སྐུ་འབུམ་ས་ཁུལ་གྱི་ཆོས་རྗེ་དོན་གྲུབ་རིན་ཆེན་དང་འབྲེལ་བའི་ངག་རྒྱུན་སྐོར་གླེང་བ།

2017-08-25

སྐུ་འབུམ་ས་ཁུལ་གྱི་ཆོས་རྗེ་དོན་གྲུབ་རིན་ཆེན་དང་འབྲེལ་བའི་ངག་རྒྱུན་སྐོར་གླེང་བ།

   ------ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་རྗེས་དྲན་ཚོགས་འདུའི་སྟེང་གི་གཏམ་བཤད། 

 

  དང་པོ།  ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་རྣམ་ཐར་མདོར་བསྡུས། 

  མཁས་གྲུབ་ཆེན་པོ་ཆོས་རྗེ་དོན་གྲུབ་རིན་ཆེན་ནི་ཕྱི་ལོ1309 ལོར་མདོ་སྨད་དུ་སྐུ་འཁྲུངས།  སྐུ་གཞོན་ནུའི་དུས་ནས་སྔོན་གྱི་བག་ཆགས་མངོན་པར་སད་དེ་སངས་རྒྱས་ཀྱི་བསྟན་པའི་སྒོར་ཞུགས་ནས་རབ་ཏུ་བྱུང་སྟེ་དབུས་གཙང་དུ་སློབ་གཉེར་དུ་ཕེབས། སྙེ་ཐང་བ་བཀྲ་ཤིས་སེང་གེ་སོགས་ལས་ཕར་ཕྱིན་དང་།  བྱམས་ཆོས་སྡེ་ལྔ་ལ་སོགས་པར་ཐོས་བསམ་མཛད།  གཙང་གི་སྣར་ཐང་ཆོས་གྲྭར་བྱོན་ནས་བཅོམ་ལྡན་རིགས་རལ་གྱི་བུ་ཆེན་བཅོམ་ལྡན་པ་རང་གི་གདན་ས་བ་ལྡོང་སྟོན་རིག་པའི་སེང་གེ་ལས་ཚད་མ་རྣམ་ངེས་ལ་སོགས་གཞུང་མང་པོར་གསན་སྦྱངས་མཛད།  བདག་ཆེན་བཟང་པོ་དཔལ་དང་སྒམ་པོ་བ་ཆོས་ཀྱི་རྒྱལ་མཚན་སོགས་ཀྱི་མདུན་ནས་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ལ་སྦྱངས་པ་དང་དབང་ལུང་རྗེས་གནང་།  སྡེབ་སྦྱོར་རིན་ཆེན་འབྱུང་གནས།  སྒྲའི་བསྟན་བཅོས་དབྱངས་ཅན་བྱཱ་ཀ་ར་ནའི་མཚམས་སྦྱོར་འགྲེལ་བ།  སློབ་དཔོན་ཕྱོགས་གླང་གིས་མཛད་པའི་ཚད་མའི་བསྟན་བཅོས་རིག་པ་ལ་འཇུག་པ་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་མཐའ་དག་ལ་ལེགས་པར་སྦྱངས།  ཞ་ལུའི་ཆོས་གྲྭ་ཆེན་པོར་གྲྭ་སྐོར་ལ་བྱོན་པ་ན་བུ་སྟོན་ཐམས་ཅད་མཁྱེན་པ་ཡང་གདན་སར་ཕེབས་ནས་འདུག་པ་ལ།  ཚོགས་པ་ཆེན་པོའི་དབུས་སུ་བགྲོ་གླེང་མཛད་པས་ཀུན་གྱིས་"ཤར་ཕྱོགས་པ་རིག་པའི་དཔའ་བོ་"ཞེས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བ་དང་བསྟུན་སྙན་པའི་གྲགས་པ་ཆེས་ཆེར་རྒྱས།  དེ་ནས་རོང་གི་བླ་མ་ཡེ་ཤེས་དཔལ་བའི་དྲུང་དུ་གཤེད་སྐོར་སྤྱི་དང་། ཁྱད་པར་དུ་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་དང་། རྒྱུད་འགྲེལ་གྱི་བཤད་པ། མན་ངག་ཐམས་ཅད་ལེགས་པར་གསན་ནས་ཐུགས་སུ་ཆུད།

