ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན།

2018-11-22
0

 

   རྗེ་འདི་ཉིད་མདོ་སྨད་ཙོང་ཁའི་ཉེ་འདབས་སུ་སྐུ་འཁྲུངས། དགུང་ལོ་གསུམ་བཞིའི་སྐབས་སྨྲ་མི་ཤེས་པའི་ཚུལ་བཞེས། ཕྱིས་སུ་དགེ་བསྙེན་གྱི་སྡོམ་པ་བཞེས་རྗེས་གསུམ་བགྲོས་བསྩལ། ཡི་གེ་འབྲི་ཀློག་དང་བློར་འཛིན་སོགས་ལ་བྱང་ཆ་ཐོབ། དགུང་ལོ་ཉི་ཤུ་བར་ལྡན་ཞིང་དུ་ཕེབས་ཏེ་ཀུན་གཟིགས་ལྔ་བ་ཆེན་པོ་བློ་བཟང་རྒྱ་མཚོ་མཆོག་གི་སྤྱན་སྔར་དགེ་ཚུལ་གྱི་སྡོམ་པ་མནོས། བློ་བཟང་ཆོས་ལྡན་ཞེས་པའི་མཚན་གསོལ། དེ་ནས་འབྲས་སྤུངས་དང་སྒོ་མང་སོགས་སུ་སློབ་གཉེར་རྒྱ་ཆེར་མཛད་མཐར་མཁས་པའི་གྲགས་པ་འབར། དགོན་ལུང་སོགས་ཀྱིས་མཚོན་པའི་ཆོས་ཁག་མང་བོའི་བླ་མ་དང་དབང་ལུང་རྗེ་གསུམ་གྱི་བདག་པོར་གྱུར་ཏོ།།

