པ་གོར་བེེ་རོ་ཙ་ན།

2018-12-19

 

   བེེ་རོ་ཙ་ན་ཞེས་པ་ལེགས་སྦྱར་སྐད་དེ། བོད་སྐད་དུ་རྣམ་པར་སྣང་མཛད་ཟེར་ཞིང་། ཁོང་ཉིད་པ་གོར་རྡོ་རྗེ་རྒྱལ་པོ་དང་ཡུམ་བྲན་ཀ་བཟང་སྒྲོན་སྐྱིད་བྱ་བ་གཉིས་ཀྱི་སྲས་སུ་བོད་མེ་ཡོས་སྟེ་སྤྱི་ལོ727ལོར་གཙང་གི་སྙེ་མོ་བྱེ་མཁར་ཏེ་ད་ལྟ་ལྷ་སའི་སྙེ་མོ་རྫོང་ཟངས་རི་ཆུས་སུ་ངོས་འཛིན་པ་དེར་སྐུ་འཁྲུངས་ཤིང་། ཁོང་ནི་བསྟན་པ་སྔ་དར་སྐབས་ཡོངས་གྲགས་ཀྱི་ལོ་ཙཱ་བ་ཆེན་པོ་རྒན་གྲས་གསུམ་གྱི་ཡ་གྱལ་དང་། བོད་ཀྱི་རབ་བྱུང་ཐོག་མར་སྒྲུབ་པའི་སད་མི་བདུན་གྱི་ནང་ཚན་བཅས་ཡིན།

  བེེ་རོ་ཙ་ན་ཞེས་པ་ལེགས་སྦྱར་སྐད་དེ། བོད་སྐད་དུ་རྣམ་པར་སྣང་མཛད་ཟེར་ཞིང་། ཁོང་ཉིད་པ་གོར་རྡོ་རྗེ་རྒྱལ་པོ་དང་ཡུམ་བྲན་ཀ་བཟང་སྒྲོན་སྐྱིད་བྱ་བ་གཉིས་ཀྱི་སྲས་སུ་བོད་མེ་ཡོས་སྟེ་སྤྱི་ལོ727ལོར་གཙང་གི་སྙེ་མོ་བྱེ་མཁར་ཏེ་ད་ལྟ་ལྷ་སའི་སྙེ་མོ་རྫོང་ཟངས་རི་ཆུས་སུ་ངོས་འཛིན་པ་དེར་སྐུ་འཁྲུངས་ཤིང་། ཁོང་ནི་བསྟན་པ་སྔ་དར་སྐབས་ཡོངས་གྲགས་ཀྱི་ལོ་ཙཱ་བ་ཆེན་པོ་རྒན་གྲས་གསུམ་གྱི་ཡ་གྱལ་དང་། བོད་ཀྱི་རབ་བྱུང་ཐོག་མར་སྒྲུབ་པའི་སད་མི་བདུན་གྱི་ནང་ཚན་བཅས་ཡིན། ཆུང་དུས་ཀྱི་མཚན་ལ་གན་ཇག་ཐང་ཏ་ལེས་བཏགས།