  དེ་ནས་ཨ་མདོར་ཕེབས་ཏེ་ཤིང་ཀུན་སྡེ་གསར་གྱི་མཁན་པོ་མཛད་དེ་ཡུལ་དེའི་སྐྱ་སེར་ཕོ་མོ་རྣམས་ལ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བའི་སྐབས།  དབུས་ནས་སྙེ་ཐང་བདེ་བ་ཅན་གྱི་གདན་ས་མཛད་དགོས་པའི་གདན་འདྲེན་པ་བྱུང་སྟེ་དབུས་སུ་ཕེབས།   དབུས་སུ་སླེབས་དུས་སྙེ་ཐང་གི་གདན་ས་པ་བསྐོས་ཚར་བས་གདན་སའི་སྟབས་མ་འཕྲོད་ཀྱང་།  ཡུལ་མདོ་སྨད་ནས་མཆོད་པའི་ཡོ་བྱད་མང་དུ་བསྣམས་ནས་བྱོན་པ་རྣམས་ཀྱིས་བདེ་བ་ཅན་དང་།  སྣར་ཐང་སོགས་སུ་གཙུག་ལག་ཁང་དང་དགེ་འདུན་གྱི་སྡེ་རྣམས་ལ་བསྙེན་བཀུར་རྒྱ་ཆེར་བསྒྲུབས།  སྐབས་དེར་མཁས་གྲུབ་ཆེན་པོ་མཆིམས་བློ་བཟང་གྲགས་པའི་སྤྱན་སྔར་མདོ་སྔགས་ཀྱི་ཆོས་མང་དུ་གསན་པའི་སྐབས་ཤིག  བླ་མའི་ཞལ་ནས།   "ཁྱོད་ཀྱི་གནས་དང་གདུལ་བྱ་མདོ་སྨད་དུ་ཡོད།  ཁྱད་པར་བྱ་ཁྱུང་དང་ཤ་སྦྲང་ཟེར་བ་གཉིས་སུ་དགོན་པ་ཐོབ།  བཤད་སྒྲུབ་གང་འཕེལ་གྱིས།  སྒོས་སུ་བྱ་ཁྱུང་དུ་སྒྲུབ་པ་མཛོད།  སློབ་མ་མཁས་གྲུབ་མང་པོ་འོང་།  འགྲན་ཟླ་དང་བྲལ་བ་གཅིག་འབྱུང་།  དེ་ལ་ངའི་མིང་འདི་ཐོགས་དང་བསྟན་པ་ལ་ཕན་ཐོགས་ཁྱད་པར་ཅན་འབྱུང"ཞེས་ལུང་དུ་བསྟན་པ་ལྟར་མདོ་སྨད་དུ་བྱོན། 

  མདོ་སྨད་དུ་ཕེབས་རྗེས་ཐོག་མར་བླ་མའི་ལུང་བསྟན་བཞིན་ཤ་སྦྲང་དགོན་པ་བཏབ།  དགུང་ལོ་ཞེ་གཅིག་པ་ཕྱི་ལོ1349 ལོར་དཔལ་ལྡན་བྱ་ཁྱུང་དགོན་བཏབ་ལ།  དེ་ནས་སྐུ་འབུམ་ཆུ་དཀར་རི་ཁྲོད་དུ་སྒྲུབ་པ་ཉམས་ལེན་ལ་གཞོལ་ནས་བཞུགས།  རྗེ་ཙོང་ཁ་པ་དགུང་ལོ་བདུན་པའི་ཚེ་བྱ་ཁྱུང་དུ་ཕེབས་ཏེ་ཆོས་རྗེ་དོན་གྲུབ་རིན་ཆེན་དཔལ་བཟང་པོས་མཁན་པོ་དང་། ཏ་དབོན་གཞོན་ནུ་སེང་གེའི་སློབ་མ་གཞོན་ནུ་བྱུང་ཆུབ་འོད་ཀྱིས་སློབ་དཔོན་མཛད་དེ་རབ་ཏུ་བྱུང་ཞིང་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས་ནས་མཚན་ལ་བློ་བཟང་གྲགས་པ་ཞེས་གསོལ། ཆོས་རྗེ་མཆོག་ནས་འཇམ་དབྱངས་དང་དབྱངས་ཅན་མ་ལ་སོགས་པའི་སྒོ་ནས་ཤེས་རབ་འཕེལ་བའི་ཐབས་མང་དུ་གནང་།  དེ་ནས་རྗེ་ཙོང་ཁ་པ་དགུང་ལོ་བཅུ་དྲུག་བཞེས་པའི་ཚེ་དབུས་གཙང་དུ་ཕེབས་པའི་སྐུལ་མ་མཛད།  དབུས་སུ་ཕེབས་ཁར་ཞལ་གདམས་བསླབ་བྱ་དང་མཐུན་རྐྱེན་རྒྱ་ཆེར་བསྩལ།  དགུང་ལོ་རེ་དྲུག་བཞེས་པ་ཕྱི་ལོ1374 ལོར་ཕྱི་ནས་དོན་གྲུབ་སེང་གེས་སྦྱིན་བདག་བྱས་ཏེ་སྣང་རའི་གསེར་ཁང་དུ་གྲགས་པ་བཞེངས།  མཐར་ཕྱི་ལོ1385 ལོར་དགོངས་པ་ཆོས་དབྱིངས་སུ་འཐིམ་པའི་ཚུལ་བསྟན། 