  འཁྲུངས་རབས།

  ཁོང་ནི་མདོ་སྨད་ཙོང་ཁའི་ཉེ་འདབས་གཡི་དགེའི་ཆར་གཏོགས་རྟ་ཕྱུག་ཅེས་པའི་གྲོང་དུ་ཡབ་ཁེ་བ་ཅང་ཨེ་ཧར་དང་ཡུམ་ལོ་བཟའ་ཐར་མོ་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ཆུ་རྟ་སྟེ་སྤྱི་ལོ(1642)ལོའི་ཟླ་བཅུ་གཅིག་པར་སྐུ་བལྟམས། དགུང་གྲངས་གསུམ་བཞིར་ཕེབས་སྐབས་སྨྲ་མི་ཤེས་པའི་ཚུལ་བཞེས། དགེ་བསྙེན་གྱི་སྡོམ་པ་བཞེས་རྗེས་རིམ་གྱིས་གསུང་བགྲོས་བསྩལ་ཏེ་དགེ་འདུན་སྐྱབས་ཞེས་པའི་མཚན་གསོལ། ཐང་རིང་དགོན་གྱི་ཁྲི་བ་ཚུལ་ཁྲིམས་རྒྱ་མཚོ་དང་པཎ་ཆེན་བློ་བཟང་ཆོས་རྒྱན་གཉིས་ཀྱི་བླ་མ་གོང་མ་གྲགས་པ་འོད་ཟེར་གྱིས་སྤྲུལ་སྐུར་ངོས་འཛིན་མཛད། དེ་རྗེས་བླ་མ་ཚུལ་ཁྲིམས་རྒྱ་མཚོ་དང་ཕུན་ཚོགས་བཟང་བོ་གཉིས་ཀྱི་དྲུང་ནས་རབ་ཏུ་བྱུང་། མཚན་ལ་བསྟན་འཛིན་ལེགས་བཤད་རྒྱ་མཚོ་ཞེས་གསོལ་ཏེ་ཡི་གེ་སྦྱོར་ཀློག་ཆོས་དཔེ་བློར་འཛིན་སོགས་ཀྱི་དབུ་ཚུགས། དགུང་ལོ་ཉི་ཤུའི་སྟེང་དབུས་ལྷ་ལྡན་ཞིང་དུ་ཕེབས་ཏེ་ཀུན་གཟིགས་ལྔ་བ་ཆེན་མོ་བློ་བཟང་རྒྱ་མཚོ་མཆོག་གི་སྤྱན་སྔར་དགེ་ཚུལ་གྱི་སྡོམ་པ་མནོས། བློ་བཟང་ཆོས་ལྡན་ཞེས་པའི་མཚན་གནང་། དེ་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས། སྒོ་མང་དཔོན་སློབ་ངག་དབང་བློ་གྲོས་རྒྱ་མཚོ་ལས་བཀའ་ཆོས་མང་དུ་གསན། དགུང་ལོ་ཉེར་གསུམ་ཤིང་འབྲུག་སྟེ་སྤྱི་ལོ(1665)ལོར་རྒྱལ་མཆོག་ལྔ་བ་ཆེན་པོའི་སྐུ་མདུན་དུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་བདུན་པར་གླིང་བསྲེ་དང་ལྷ་ས་སྨོན་ལམ་ཆེན་མོར་གྲྭ་སྐོར་མཛད། དགུང་ལོ་སོ་གསུམ་པར་གཙང་དུ་ཕེབས། ཤར་རྩེའི་མཁན་པོ་བློ་བཟང་པདྨ་ལ་རྗེ་གསུང་འབུམ་སོགས་ཀྱི་ཁྲིད་དང་། སྔགས་པ་དཔོན་སློབ་དགེ་འདུན་གྲུབ་པ་ལས་དབང་ལུང་རྗེས་གནང་མང་བོ་ཞུས། སྔགས་ཆེན་དཀོན་མཆོག་རྒྱལ་མཚན་དང་དྲུང་བ་རྒྱལ་ཚབ་པ་སོགས་མཁས་པ་མང་བོའི་ཞབས་ལ་གཏུགས་ཏེ་མདོ་སྔགས་ཀྱི་གཞུང་ལ་སྦྱངས་པ་མཐར་ཕྱིན་མཛད། རབ་བྱུང་བཅུ་གཉིས་པའི་མེ་ཡོས་ཏེ་སྤྱི་ལོ(1687)ལོར་ཁྲི་ཆེན་ཀླུ་འབུམ་ངག་དབང་བློ་གྲོས་རྒྱ་མཚོའི་ཞབས་ཕྱི་མཛད་དེ་རྒྱ་ནག་པེ་ཅིན་དུ་ཕེབས། ས་འབྲུག་སྟེ་སྤྱི་ལོ(1688)ལོར་དགོན་ལུང་གི་ཁྲིར་ཕེབས། ཆུ་བྱ་སྟེ་སྤྱི་ལོ(1693)ལོར་གོང་མ་ཁང་ཤིས་ཀྱི་གདན་འདྲེན་ལྟར་སླར་ཡང་པེ་ཅིན་དུ་ཕེབས། མཁྱེན་བརྩེ་ནུས་པའི་གཟི་བྱིན་གྱིས་གོང་མའི་དབུ་བླར་བཀུར།  ལོ་ངོ་བཞི་ཙམ་ལ་རྒྱ་ནག་ནས་གསང་འདུས་འཇིགས་གསུམ་གྱི་དབང་དང་རྗེས་གནང་།  ཁྲི་ལུང་དང་དགེ་བསྙེན་རབ་བྱུང་སོགས་ཀྱི་སྡོམ་པ་འབོགས་པ་སོགས་ཆོས་ཀྱི་སྦྱིན་པ་རྒྱ་ཆེར་བསྩལ། ཕྱིས་སུ་རྒྱལ་མཆོག་ལྔ་བ་མཆོག་ལ་གསེར་ཡིག་འབུལ་བར་དབུས་སུ་ཕེབས།  ཕྱི་ལོར་སླར་ཡང་པེ་ཅིན་དུ་ལོག  གོང་མས་གཙུག་ལག་ཁང་རྟེན་གསུམ་ཐམས་ཅད་རྗེ་འདི་ལ་གཏད་པར་མ་ཟད་གསེར་ཐམ་ཡང་གནང་།  མཐར་དགུང་ལོ་དོན་གསུམ་ལ་ཕེབས་པ་རབ་བྱུང་བཅུ་གཉིས་པའི་ཤིང་རྟ་སྟེ་སྤྱི་ལོ(1724)ལོར་སྐུ་གཤེགས།

    མཛད་རྗེས།

   གོང་མའི་དབུ་བླར་བཞུགས་པ།

  རྒྱ་ནག་ཏུ་གསང་བདེ་འཇིགས་གསུམ་གྱི་དབང་དང་རྗེས་གནང་བ། ཁྲིད་ལུང་དང་དགེ་བསྙེན་རབ་བྱུང་གི་སྡོམ་པ་འབོགས་པ་སོགས་དམ་པའི་ཆོས་ཀྱི་སྦྱིན་པ་རྒྱ་ཆེར་བསྩལ།

  གོང་མས་ཀྭོན་ཏིང་ཕུའུ་ཤན་བཀང་ཆི་ཏཱ་གཽ་ཤྲིའི་ལུང་དང་གསེར་ཐམ་གནང་།

  སོག་ཡུལ་གྱི་དགོན་སྡེ་ཡོངས་ལ་ཞབས་བཅགས་ཏེ་དམ་ཆོས་ཀྱི་བདུད་རྩི་ཕབ།

  • 顶 0