དཀའ་ཆེན་ཡེ་ཤེས་རྒྱལ་མཚན།

2018-11-22
0

 

   ཚེ་མཆོག་གླིང་ཡོངས་འཛིན་སྤྲུལ་སྐུའི་སྐུ་ཕྲེང་དང་བོ་སྟེ། ཆོས་འབྱུང་འགའ་ཞིག་ཏུ་ཡོངས་འཛིན་པཎྜི་ཏ་ཡེ་ཤེས་རྒྱལ་མཚན་ཡང་ཞུ་ཞིང་། ལོ་རྒྱུས་ཐོག་གྲྭ་རྐྱང་དཀྱུས་མ་ནས་རིམ་བཞིན་བཀྲ་ཤིས་ལྷུན་པོའི་དཀའ་ཆེན་དང་། ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པའི་ཡོངས་འཛིན་དུ་ཕེབས། སྐྱེས་ཆེན་དམ་པ་མཛད་རྗེས་ཧ་ཅང་ཆེ་བ་ཞིག་ཡིན། དགེ་ལྡན་ཁྲི་ཆེན་ནམ་མཁའ་བཟང་བོ་སོགས་ཀྱི་དྲུང་ནས་མདོ་སྔགས་ཀྱི་བཀའ་ཆོས་རྒྱ་ཆེར་གསན། ཕྱིས་སུ་བཀྲ་ཤིས་ལྷུན་པོ་དང་སེ་འབྲས་དགེ་གསུམ་སོགས་སུ་ཕེབས་ཏེ་སློབ་མ་སྟོང་ཕྲག་ལྷག་ལ་བཀའ་ཆོས་མང་དུ་བསྩལ། ད་དུང་སོག་ཡུལ་སོགས་སུ་ཕེབས་ཏེ་བསྟན་འགྲོའི་དོན་ཆེན་རྒྱ་ཆེར་མཛད་དོ།།

  འཁྲུངས་རབས།

  འཁྲུངས་ཡུལ་ནི་གཏིང་སྐྱེས་ཀྱི་གཟར་བྱང་སྦུག་ཏུ་ཡབ་ཚངས་པ་དཀར་བོ་དང་ཡུམ་ཚེ་རིང་དཔལ་འཛོམས་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ཆུ་སྦྲུལ་སྤྱི་ལོ(1713)ལོར་སྐུ་འཁྲུངས། ཆུང་དུས་ཀྱི་མཚན་ཨོ་རྒྱན་ཚེ་འཕེལ་ཞུ་ཞིང་། ཡབ་ཡུམ་གཉིས་ཞལ་བྲལ་རྗེས་རྟ་ནག་རི་ཁུད་དགོན་པར་ཐོས་བསམ་གླིང་མཁན་ཆེན་ཚེ་བརྟན་རྒྱལ་མཚན་ལ་གཙུག་ཕུད་འབུལ་གནང་མཛད། དགུང་ལོ་དགུ་ལ་ཕེབས་སྐབས་ཡབ་ཀྱིས་བཀྲ་ཤིས་ལྷུན་པོར་སྐྱེལ་བ་ལྟར་ཆོས་ཞུགས་མཛད། པཎ་ཆེན་རིན་པོ་ཆེ་བློ་བཟང་ཡེ་ཤེས་ཀྱི་དྲུང་ནས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ། མཚན་ལ་ཡེ་ཤེས་རྒྱལ་མཚན་ཞེས་འདོགས་པར་མཛད། དཀའ་ཆེན་ཡེ་ཤེས་ཐོགས་མེད་དགེ་རྒན་དུ་བསྟེན་ནས་ཚད་མ་རྣམ་འགྲེལ་དང་། ཕར་ཕྱིན། འདུལ་མཛོད་བཅས་ལ་གསན་བསམ་སྒྲོ་འདོགས་ཆོད་པ་གནང་།

  ཐོས་བསམ་གླིང་སློབ་དཔོན་ཚེ་བརྟན་རྒྱལ་མཚན་གྱིས་དམ་པ་འདི་ལ་དམིགས་བསལ་གྱི་ཐོག་ནས་མཚན་བཏགས་གནང་རྒྱུ་ཐུགས་ཐག་ཆོད་སྐབས། སྐུ་ཐོག་མཉམ་པའི་སློབ་གཉེར་བ་འགས་མ་བཟོད་པར་གནོད་འཚེའི་བསམ་སྦྱོར་ཅི་རིགས་བརྩམས་པར་བརྟེན། རབ་འབྱམས་པའི་མཚན་བཏགས་མཛད་ཀྱང་གཞན་གྱི་སྡིག་རྐྱེན་དུ་འགྲོ་བར་གཟིགས་ཏེ་ལྕགས་པ་དཀའ་ཆེན་སྐལ་ལྡན་དང་མཉམ་དུ་བྲོས་སྟབས་ཀྱིས་མང་ཡུལ་སྐྱིད་གྲོང་གི་བླ་མ་རིན་པོ་ཆེ་བློ་བཟང་རྣམ་རྒྱལ་གྱི་དྲུང་དུ་ཕེབས་ནས་དགེ་སློང་གི་སྡོམ་པ་བཞེས། ལོ་དེ་ནས་ལྕགས་བྱ་ལོ་བླ་མ་རིན་པོ་ཆེ་དགོངས་གཞན་དོན་དུ་མ་ཕེབས་བར་ལོ་བདུན་གྱི་རིང་མདོ་སྔགས་ཀྱི་ཆོས་བཀའ་མང་དུ་གསན་ཅིང༌། གང་གསན་པ་རྣམས་ཉམས་བཞེས་སྒོམ་སྒྲུབ་དང་ཡ་མ་བྲལ་བར་མཛད། བླ་མ་རིན་པོ་ཆེའི་སྐུ་གདུང་ཞུགས་འབུལ་གྱིས་མཚོན་དགོངས་རྫོགས་ཞབས་འཇུག་གི་རིམ་པ་རྣམས་གྲུབ་རྗེས་དབུས་ཕྱོགས་སུ་ཕེབས་ཏེ། ཕུར་བུ་ལྕོག་ངག་དབང་བྱམས་པ་རིན་པོ་ཆེ་དང་། དགེ་ལྡན་ཁྲི་ཆེན་ནམ་མཁའ་བཟང་བོ་སོགས་ཀྱི་དྲུང་ནས་མདོ་སྔགས་ཀྱི་ཆོས་བཀའ་རྒྱ་ཆེར་གསན།