  གཉིས་པ།  སྐུ་འབུམ་ས་ཁུལ་གྱི་ཆོས་རྗེ་དོན་གྲུབ་རིན་ཆེན་དང་འབྲེལ་བའི་ངག་རྒྱུན། 

  ༡  ཆོས་རྗེ་དོན་གྲུབ་རིན་ཆེན་ཁོང་རང་གི་བླ་མ་མཆིམས་བློ་བཟང་གྲགས་པ་དེ་ཉིད་ཀྱི་ལུང་བསྟན་ལྟར་དབུས་གཙང་ནས་མདོ་སྨད་དུ་ཕེབས་ཏེ་ཤ་སྦྲང་དགོན་པ་དང་བྱ་ཁྱུང་དགོན་པ་བཏབ་རྗེས།  ཡབ་ཀླུ་འབུམ་དགེ་ཚང་དང་ཐག་མི་རིང་བའི་གནས་ཆུ་དཀར་ཐང་ཞེས་འབོད་པའི་ཡུལ་གྱི་བྲག་ངོས་ཀྱི་རི་ཁྲོད་ཅིག་ཏུ་སྒྲུབ་པ་ཉམས་ལེན་ལ་གཞོལ་ནས་བཞུགས།  ཆུ་དཀར་རི་ཁྲོད་ནི་སྐུ་འབུམ་གྱི་ལྷོ་ཕྱོགས་ལྷ་མོ་རིའི་ལུང་བའི་འདབས་སུ་ཡོད་ལ།  རི་རྒྱུད་ཅིག་གི་སྐེད་ན་ཆགས་པའི་གནས་དབེན་པ།  མདུན་ན་ཆུ་བོ་ལྷུང་ལྷུང་དུ་འབབ་པ། རྩྭ་དང་རྩི་ཤིང་།  ནགས་ཚལ་སོགས་ཀྱིས་བརྒྱན་པའི་གནས་ཡིད་དུ་འོང་བ་ཞིག་ཡིན།  ཆོས་རྗེ་དོན་གྲུབ་རིན་ཆེན་མཆོག་གནས་དེར་ཐོག་མར་ཕེབས་ནས་བཞུགས་དུས།  རི་ཁྲོད་དུ་ཉག་ཁ་དང་ནགས་སོགས་མང་བས་རི་ཁྲོད་ཀྱི་འགྲོ་ལམ་ནོར་བ་བྱུང།  རྗེས་སུ་རི་ཁྲོད་དུ་ཕེབས་པའི་ལམ་མི་ནོར་བའི་ཆེད་ཁོང་གིས་རི་བོའི་ཉག་ཁར་རང་གི་ཕྱག་རྟེན་བཙུགས་ནས་བཞག་པ་སྐྱེས་ཏེ་སྡོང་བོ་ཆེན་པོ་ཞིག་ཏུ་གྱུར།  སྡོང་བོ་དེ་རིག་གསར་གྱི་སྐབས་བར་དུ་ཡོད།  རིག་གསར་སྐབས་སྔོན་ཐོན་པ་འགས་སྡོང་པོ་ཁྱད་པར་ཅན་དེ་རྩ་བ་ནས་བཅད་ཅེས་སྔོན་སྐུ་འབུམ་ཁྲི་ཆེན་བདེ་གཤེགས་ཚང་༸སྐྱབས་རྗེ་དགེ་ཀྱཱ་རིན་པོ་ཆེ་མཆོག་ནས་ཀྱང་གསུང་ཆོས་སྐབས་སུ་གསུངས་ལ།  ཡུལ་དེ་གའི་རྒན་པའི་ངག་རྒྱུན་ན་ཡང་འདུག 

  ༢  ཆོས་རྗེ་དོན་གྲུབ་རིན་ཆེན་ཁོང་གིས་ཆུ་དཀར་རི་ཁྲོད་དུ་དཔལ་ཆེན་རྡོ་རྗེ་འཇིགས་བྱེད་བསྒོམས་ཤིང་སྒྲུབ་པ་མཛད་དུས། བར་སྐབས་ཤིག་ལ་ཁོང་གི་རྨི་ལམ་དུ་དཔལ་རྡོ་རྗེ་འཇིགས་བྱེད་དང་མཇལ་ཏེ་གསོལ་བ་བཏབ།  "ཞལ་ཡང་ཡང་བསྟན་དུ་གསོལ་"ཞེས་ཞུས་པར།  "སང་ཕོད་ད་ཙམ་ལ་ལུང་བ་འདིའི་མདའ་རུ་མཇལ་ཡོང་།  དེ་བར་དུ་བདེ་བར་གྱིས།  "ཞེས་གསུངས།  སང་ལོ་སྟེ་ཕྱི་ལོ1357ལོའི་ཧོར་ཟླ་བཅུ་བའི་ཚེས་བཅུའི་ཉིན་གྱི་སྔ་དྲོའི་ཆར་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་སྐུ་འབུམ་གྱི་གསེར་སྡོང་ཤུལ་དུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་བལྟམས།  རྗེ་ཙོང་ཁ་བ་སྐུ་བལྟམས་དུས་ནམ་མཁའ་ནས་མེ་ཏོག་གི་ཆར་བབས་པ་དང་འཇའ་ཤར་བ།  རོལ་མོའི་སྒྲ་གྲགས་པ། རང་གི་སྒྲུབ་ཁང་དུ་འཇའ་འོད་འཁྱིལ་བ་སོགས་ངོ་མཚར་བའི་ལྟས་མང་པོ་བྱུང་བ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་གཟིགས་དུས། སྔོན་དབུས་གཙང་ནས་རང་གི་བླ་མས་ལུང་དུ་བསྟན་པ་དང་སྔར་ལོར་རྡོ་རྗེ་འཇིགས་བྱེད་ཀྱིས་ལུང་བསྟན་པའི་སྐྱེས་བུ་དེ་གཞི་ནས་སྐུ་འཁྲུངས་པ་རྟོགས།  བཤད་རྒྱུན་ལ།  ད་ལྟ་ཡང་ཆུ་དཀར་རི་ཁྲོད་ཀྱི་སྒྲུབ་ཕུག་གི་བྲག་ངོས་ན་ཕྱག་རྗེས་ཤིག་ལུས་ཡོད་པ་དེ།  རྗེ་ཙོང་ཁ་པ་མཆོག་སྐུ་འཁྲུངས་དུས་ས་རྣམ་པ་དྲུག་ཏུ་གཡོས་ཏེ་སྒྲུབ་ཁང་ཡོམ་ཡོམ་དུ་འགུལ་བ་ན།  ཆོས་རྗེ་དོན་གྲུབ་རིན་ཆེན་མཆོག་ནས་རང་གི་ཕྱག་སྒྲུབ་ཁང་གི་བྲག་ལ་གཏད་པའི་རྗེས་ཤུལ་ཡིན་ཟེར་བའི་ངག་རྒྱུན་འདུག 

