པདྨ་ཚེ་བརྟན།

2017-03-15

     བོད་ཀྱི་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་གྱིས་འཁྲབ་ཁྲིད་གནང་པའི་གློག་བརྙན་《ཐར་ལོ།》དེ2016ལོར་འཁྲབ་ཁྲིད་ལེགས་གྲུབ་བྱུང་ཞིང་རྒྱལ་ཁབ་ཕྱི་ནང་ནས་གཟེངས་བསྟོད་བྱ་དགའ་མང་པོ་ཐོབ། གློག་བརྙན་འདིའི་ཁྲོད་ཞི་བདེ་ཉི་མས་གཙོ་འཁྲབ་བྱས་པའི་ཐར་ལོའི་བར་སྐབས་ཤིག་གི་མི་ཚེའི་འགྱུར་ལྡོག་བརྗོད་པ་བརྒྱུད་ནས་བོད་རིགས་མང་ཚོགས་ཁྲོད་དུ་ཐར་ལོ་ལྟ་བུའི་ཐར་ལོ་དག་དང་། སྔོན་ཆད་ཐར་ལོ་ཡིན་པ་དག མ་འོངས་པར་ཐར་ལོའི་ལམ་ལ་འགྲོ་ཉེན་ཡོད་པ་དག་ལྷང་ངེར་བརྗོད་ཡོད་ལ། ལྷག་པར་དུ་གློག་བརྙན་གྱི་ཚོན་མདངས་དང་པར་མིག་བཀོལ་སྤྱོད་བྱེད་སྟངས་ལ་སོགས་པའི་ཐད་ནས་འཁྲབ་ཁྲིད་པ་ཁོང་གི་བརྩམས་ཆོས་དུ་མ་ལས་མཐོ་བརྒལ་གྱི་རྣམ་པ་མངོན་ཞིང། བོད་ཀྱི་ཕ་སྐད་གློག་བརྙན་ཤིག་གི་ངོས་ནས་དེ་བས་ཀྱང་མཐོ་བརྒལ་གྱི་རྡོ་རིང་ཆེན་པོ་ཞིག་ཏུ་མངོན་འདུག 

     དེ་ཡང་འཁྲབ་ཁྲིད་པ་དང་རྩོམ་པ་པོ་གྲགས་ཅན་པདྨ་ཚེ་བརྟན་ནི་1969ལོར་མཚོ་སྔོན་ཁྲི་ཀ་ནས་སྐྱེས་ཤིང་། ནུབ་བྱང་མི་རིགས་སློབ་ཆེན་དང་པེ་ཅིང་གློག་བརྙན་སློབ་གླིང་དུ་སློབ་གཉེར་མཛད་ནས་ད་བར་རྒྱ་བོད་སྐད་གཉིས་ཀྱི་རྩོམ་རིག་བརྩམས་ཆོས་བཞི་བཅུ་ལྷག་བོད་ལྗོངས་ཞིབ་འཇུག་སོགས་དུས་དེབ་ཏུ་བཀོད་མྱངས། ལྷག་པར་དུ་ངེད་ཅག་གིས་གསལ་ཐག་ཆོད་པ་ཞིག་ནི། ཁོང་རང་འཛམ་གླིང་གི་གློག་བརྙན་གར་སྟེགས་ཁྲོད་འོད་དུ་འཚེར་བའི་བོད་ཀྱི་ཐོ་རེངས་སྐར་ཆེན་དེ་ཡིན། ཐེངས་འདིར་ཁོ་རང་གི་གློག་བརྙན་བརྩམས་ཆོས་གཙོ་བྱས་ཏེ་འཁྲབ་ཁྲིད་པ་ཁོང་ཉིད་དང་མཇལ་འཛོམས་ཐེངས་ཤིག་བྱ།

     2002ལོ་ནས་དངོས་སུ་གློག་བརྙན་འཁྲབ་ཁྲིད་པའི་ལས་ལ་ཞུགས་ཤིང་། སྔ་རྗེས་སུ་《རྩྭ་ཐང་།》དང་《ཁྱི་རྒན།》 《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ།》 《ཐར་ལོ།》སོགས་ཕུལ་བྱུང་གི་གློག་བརྙན་དུ་མ་འཁྲབ་ཁྲིད་བྱས་ཏེ་རྒྱ་ཆེ་བའི་གཟིགས་མོ་བ་རྣམས་ཀྱི་སྤྱན་ལམ་དུ་ཕུལ། དེ་ལས་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་ཞེས་པ་ནི་བོད་ཀྱི་དེང་རབས་དངོས་ཡོད་འཚོ་བ་མཚོན་པའི་གཏམ་རྒྱུད་གློག་བརྙན་ཐོག་མ་ཡིན། ཁོང་གི་གློག་བརྙན་ཁྲོད་མི་སྣ་གཙོ་བོར་བཟུང་ནས་གཏམ་རྒྱུད་ག་གེ་མོ་ཤར་མར་ཕབ་ཡོད་ལ། དུས་རབས་ཉེར་གཅིག་པའི་བོད་མིའི་སེམས་ཁོང་གི་འཕོ་འགྱུར། དངོས་ཡོད་འཚོ་བ་དང་ཆོས་ལུགས་མི་སྣ་ཞིག་གི་བསམ་བློའི་འགལ་འདུ། བོད་མི་རིགས་དང་རང་བྱུང་ཁོར་ཡུག་བར་གྱི་བརྩེ་སེམས། བོད་མི་རིགས་ཀྱིས་འཆམ་མཐུན་སྤྱི་ཚོགས་ལ་བཟུང་བའི་བསམ་བློའི་ངོས་འཛིན། བོད་མི་རིགས་ཀྱིས་སྐྱེ་བ་སྔ་ཕྱི་དང་འཆི་བ་མི་རྟག་པ་ལ་བཅངས་པའི་སེམས་བསྐྱེད། བོད་མིའི་སེམས་ཁོང་གི་མཛེས་པ་དང་མི་གཤིས་ཀྱི་རིན་ཐང་། འགྲིམ་འགྲུལ་དང་བརྡ་འཕྲིན་གྱི་བཀག་རྒྱ་ལས་ཐར་འདོད་ཀྱི་སེམས་ཤུགས། སྲོལ་རྒྱུན་གྱི་རིག་གནས་དང་མཁྲེགས་འཛིན་གྱི་ལྟ་བ་ལས་རྙེད་པའི་ངེས་ཤེས་གཙང་མ། དེང་རབས་རིག་གནས་ཀྱི་སྒུལ་ཤུགས་ལས་ཐོན་པའི་ཚུར་ལེན་རིང་ལུགས་ཀྱི་སྤོབས་སེམས། ལྷིང་འཇགས་དང་ལྷིང་འཇགས་མ་ཡིན་པའི་བསམ་བློའི་ཐོད་བརྒལ། སྤྱི་ཚོགས་གསར་པ་དང་ཁོར་ཡུག་གསར་པའི་ཁྲོད་རབ་རིབ་ཏུ་གྱུར་པའི་བོད་མིའི་གཙོ་རྒྱུགས་ཀྱི་བསམ་བློའི་གནས་སྟངས། ལས་ལ་བརྩོན་ཞིང་བབ་ཆགས་ལྡན་པའི་མི་རིགས་ཤིག་གི་སྣང་བརྙན་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཐབས་ལམ་ལ་དྲངས་ཡོད།