  སླར་ཡང་སྐྱིད་གྲོང་དུ་ཕེབས་ནས་ལོ་གསུམ་རིང་འཚོ་བ་དཀའ་ཐུབ་ངན་ངོན་ཙམ་ལ་བསྟེན་ནས་ཉམས་བཞེས་སྒོམ་སྒྲུབ་ལ་ཆིག་དྲིལ་མཛད། དགུང་ལོ་ཞེ་བཞི་ནས་བཟུང་རིམ་བཞིན་སློབ་མ་འགའ་ཞིག་ལ་ཆོས་འཆད་སྤེལ་གནང་། མ་ཎི་ལ་ཁའི་བཀྲ་ཤིས་བསམ་གཏན་གླིང་། བྲག་དཀར་ཐེག་ཆེན་གླིང་གི་རི་ཁྲོད་ཕྱག་བཏབ། རིམ་བཞིན་གཙང་དང་དབུས་སུ་ཕེབས་ནས། བཀྲ་ཤིས་ལྷུན་པོ་དང་། སེ་འབྲས་དགེ་གསུམ་སོགས་སུ་སློབ་མ་སྟོང་ཕྲག་མང་པོ་སོ་སོའི་འདོད་མོས་དང་མཐུན་པའི་མདོ་སྔགས་གྱི་ཆོས་བཀའ་རྣམ་གྲངས་ཧ་ཅང་མང་བ་སྩལ། པཎ་ཆེན་རིན་པོ་ཆེ་དཔལ་ལྡན་ཡེ་ཤེས་དགོངས་པ་གཞན་དོན་དུ་ཕེབས་རྗེས་ལྕང་སྐྱ་རིན་པོ་ཆེ་རོལ་པའི་རྡོ་རྗེས་གོང་མ་ཆེན་ལུང་ལ་མཚམས་སྦྱོར་གནང་བ་བཞིན།  དགུང་ལོ་བདུན་ཅུར་ཕེབས་པ་ཆུ་སྟག་ལོར(1782)ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་དུ་མངའ་གསོལ། དེ་ནས་དགོངས་པ་གཞན་དུ་མ་ཕེབས་པར་ལོ་ངོ་བཅུ་གཉིས་རིང་ཏཱ་ལའི་བླ་མར་མདོ་སྔགས་ཀྱི་དབང་ལུང་ཁྲིད་ཀྱི་རིམ་པ་ཆ་ཚང་བ་འབུལ་གནང་མཛད་ཅིང་། སྐབས་དང་བསྟུན་ནས་གདན་ས་གསུམ་དང་། རྨེ་རུ། པོ་ཏ་ལ་བཅས་སུ་དཔྱིད་སྟོན་གཉིས་རིང་ལམ་རིམ་དང་། བླ་མཆོད་ཁྲི་སོགས་ཆོས་བཀའ་རྒྱ་ཆེ་རྣམ་གྲངས་མང་བོ་སྐུ་ངལ་འཛེམས་མེད་དུ་བསྩལ་བས། སློབ་མ་ནི་བོད་དབུས་གཙང་ཁམས་གསུམ། ཨ་མདོ། སོག་ཡུལ་བཅས་ལ་གྲངས་ལས་འདས་ཤིང༌། བསྟན་འགྲོའི་དོན་ཆེན་སྐྱོང་ཐུབ་པའི་བསྟན་འཛིན་སྐྱེས་ཆེན་གཅིག་པུ་ཡང་བརྒྱ་ཕྲག་བརྒལ་བ་བཞུགས།

  དགུང་ལོ་གྱ་གཅིག་པ་རབ་བྱུང་བཅུ་གསུམ་པའི་ཆུ་གླང་སྤྱི་ལོ(1793)ལོར་དགོངས་པ་མྱ་ངན་ལས་འདས་སོ།།

  བརྩམས་ཆོས།

  《སྐྱེས་རབས་སོ་བཞི་པའི་འགྲེལ་ཆེན》དང་།  《བསྟོད་པ་བརྒྱ་ལྔ་བཅུ་པའི་འགྲེལ་བ》   《བློ་གྲོས་ཁྲིད་ཡིག་ཆེན་མོ》  《བྱ་རྒྱུད་དོན་གསལ》  《ལམ་རིམ་བླ་བརྒྱུད་རྣམ་ཐར》སོགས་པོད་ཆེན་བཅོ་བརྒྱད། དགོན་གསར་ཐེག་ཆེན་གླིང་དང་ཚེ་མཆོག་གླིང་དགོན་པར་ཤིང་པར་ཡོད།

  དཔྱད་གཞིའི་ཡིག་ཆ།

  དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པའི 《དུང་དཀར་ཚིག་མཛོད་ཆེན་མོ》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། སྤྱི་ལོ2002ལོར་དཔར་ཐེངས་དང་བོ་དཔར། ཤོག་ངོས129-130ན་གསལ། 

  • 顶 0