  ༣  དེ་ནས་རྗེ་བླ་མ་ཙོང་ཁ་པ་མཆོག་སྐུ་འཁྲུངས་ནས་ཡུན་རིང་མ་ལོན་པའི་ཉིན་ཞིག་ལ།  ཆོས་རྗེ་དོན་གྲུབ་རིན་ཆེན་དེ་ཉིད་ཡབ་ཀླུ་འབུམ་དགེ་ཡིས་གདན་དྲངས་ནས་བསྙེན་བཀུར་གང་ལེགས་མཛད།  དེ་ཚེ་ཆོས་རྗེ་དེ་ཉིད་ཀྱིས་ཡབ་ཀླུ་འབུམ་དགེ་ལ་རྟ་དང་ལུག་ལ་སོགས་པ་ཟང་ཟིང་གི་གནང་སྦྱིན་དཔག་མེད་མཛད་ནས།  ཡབ་ཀླུ་འབུམ་དགེ་ལ་ཁྱོད་ཀྱི་བུ་འདི་"བདག་གི་སློབ་མར་ཕུལ་ཅིག"ཅེས་བཀའ་གནང་བ་ན།  ཡབ་ནས་བུ་ནར་སོན་དུས་ཆོས་རྗེ་མཆོག་གི་སློབ་མར་འབུལ་བར་ཁས་བླངས།   ངག་རྒྱུན་ན།  དེ་དུས་ཆོས་རྗེ་དོན་གྲུབ་རིན་ཆེན་མཆོག་ཐུགས་ཤིན་ཏུ་དགྱེས་ནས་རང་གི་ཕྱག་རྟེན་དང་ཞབས་ཀྱི་རྗེས་རྡོ་ཕ་བོང་ཆེན་པོའི་སྟེང་བཞག་པ་ཡིན་ཟེར།   རྡོ་དེ་སྐུ་འབུམ་དགོན་པའི་འཇམ་དབྱངས་ཀུན་གཟིགས་ཀྱི་ལྷ་ཁང་དུ་ཡོད་ལ།  ད་ལྟ་ཡང་སྟེང་ན་ཞབས་རྗེས་ཤིག་དང་ཕྱག་རྟེན་ཞིག་གི་ཤུལ་ཡོད།  ༼མདོ་སྨད་ཆོས་འབྱུང་༽དང་༼བྱ་ཁྱུང་གདན་རབས་༽ན་ཡང་དེའི་ཕྱོགས་ཙམ་གསལ། 