《གཡང་མདའ།》ཕབ་བསྐྲུན་བྱེད་བཞིན་པ།  

     《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ།》ཞེས་པའི་གློག་བརྙན་དེ་པེ་ཅིང་དང་ཧྲང་ཧེ། ཟི་ལིང་ནས་འགྲེམ་སྟོན་བྱས་ཤིང་། འོད་སྡེར་གྱི་ལམ་ནས་བོད་ཡུལ་གྱི་གྲུ་ཟུར་སོ་སོར་ན་བུན་རྒྱུ་བ་བཞིན་ཁྱབ་ཅིང་། བོད་ཀྱི་ཕ་སྐད་གློག་བརྙན་གྱི་དབུ་ཁྱུད་བྲིས། བསྟོད་པའི་མེ་ཏོག་བཞད་ལ་མཆོད་པའི་སྤྲིན་དཀར་ལང་ལོང་དུ་གཡོ། སྔ་རྗེས་སུ་སྐབས་བཞི་པའི་སློབ་གྲྭ་ཆེན་མོ་བའི་གློག་བརྙན་འགྲན་བསྡུར་དུ་ཕུལ་བྱུང་གི་བྱ་དགའ་དང་ལྷོ་ཁོ་རེ་ཡའི་གློག་བརྙན་དུས་ཆེན་དུ་ཁྱད་དུ་འཕགས་པའི་བྱ་དགའ། ཧྲང་ཧེའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དུ་ཨེ་ཤ་ཡའིི་མཆོག་ཏུ་གྱུར་པའི་གསར་སྐྱེས་འཁྲབ་ཁྲིད་པའི་བྱ་དགའ། ཀྲུང་གོའི་གློག་བརྙན་བྱ་དགའི་ནང་མཆོག་ཏུ་གྱུར་པའི་འཁྲབ་ཁྲིད་པའི་ཆེས་ཐོག་མའི་བརྩམས་ཆོས་ཀྱི་བྱ་དགའ་སོགས་རིམ་པ་སོ་སོའི་བྱ་དགའ་བརྒྱད་ཙམ་བླངས། བོད་ཀྱི་རིག་གནས་ལོ་རྒྱུས་ཀྱི་དེབ་ཐེར་དུ་མི་སེམས་འགུག་པའི་ཤོག་ལྷེ་གསར་པ་ཞིག་ཕྱེ་བ་དང་མི་རིགས་ཤིག་སྔོན་ཐོན་གྱི་གྲས་སུ་ཚུད་པར་དཀའ་སྤྱད་སྡུག་རུས་གནང་པའི་ལམ་ཚད་ཀྱི་རྡོ་རིང་ལྟ་བུའི་གློག་བརྙན་དེ་ལ་མཐོང་ཐོས་ནོར་གྱིས་ཕྱུག་པའི་རིགས་ཞེན་མཁས་པ་དང་རྒྱུ་འབྲས་བློ་མིག་ལྡན་པའི་སྒྱུ་རྩལ་པ་རྣམས་ཀྱིས་ཆར་བ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ནང་བཞིན་གྱིས་རམ་འདེགས་དང་སྐུལ་མ་མཛད།

     དེ་བས་ཀྱང་བོད་ཀྱི་ཕ་སྐད་གློག་བརྙན་གྱི་ལམ་ལ་འཇུག་པའི་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཞིང་། ལོ་ངོ་འདི་དག་གི་ནང་ཕ་སྐད་གློག་བརྙན་ཆར་རྗེས་ཤ་མོ་བཞིན་ག་ས་གང་ནས་ཐོན་བྱུང་། ལྷག་པར་ལོ་ངོ་བཅུ་བཞི་ལྷག་གི་འཁྲབ་ཁྲིད་ཀྱི་ལོ་ཟླའི་ཉིང་བཅུད་བསགས་ཡོད་དེ། ད་ལྟའི་བར་དུ་ཁོང་གིས་འཛམ་གླིང་བྱ་དགའ་39དང་རྒྱལ་སྤྱིའི་བྱ་དགའ་22བླངས་འདུག ། 

<