  ཁོང་ནི་བྱིས་པའི་དུས་ནས་བློ་རིག་རྣོ་ཞིང་སྐྱེས་སྟོབས་ཀྱི་ཤེས་རབ་ལྡན་པས་མཚན་སྙན་ཡུལ་གྲུ་གང་སར་ཁྱབ། བསམ་ཡས་གཙུག་ལག་ཁང་བཞེངས་གྲུབ་རྗེས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་སློབ་དཔོན་གྱི་བཀའ་བཞིན་བོད་ཕྲུག་ཤེས་རབ་ལྡན་པ་སྟོང་ཙམ་བསྡུས་ནས་བསམ་ཡས་གཙུག་ལག་ཁང་དུ་སྒྲ་སྒྱུར་སློབ་ཏུ་བཅུག དེའི་གྲས་སུ་བུ་གན་ཇག་ཐང་ཏ་ཁོང་ཉིད་ཀྱང་བཞུགས། བསམ་ཡས་སྒྲ་སྒྱུར་གླིང་དུ་སྤྱན་དྲངས་ཏེ་མཁན་པོ་བོ་དྷི་ས་ཏྭ་དང་། ཨོ་རྒྱན་པད་མ་འབྱུང་གནས་ཀྱི་དྲུང་ནས་ལོ་བདུན་བར་དུ་བློ་བསྐྱེད་འཕེལ་ཐབས་དང་སཾ་སྐྲི་ཏའི་སྒྲ་རྣམས་མཁས་པར་སྦྱངས་སུ་བཅུག བསམ་ཡས་སྒྲ་སྒྱུར་གླིང་དུ་བེེ་རོ་ཙ་ནས་ཆོས་བསྒྱུར་པས་བོད་ཀྱི་ཉི་ཟླ་ལྟ་བུའི་ལོ་ཆེན་གཉིས་སུ་གྲགས་པ་ལས་ཉི་མ་ལྟ་བུ་དེ་བྱུང་སྟབས་བཙན་པོ་རབ་ཏུ་དགྱེས། སློབ་དཔོན་གྱི་མདོ་སྔགས་རྒྱུད་པ་རྣམས་བེེ་རོ་ཙ་ན་བསླབ་ཏུ་གཏོང་དགོས་ཞེས་གསུངས་པ་ལྟར། རྒྱལ་པོས་བོད་ཕྲུག་རབ་བྱུང་བློ་གྲོས་མཆོག་ཏུ་གྱུར་པ་སྤ་གོར་ཧེ་འདོད་ཀྱི་བུ་དང་རྩངས་ཐོ་ལེགས་ཀྱི་བུ་རྩངས་ལེགས་གྲུབ་གཉིས་ལ་གསེར་ཕྱེ་བྲེ་གང་དང་གསེར་གྱི་པ་ཏྲ་ཞིག་བསྐུར་ནས་རྒྱ་གར་དུ་བཀའ་རྫོགས་པ་ཆེན་པོ་བསླབ་དུ་བཏང་། ལོ་ཙཱ་བ་གཉིས་ཀྱིས་རྒྱ་གར་དུ་སློབ་དཔོན་གྱིས་བཀའ་རྫོགས་པ་ཆེན་པོ་བོད་དུ་དར་བར་འགྱུར་བས་ངས་བཤད་ཆོག་ཀྱང་རྒྱ་གར་གྱི་རྒྱལ་པོ་ཆོས་ལ་ཕྲག་དོག་ཆེ་བས་གསང་ཐབས་ཀྱིས་བཤད་དགོས་གསུངས་ནས་ཆོས་རྫོགས་པ་ཆེན་པོ་ཉི་ཤུ་རྩ་ལྔ་གསུངས། བཀའ་ལུང་གི་སྤྱིའི་ཆིངས་ལུང་པོད་ཏི་བཅོ་བརྒྱད་སོགས་གསུངས། རྒྱ་གར་བ་ཆོས་ལ་ཕྲག་དོག་ཆེ་བས་ལམ་དུ་སྲོག་ལ་ཉེན་ཁ་ཡོད་པར་སྙམ་ནས་རྐང་མགྱོགས་ཀྱི་གདམས་ངག་གནང་ནས་བསྒྲུབ་ཏུ་བཅུག་པས་རྩངས་ལེགས་གྲུབ་ཀྱིས་མ་བསྒྲུབས། བེེ་རོ་ཙ་ནས་བསྒྲུབས་པས་སློབ་དཔོན་གྱིས་བེེ་རོ་ཙ་ན་ཞེས་བཏགས་སོ།།