  ༤ གཡང་སྒང་རི་ཁྲོད་ནི་སྐུ་འབུམ་ཁྱུང་ཐར་སྡེ་བའི་སྟོད་ན་ཡོད།  རྒྱ་སྐད་དུ་འདི་ལ་ "岩岗寺 "ཟེར་ལ་སོག་པོ་ཡོན་རྒྱལ་རབས་སྐབས་ནས་དགོན་པའམ་རི་ཁྲོད་ཡོད་པར་བཤད། ༼མདོ་སྨད་ཆོས་འབྱུང་༽དང་༼སུམ་པའི་ཆོས་འབྱུང་༽དུ། "ར་ཁུའི་གཡང་འབའ་"ཞེས་བྲིས་པ་རི་ཁྲོད་འདི་ཨེ་ཡིན་སྙམ་པས་དཔྱད།  ཡུལ་འདིའི་རྒན་པ་རྣམས་ཀྱི་ངག་རྒྱུན་ན།  སྔོན་གྱི་དུས་ཆོས་རྗེ་དོན་འགྲུབ་རིན་ཆེན་མཆོག་ཡུལ་འདི་བརྒྱུད་ནས་བྱ་ཁྱུང་དགོན་དུ་ཕེབས་དུས།  ཆོས་རྗེ་ཁོང་ཉིད་རི་ཁྲོད་འདིར་ཕེབས་ཏེ་ཡུན་རིང་དུ་མཚམས་ལ་བཞུགས།  དེ་དུས་འཇམ་མགོན་བླ་མ་ཙོང་ཁ་པ་མཆོག་ཀྱང་ཡུལ་འདིར་ཆོས་རྗེ་དམ་པ་ཁོང་དང་མཉམ་དུ་ཕེབས་ཏེ་ཡི་གེ་འབྲི་ཀློག་དང་དཔེ་ཆ་བསླབས་མྱོང་།  རི་ཁྲོད་དུ་བྲག་ཕུག་འགའ་ཡོད་པའི་གཅིག་གི་ཕུག་ན་བྲག་ཕུག་ཆུང་ངུ་ཞིག་འདུག་པ་ཆོས་རྗེ་དོན་འགྲུབ་རིན་ཆེན་གྱི་སྒྲུབ་ཕུག་ཡིན་ཞེས་ཕྱི་ལོ2016ལོར་བདག་གྲོགས་པོ་འགའ་དང་མཉམ་དུ་གནས་དེར་རིག་རྫས་གནའ་ཤུལ་རྟོག་དཔྱོད་དུ་སྐྱོད་དུས་དཀོར་གཉེར་ཨ་ཁུས་རྟེན་བཤད་གནང་ལ།  རྒན་པ་རྣམས་ཀྱི་ངག་རྒྱུན་ན་ཡང་དེ་ལྟར་གྲགས།  རི་ཁྲོད་འདི་ཡང་གནས་དབེན་པ་རྩྭ་དང་རྩི་ཤིང་།  རང་བྱུང་གི་ནགས་ཚལ་གྱིས་བརྒྱན་ཞིང་རི་རྐེད་ན་སྨན་ཆུ་ཟེར་བའི་ཆུ་མིག་ཆུང་ངུ་ཞིག་དལ་གྱིས་བཞུར་ཀྱིན་མཆིས།  ལུང་བའི་ཕུ་ན་མགོན་པོ་བྲག་ནག་ཀྲོང་ངེར་འགྱིངས་ནས་ཡོད།  གཡང་སྒང་རི་ཁྲོད་ནི་སྐུ་འབུམ་ཆུ་དཀར་རི་ཁྲོད་དང་བྱ་ཁྱུང་དགོན་པ་གཉིས་ཀྱི་རྒྱུད་ལམ་ན་མཆིས།  ཆོས་རྗེ་དོན་གྲུབ་རིན་ཆེན་མཆོག་སྐུ་འབུམ་ཆུ་དཀར་རི་ཁྲོད་ནས་ལུང་པ་འདིར་ཕེབས་ཏེ་བཞུགས་པ་དང་།  དེ་ནས་བྱ་ཁྱུང་དུ་ཕེབས་ཟེར་བ་ལ་གནས་ལུགས་ངེས་ཅན་ལྡན་པར་སྙམ། 

  ༥  སྐུ་འབུམ་བྱམས་པ་གླིང་གི་གདན་རབས་རྣམས་སུ།  "ཤར་གྱི་རིར་རྡོ་རྗེ་འཇིགས་བྱེད་རང་བྱོན་ཡོད་"ཅེས་གསུངས་པ་བཞིན་སྐུ་འབུམ་དགོན་པའི་ཤར་ཕྱོགས་ཀྱི་སྤྱི་ལེ་འགའི་མཚམས་ན་རི་བོ་ཞིག་གི་ངོས་ན་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་རང་བྱོན་བཞུགས།  དེ་ན་སྒྲུབ་ཕུག་ཅིག་གི་ཤུལ་ཡོད་པའི་ནང་དུ་སྔོན་ཆོས་རྗེ་དོན་གྲུབ་རིན་ཆེན་མཆོག་སྒྲུབ་པ་ཉམས་ལེན་ལ་བཞུགས་པའི་ངག་རྒྱུན་ད་ལྟའི་བར་དུ་འདུག  ཆོས་རྗེ་དོན་གྲུབ་རིན་ཆེན་མཆོག་ནི་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་བ་ཞིག་ལགས་པས་སྐུ་འབུམ་གྱི་ཤར་གྱི་རིའི་རྡོ་རྗེ་འཇིགས་བྱེད་འདི་ཡང་ཆོས་རྗེ་དོན་གྲུབ་རིན་ཆེན་མཆོག་ཡུལ་དེར་དཔལ་ཆེན་རྡོ་རྗེ་འཇིགས་བྱེད་ཀྱི་སྒོམ་སྒྲུབ་ལ་བཞུགས་དུས་ཁོང་གི་གྲུབ་པའི་རང་རྟགས་སུ་དེ་དུས་སུ་རང་བྱོན་དུ་གྲུབ་པ་ཨེ་ཡིན་ནམ་སྙམ་པ་བྱུང་། 

