཁྱབ་བརྡལ་ཆེ་བའི་དེང་རབས་གླུ་གཞས་ཤིག་ཏུ་གྱུར།༢༠༠༥ལོར་མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་གཉེར་བའི་རིག་རྩལ་སྤྲོ་ཚོགས་ཆེན་མོར་ཞུགས་ནས་གླུ་དབྱངས་བུ་མོ་ཚེ་རིང་མཚོ་མོ་ཞེས་པ་དེ་གདངས་སུ་གྱེར་བར་བོད་ཀྱི་ན་གཞོན་གླུ་བ་ཚེ་དབང་ཞེས་པའི་ཕོ་སར་སྐྱེས་རྩལ་འཛོམས་ལ་སྐད་ངག་ཚངས་པའི་པི་ཝང་ལ་འགྲན་པའི་བོད་པའི་ན་གཞོན་གླུ་བ་ཁོང་གིས་གཟིགས་མོ་བ་རྣམས་ཀྱི་སེམས་ཁོངས་སུ་རྟག་བརྟན་གྱི་རྡོ་རིང་ཞིག་བཞེངས། ༢༠༠༦ལོར་མཚོ་སྔོན་རྒྱང་བསྒྲགས་ཁང་དང་བརྙན་འཕྲིན་ཁང་གཉིས་ཀྱིས་ལྷན་དུ་གཉེར་བའི་རིག་རྩལ་སྤྲོ་ཚོགས་ཆེན་མོར་གདན་ཞུས་ལྟར་རིག་རྩལ་སྤྲོ་ཚོགས་ཀྱི་མདོ་འཛིན་པ་བྱེད་ཞོར་དུ། བོད་ཀྱི་གླུ་ཡི་རྒྱལ་པོ་ཡར་དུང་དང་། གང་བཞུགས། ཀུན་དགའ་བཅས་དང་ལྷན་དུ་རིག་རྩལ་སྤྲོ་ཚོགས་ཀྱི་བརྗོད་དོན་གླུ་དབྱངས་སེམས་ཀྱི་ལོག་ཕེབས་ཞེས་པ་དེ་རྒྱ་ཆེ་བའི་གཟིགས་མོ་བ་རྣམས་ལ་ཕུལ་བར། བརྙན་འཕྲིན་དང་རྒྱང་བསྒྲགས་སོགས་ནས་བརྒྱུད་བསྒྲགས་བྱས་པས།གངས་རི་དང་རྩྭ་ཐང་སྟེང་ན་ཆེས་དར་ཁྱབ་ཆེ་བའི་གླུ་གཞས་ཤིག་ཏུ་གྱུར།དེ་ནས་བཟུང་སྔོན་རྗེས་སུ་མཚོ་སྔོན་དང་ཀན་སུའུ། སི་ཁྲོན། བོད་ལྗོངས། ཡུན་ནན། ནང་ལོག་ས་ཁུལ་སོགས་སུ་འཁྲབ་སྟོན་ཆེ་ཆུང་རབ་དང་རིམ་པ་མང་པོར་ཞུགས་པས་དགའ་བསུ་ཆེན་པོ་ཐོབ། ༢༠༠༨ལོར་ཁོ་རང་ཉིད་ཀྱི་ཆེད་བསྒྲིགས་བརྙན་སྡེར་བུ་མོ་གངས་ལྷ་མེ་ཏོག་ཞེས་པ་འགྲེམ་སྤེལ་བྱས། དེའི་ནང་གི་རྒྱལ་པོའི་ཆང་གཞས་ཞེས་པའི་གླུ་དབྱངས་འདི་བོད་རིགས་སྤུན་ཟླ་རྣམ་པའི་རྟེན་འབྲེལ་གྱི་མགོ་གཡང་དང་།མཛད་སྒོ།སྤུན་གྲོགས་ལྷན་འཛོམས་སོགས་ཀྱི་སྐབས་སུ་རྟེན་འབྲེལ་བསུ་བ་དང་བཀྲ་ཤིས་ཁ་གཡང་བརྗོད་པར་ངེས་པར་དུ་དབྱངས་སུ་གྱེར་པའི་གླུ་གཞས་ཤིག་ཏུ་ཆགས་ཡོད། 

   གཞན་ཉེ་བའི་ལོ་ཤས་རིང་ཁམས་པའི་བརྙན་འཕྲིན་སོགས་སུ་ཁོང་གིས་སྐད་སྦྱོར་བྱས་པའི་བོད་སྐད་ཀྱི་གློག་བརྙན་དང་བརྙན་འཕྲིན་ཟློས་གར་གང་མང་མཐོང་ཐུབ་ལ།ད་ལྟའི་བར་དུ་གློག་བརྙན་དང་མུ་འབྲེལ་བརྙན་འཕྲིན་ཟློས་གར་བརྒྱ་ཕྲག་གི་སྐད་སྦྱོར་ལ་ཞུགས་ཡོད་ཅིང་།ད་ལྟ་ཁོང་རང་ཉིད་ལའང་བོད་སྐད་སྐད་སྦྱོར་གཙོ་གཉེར་བྱེད་པའི་རིག་གནས་ཚད་ཡོད་སྤྱི་གཉེར་ཁང་ཞིག་གཉེར་འདུག་པར་ང་ཚོས་སེམས་གཏིང་ནས་ཁོང་གི་བྱ་གཞག་ཐམས་ཅད་ཡར་ཟླའི་དཔལ་བཞིན་རྒྱས་པ་དང་། ཁྱད་པར་དུ་གངས་རིའི་ཁོང་གསེང་ནས་འཕུར་བའི་དཔྱིད་ཀྱི་ཕོ་ཉའི་མགྲིན་གླུ་སྙན་མོ་དེ་ནམ་ཡང་གངས་ཅན་སྐྱེ་བོ་ཡོངས་ཀྱི་ཡིད་སེམས་གསོ་བའི་སྐྱེས་སུ་འགྱུར་བའི་ཤིས་སྨོན་ཞུའོ། ། 

<