  བེེ་རོ་ཙ་ན་བོད་དུ་ཕེབས་ནས་རྒྱལ་བློན་འབངས་རྣམས་ལ་རྫོགས་ཆེན་གྱི་ཆོས་གསུངས། ཁོང་ཉིད་ཁྱད་དུ་འཕགས་ཚུལ་ཉང་ཆོས་འབྱུང་དུ། སྒྲ་བསྒྱུར་ཉི་ཤུ་རྩ་གཅིག་ཤེས་པའི་བེེ་རོ་ཙ་ན་ཞེས་དང་རྒྱ་གར་གྱི་པཎྜི་ཏ་ཐམས་ཅད་ཀྱི་རྨི་ལམ་ན། རྒྱ་གར་རྒྱལ་པོས་གསང་སྔགས་བོད་དུ་དར་བ་ཕྲག་དོག་ནས་བོད་དུ་དཀྲོག་གཏམ་བཟོ་མཁན་རྐང་མགྱོགས་གཉིས་བཏང་སྟེ་བེེ་རོས་ཕྱི་པ་མི་སྟེགས་པའི་ངན་ཆོས་མང་པོ་ཁྱེར་སོང་བས་བོད་ཕུང་ངེས་ཡིན་ཞེས་ཕྲ་མ་བཅུག་པར་བརྟེན། བོན་ལ་དགའ་བའི་བློན་པོ་ཏ་རཀླུ་གོང་ལ་སོགས་པས་དེ་ལ་སྙད་བཏགས་ཏེ་བེེ་རོ་ཙ་ན་གསོད་དགོས་ཟེར་བས་རྒྱལ་པོས་གསོད་དུ་མ་བཅུག་པར་སྤྲང་པོ་ཞིག་ལ་བེེ་རོའི་ཞྭ་གོས་བསྐོན་ནས་ཆུར་བསྐུར། བེེ་རོ་ཙ་ན་ཕོ་བྲང་གི་ཀ་བ་ལ་ཁོག་དོང་བྲུས་ནས་བཅུག ནམ་ཕྱེད་ཙམ་ན་གསོལ་སྟོན་དྲངས་ནས་ཆོས་གསན་པས་སེམས་མ་བུ་བཅོ་བརྒྱད་ཀྱི་ལེའུ་ལྔ་བཅུ་ཚར་བ་ན། རྒྱལ་པོའི་བཙུན་མོ་ཚེ་སྤོང་བཟའ་དང་བོན་ལ་དད་པའི་བློན་པོས་ཤེས་ནས་བཙན་པོ་ལའང་དབང་མ་བྱུང་བར་བེེ་རོ་ཙ་ན་རྒྱལ་མོ་རོང་དུ་མི་སྐྲོད་ཀ་མེད་བྱུང་།བེེ་རོས་རྒྱལ་མོ་རོང་དུ་རྫོགས་ཆེན་གསུངས་ཤིང་དར་བར་མཛད་པས་རྫོགས་ཆེན་དར་བའི་ཡུལ་དང་པོ་མདོ་སྨད་ནས་ཡིན་ཞེས་པ་དེའང་བེེ་རོ་ཙ་ནས་གསུངས་པ་ཡིན་པར་གྲགས། དེ་ནས་བེེ་རོ་ཙ་ན་རྒྱ་ནག་གི་མཁས་པ་དང་དགོངས་པ་བསྡུར་ཞིང་། ཀུ་ས་ལི་པྲ་ཛྙ་ཀཱིརྟི(ཁམས་བདེ་བ་ཤེས་རབ་གྲགས་པ)སོགས་མཇལ་ཞིང་གདམས་པ་ཞུས། དེ་ནས་བོད་དུ་སངས་རྒྱས་བསྟན་པའི་སྟོབས་ཤུགས་ཆེ་རུ་སོང་རྗེས། རྒྱལ་བློན་རྣམས་ཀྱིས་སློབ་དཔོན་བེེ་རོ་ཙ་ན་བོད་དུ་གདན་དྲངས་ཏེ་རྒྱལ་པོའི་མཆོད་གནས་སུ་མཛད་ཅིང་། བེེ་རོས་ལོ་ཙཱ་བ་ནམ་མཁའི་སྙིང་པོ་དང་ལྷན་དུ་གསང་སྔགས་རྒྱུད་པ་བཀའ་བརྒྱུད་ཀྱི་རྒྱུད་མང་པོ་བསྒྱུར། འདི་ཉིད་རྒྱ་གར་དུ་མངགས་པ་དང་ཆོས་བསླབ་ནས་ཕྱིར་བོད་དུ་སླེབས་ཏེ་ཆོས་སྤེལ་པའི་ཚུལ་དུ་ཅུང་རྒྱས་པ་ཉང་ཆོས་འབྱུང་དུ་གསལ།