  སྐུ་འབུམ་བྱམས་པ་གླིང་གི་ཉེ་འཁོར་ན་འདི་ལྟ་བུའི་ཆོས་རྗེ་དོན་གྲུབ་རིན་ཆེན་དང་འབྲེལ་བའི་ངག་རྒྱུན་དང་སྒྲུབ་གནས་ད་དུང་མང་དུ་ཡོད་སྲིད་ཀྱང་།  ད་རེས་དུས་ཚོད་ཐུང་དྲགས་པས་རྩད་གཅོད་དང་ཆེད་དུ་ཞིབ་འཇུག་སོགས་བྱེད་མ་ཐུབ་པས་རྗེས་མར་བྱ་ཨེ་ཐུབ་ཀྱི་རེ་བ་ཡོད།  སྤྱིར་བཏང་རྗེ་སྐུ་འབུམ་ས་ཁུལ་ན་འདི་ལྟ་བུའི་ངག་རྒྱུན་དང་སྒྲུབ་གནས་མང་དུ་ཡོད་པ་ནི།  སྔོན་དབུས་གཙང་དུ་མཆིམས་བློ་བཟང་གྲགས་པ་དེ་ཉིད་ཀྱིས་ཆོས་རྗེ་དོན་གྲུབ་རིན་ཆེན་མཆོག་ལ་ལུང་བསྟན་དུ་"ཁྱོད་ལ་མདོ་སྨད་དུ་སློབ་མ་འགྲན་ཟླ་དང་བྲལ་བ་གཅིག་འབྱུང་།  དེ་ལ་ངའི་མིང་འདི་ཐོགས་དང་བསྟན་པ་ལ་ཕན་ཐོགས་ཁྱད་པར་ཅན་འབྱུང་"ཞེས་གསུངས་པ་ལྟར།  ཆོས་རྗེ་དོན་གྲུབ་རིན་ཆེན་མཆོག་གིས་འཇམ་མགོན་བླ་མ་བློ་བཟང་གྲགས་པ་མཆོག་མདོ་སྨད་ཙོང་ཁའི་ཡུལ་དུ་སྐུ་འཁྲུངས་པར་སྒུག་བཞིན་སྐུ་འབུམ་དགོན་པའི་ཉེ་འཁོར་གྱི་གནས་དབེན་པ་མང་པོ་ནས་ཉམས་ལེན་ལ་གཞོལ་བ་དང་།  རྗེ་ཙོང་ཁ་པ་མཆོག་སྐུ་འཁྲུངས་པ་ནས་ཀྱང་ཐུགས་ཁུར་མཛད་དེ་ཡབ་ཀླུ་འབུམ་དགེ་ཚང་དང་ཐག་མི་རིང་པའི་གནས་ནས་བཞུགས་ཏེ་བརྩེ་བས་བསྐྱངས་པ་སོགས་ཀྱིས་ཡིན་པར་ངེས། 

  གསུམ་པ།  ཆོས་རྗེ་དོན་གྲུབ་རིན་ཆེན་མཆོག་གི་མཛད་ཆེན་མདོར་བསྡུས། 

  ཆོས་རྗེ་དོན་གྲུབ་རིན་ཆེན་མཆོག་གི་སྐུ་ཚེ་གཅིག་གི་མཛད་པ་མདོར་བསྡུས་ན།  ཡུལ་མདོ་སྨད་དུ་སྐུ་འཁྲུངས་ཏེ་དབུས་འགྱུར་ལྷ་ལྡན་ཆོས་ཀྱི་ཞིང་ཁམས་སུ་སློབ་གཉེར་དུ་ཕེབས།  སྙེ་ཐང་བ་བཀྲ་ཤིས་སེང་གེ་དང་བཅོམ་ལྡན་རིགས་རལ་གྱི་བུ་ཆེན་ལྡོང་སྟོན་རིག་པའི་སེང་གེ།  བདག་ཆེན་བཟང་པོ་དཔལ་དང་སྒམ་པོ་བ་ཆོས་ཀྱི་རྒྱལ་མཚན།  མཁས་གྲུབ་ཆེན་པོ་མཆིམས་བློ་བཟང་གྲགས་པ་སོགས་བསམ་སྦྱོར་གཉིས་ཀྱི་སྒོ་ནས་དགེ་བའི་བཤེས་གཉེན་དུ་བསྟེན་ཏེ་མདོ་སྔགས་ཀྱི་གཞུང་ལུགས་གཙོས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་ཀུན་ལ་སྦྱངས་པ་མཐར་ཕྱིན་པས།  "ཤར་ཕྱོགས་རིག་པའི་དཔའ་བོ་"ཞེས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་ཞིག་ཏུ་གྱུར་བ་དང་།   དེ་ནས་མདོ་སྨད་དུ་ཕེབས་ཏེ་ཤིང་ཀུན་སྡེ་གསར་གྱི་མཁན་པོ་མཛད་པ་དང་།  ཤ་སྦྲང་དགོན་པ་དང་བྱ་ཁྱུང་དགོན་པ་སོགས་ཕྱག་འདེབས་མཛད་པ།  ༼རྒྱུད་བླ་མ༽འི་འགྲེལ་བའི་བསྟན་བཅོས་མཛད་པ་སོགས་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ཡུལ་མདོ་སྨད་དུ་སངས་རྒྱས་ཀྱི་བསྟན་པ་སྒོ་ཀུན་ནས་དར་ཞིང་རྒྱས་པར་མཛད་པ་དང་།   ལྷག་པར་ཆོས་རྗེ་ཁོང་གི་སྐུ་ཚེ་གཅིག་ལ་མཁས་གྲུབ་གཉིས་འཛོམས་ཀྱི་བུ་སློབ་མང་དུ་བསྐྱངས་པ་ཐམས་ཅད་ཀྱི་ནང་ནས་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་འཕགས་པ་ནི་འཇམ་མགོན་བླ་མ་ཤར་ཙོང་ཁ་པ་ཆེན་པོ་མཆོག་ཡིན་ལ།  རྗེ་བླ་མ་མཆོག་སྐུ་བལྟམས་པ་ནས་ཁོང་གིས་ཐུགས་ཁུར་མཛད་དེ་ཐོག་མའི་རྟེན་འབྲེལ་དུ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་ཁྱད་པར་ཅན་དང་ཡབ་ཡུམ་གཉིས་ལ་བུ་ཆུང་སྐྱོང་ལུགས་ཀྱི་བསླབ་བྱ་གནང་། དགུང་ལོ་བདུན་ལ་སོན་པ་ནས་སྐུའི་ཡོངས་འཛིན་ཐོག་མ་མཛད་དེ་བྱམས་པ་དང་བརྩེ་བ་ཆེན་པོས་བསྐྱངས།  འཇམ་དཔལ་དབྱངས་དང་དབྱངས་ཅན་མ་ལ་སོགས་པའི་སྒོ་ནས་ཤེས་རབ་འཕེལ་བའི་ཐབས་དུ་མ་མཛད།  ཁྱད་པར་དུ་རྗེ་བླ་མ་མཆོག་དབུས་སུ་ཕེབས་པའི་སྐུལ་མ་དང་མཐུན་རྐྱེན་བསྐྲུན་པ།  དབུས་སུ་ཕེབས་ཁར་ཡང་དབུས་སུ་སླེབས་དུས་"ཐོག་མར་ཐོས་བསམ་འདི་དང་འདི་ལ་གྱིས།  དེའི་རྗེས་སུ་འདི་ལ་གྱིས་སོགས་ཀྱི་རིམ་པ་དང་།  དེ་ནས་དེ་དག་གི་དོན་ཉམས་སུ་ལོངས་ལ།  དེའི་རྗེས་སུ་གདུལ་བྱ་རྣམས་སྨིན་པར་གྱིས་ཤིག"ཅེས་སོགས་ཐུགས་གཉེར་གནང་ཚུལ་རྗེ་རང་གི་༼རྟོགས་བརྗོད་འདུན་ལེགས་མ་༽ལས། "དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ།  །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས། །"ཞེས་གསུངས་པ་དང་ཚུལ་མཐུན་པའི་སློབ་གཉེར་གྱི་བསླབ་བྱ་གནང་སྟེ།  རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་སྐུ་ཚེ་འདིའི་མཛད་པ་དང་འཕྲིན་ལས་རླབས་པོ་ཆེ་མཐའ་དག་གི་རྨང་འདིང་མཁན་ཆོས་རྗེ་དོན་གྲུབ་རིན་ཆེན་མཆོག་གྱུར་ཡོད་པ་རེད། 

  བཞི་བ།  ༸འཇམ་མགོན་བླ་མ་ནས་ཆོས་རྗེ་མཆོག་ལ་གཞན་ལས་གུས་པ་ཅི་ཆེར་མཛད་པ། 

  དེའི་ཕྱིར་རྗེ་བླ་མ་ཙོང་ཁ་པ་ཆེན་པོ་རང་གིས་མཛད་པའི་༼ལེགས་བཤད་གསེར་གྱི་ཕྲེང་བ༽འི་མཆོད་བརྗོད་དུ་ཡང་། "དོན་ཟབ་རྒྱལ་བའི་གསུང་གི་གྲུར་ཞུགས་ཏེ། །གྲུབ་མཐའ་རྒྱ་མཚོའི་ཕ་རོལ་སོན་གྱུར་ཅིང་། །རྣམ་གྲོལ་རིན་ཆེན་གླིང་དུ་ལུས་ཅན་རྣམས། །ཀུན་ནས་བཀྲི་མཛད་ཆོས་རྗེའི་ཞབས་ལ་བདུད། །"ཅེས་དང་། ༼སྔགས་རིམ་ཆེན་མོ༽འི་མཛད་བྱང་དུ། "ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་ཕུལ་དུ་བྱུང་བ་མངའ་བ། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། དོན་གྲུབ་རིན་ཆེན་གྱི་ཞལ་སྔ་ནས་ཀྱི་སྐུ་དྲིན་གྱིས་རྡོ་རྗེ་ཐེག་པའི་སྒོར་ཐོག་མར་སྨིན་པར་མཛད"ཅེས་དང་། ༼བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་རྟོགས་བརྗོད་༽དུ་ཡང་།  "མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེ་ཕུན་སུམ་ཚོགས་པའི་བདག་ཉིད་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ།  ཆོས་ཀྱི་རྗེ་དོན་གྲུབ་རིན་ཆེན་གྱི་ཞབས་ཀྱི་རྡུལ་སྤྱི་བོས་ལེན་ཅིང་"ཞེས་བསྔགས་བརྗོད་དང་གུས་པ་གཞན་ལས་ཅི་ཆེར་མཛད་ཡོད་ལ།  དུས་ཕྱིས་ཀྱང་འཇམ་མགོན་བླ་མ་མཆོག་ནས་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་མཚན་བརྗོད་པ་ཙམ་ལའང་ཕྱག་ཐལ་མོ་སྦྱོར་ཞིང་སྤྱན་ཆབ་འབྱིན་པ་དང་། ཆོས་རྗེ་དོན་གྲུབ་རིན་ཆེན་མཆོག་སྐུ་མྱ་ངན་ལས་འདས་པ་ནས་ཟླ་མཆོད་མ་ཆགས་པར་གནང་བ་སོགས་བཀའ་དྲིན་ཤིན་ཏུ་ཆེ་བའི་བླ་མ་བཞི་ལས་ཐོག་མའི་བླ་མར་གྱུར་བའོ། ། 