  མྱང་ཆོས་འབྱུང་དུ། འདུལ་བ་ལུང་སྡེ་བཞི་བསྒྱུར། ཤེར་ཕྱིན་སྟོང་ཕྲག་བརྒྱ་བ་བམ་པོ་དགུས་མ་ལོངས་པ་བསྒྱུར། དཀོན་མཆོག་བརྩེགས་པ་བམ་པོ་སུམ་ཅུ་རྩ་ལྔ་མ་ལོངས་པ་བསྒྱུར། སངས་རྒྱས་ཕལ་བོ་ཆེ་བམ་པོ་བརྒྱ་དང་བརྒྱད་བསྒྱུར། མྱང་འདས་བམ་པོ་ཉིས་བརྒྱ་བརྒྱད་ཅུ་ལས་བམ་པོ་ཉིས་བརྒྱ་མ་བསྒྱུར། ལང་ཀར་གཤེགས་པ་བམ་པོ་བཅོ་ལྔ་བསྒྱུར་པ་སོགས་རྒྱུའི་ཐེག་པ་བཀའ་དང་བསྟན་བཅོས་ཤིན་ཏུ་མང་པོ་བསྒྱུར་པར་གསུངས། བཀའ་འགྱུར་ལས། རྙིང་རྒྱུད(ཀ)པོད་དུ། ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ(1-86)པོད(ག)པར། དྲག་སྔགས་འདུས་པ་རྡོ་རྗེ་རྩ་བའི་རྒྱུད་དང(253-267)། བསྟན་འགྱུར་ལས། རྒྱུད(ཟ)པོད་དུ། རྣལ་འབྱོར་མའི་སྒྲུབ་ཐབས་དཔལ་ལྷ་ལྕམ་ལཀྵིམཱ་ཀ་རས(ཕུན་ཚོགས་བྱེད་པོས) མཛད་པ།(195-196)རྡོ་རྗེ་རྣལ་འབྱོར་མ་དམར་མོའི་སྒྲུབ་ཐབས་དཔལ་རི་ཁྲོད་དབང་ཕྱུག་གིས་མཛད་པ(196-196)རྡོ་རྗེ་རྣལ་འབྱོར་མ་དཀར་མོའི་སྒྲུབ་ཐབས་རྒྱལ་པོ་ཨིནྡྲ་བྷུ་ཏིས་མཛད་པ(196-197)ཚད་མ(ཞེ)པོད་དུ། རིགས་པ་གྲུབ་པའི་སྒྲོན་མ་སློབ་དཔོན་ཙན་དྲ་གོ་མིས་མཛད་པ་སོགས་བཞུགས་ཡོད་པ་དང་།(187-188)རྒྱ་ནག་གི་ཧྭ་ཤང་མ་ཧཱ་ཡན་དང་ལྷན་དུ་སྨན་དཔྱད་ཟླ་བའི་རྒྱལ་པོ་བསྒྱུར་པར་བཤད་ཅིང་། སྤྱི་ལོ1985ལོར་མི་རིགས་དཔེ་སྐྲུན་གིས་ལོ་ཙཱ་བ་དེ་གཉིས་ཀྱི་མཚན་བཀོད་དེ་དེབ་ཏུ་བསྐྲུན་འདུག་པ་སོགས་འགྱུར་ཆོས་ཤིན་ཏུ་མང་ངོ་། །

<