  ལྔ་བ།  མཇུག་གི་གཏམ། 

  དེ་བས། དེ་རིང་འདིར་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་སྐུའི་ཡོངས་འཛིན་ཐོག་མ་མཁས་གྲུབ་ཆེན་པོ་ཆོས་རྗེ་དོན་གྲུབ་རིན་ཆེན་མཆོག་སྐུ་འཁྲུངས་ནས་ལོ་ཡི་འཁོར་མོ་བདུན་བརྒྱ་དང་བརྒྱད་འཁོར་བའི་སྐབས་འདིར།  ཁོང་གི་སྐུ་ཚེ་གཅིག་གི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཛད་པ་དང་འཕྲིན་ལས།  ལྟ་སྒོམ་སྤྱོད་གསུམ།  བསྟན་པ་དང་འགྲོ་བའི་དོན་ཇི་ལྟར་མཛད་ཚུལ།  ཐུགས་བསྐྱེད་སྙིང་སྟོབས་སོགས་ལ་སློབ་སྦྱོང་དང་གུས་བཀུར་མཚོན་པའི་རྗེས་དྲན་གྱི་ཚོགས་འདུ་འདི་ལྟ་བུ་བསྡུས་པ་ནི་རྗེས་སུ་ཡི་རང་དང་ལས་ཀ་རླབས་ཆེན་པོ་ཞིག་རེད་འདོད།  རྗེས་མར་ཡང་ཁོང་དང་ཁོང་ལྟ་བུའི་སྐྱེས་ཆེན་དག་གི་མཛད་པ་དང་རིག་གནས་སྙིང་སྟོབས་སོགས་ལ་སློབ་སྦྱོང་དང་རྗེས་དྲན་གྱི་ཚོགས་འདུ་མང་དུ་ཚོགས་པའི་རེ་བ་ཆེ།  བཀྲ་ཤིས་བདེ་ལེགས། 

  ཞེས་སྐུ་འབུམ་དགོན་པའི་དོ་དམ་ཁང་གིས་ཆོས་རྗེ་དོན་གྲུབ་རིན་ཆེན་མཆོག་གི་རྗེས་དྲན་ཚོགས་འདུ་ལ་འགྲོ་དགོས་པའི་བཀས་སྐུལ་དུས།  ཕྱི་ལོ2017ལོའི་ཕྱི་ཟླ8པའི་ཚེས10ཉིན་སྐུ་འབུམ་བྱམས་པ་གླིང་ནས་ཁྲི་སྐལ་བཟང་བརྩོན་འགྲུས་སུ་འབོད་པས་དམ་པ་ཁོང་རྗེས་དྲན་དུ་བྲིས་ཏེ།  ཕྱི་ཟླ8པའི་ཚེས13ཉིན་ཆོས་རྗེ་དོན་གྲུབ་རིན་ཆེན་མཆོག་གི་རྗེས་དྲན་ཚོགས་འདུའི་སྟེང་གཏམ་བཤད་དུ་བྱས་སོ།། 

 

  རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་འཁྲུངས་གནས་སྐུ་འབུམ་གསེར་སྡོང་ཆེན་མོ། 

 

 

  ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་སྒྲུབ་གནས་སྐུ་འབུམ་ཆུ་དཀར་རི་ཁྲོད། 

 

  ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་སྒྲུབ་གནས་སྐུ་འབུམ་ཆུ་དཀར་རི་ཁྲོད། 

 

  སྐུ་འབུམ་ཆུ་དཀར་རི་ཁྲོད་ཀྱི་སྒྲུབ་ཁང་ནང་། 

 

  སྐུ་འབུམ་ཆུ་དཀར་རི་ཁྲོད་ཀྱི་སྒྲུབ་ཁང་དུ་བཞུགས་པའི་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་ཕྱག་རྗེས་ཤུལ། 

 

  སྐུ་འབུམ་འཇམ་དབྱངས་ཀུན་གཟིགས་ལྷ་ཁང་དུ་བཞུགས་པའི་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་ཕྱག་རྟེན་དང་ཞབས་རྗེས་ཤུལ། 

 

  སྐུ་འབུམ་ཁྱུང་ཐར་སྡེ་བའི་སྟོད་ན་ཡོད་པའི་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་སྒྲུབ་གནས་གཡང་སྒང་རི་ཁྲོད། 

<