ཞིན་ཧེ་རྫོང་ཙ་རི་གླིང་གའི་མི་རིགས་ཚོང་དོན་ཚད་ཡོད་ཀུང་ཟིའི་སྒོ་འབྱེད་མཛད་སྒོ་བསྡུས།

2016-11-24

  འབྲས་བུའི་ཁུར་གྱིས་དུད་ཅིང་སྟོན་གྱི་ཡོ་ལང་རྣམ་པར་རྒྱས་པའི་སྐབས་དང་བསྟུན་ནས་ཞིན་ཧེ་རྫོང་ཙ་རི་གླིང་གའི་མི་རིགས་ཚོང་དོན་ཚད་ཡོད་ཀུང་ཟིའི་སྒོ་འབྱེད་མཛད་སྒོ་དེ་ཟླ་འདིའི་ཚེས་བཅུ་བདུན་ཉིན་ཞིན་ཧེ་རྫོང་མཁར་དུ་དངོས་སུ་ཕྱེས་ཤིང་། ས་གནས་འབྲེལ་ཡོད་མགོ་ཁྲིད་དང་ཕྱོགས་ཡོངས་སྐུ་མགྲོན་མང་པོ་སྒོ་འབྱེད་མཛད་སྒོར་ཞུགས།

  ཉེ་བའི་ལོ་འདི་དག་གི་རིང་ལ་ཞིང་ཆེན་སྲིད་གཞུང་དང་མཚོ་ལྷོ་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་དག་གི་སྣེ་ཁྲིད་འོག་ཏུ་མཚོ་ལྷོའི་ག་ས་གང་དུ་གནད་འཁེལ་དབུལ་སྐྱོར་དང་རིག་གནས་ཐོན་ལས་སྐོར་གྱི་ལས་གཞི་མང་པོ་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་འབུས་ཤིང་མང་ཚོགས་དབུལ་ཐར་ཕྱུག་འགྱུར་གྱི་ཕྱོགས་སུ་བགྲོད་པའི་ལམ་ཁ་སྔར་ལས་ཡངས་པོར་ཕྱེས། ལྷག་པར་དུ་ས་གནས་ཀྱི་མང་ཚོགས་རྟོག་སད་པ་འགའ་རེས་གོང་རིམ་གྱི་མཛུབ་སྟོན་དག་བློ་ལ་ཆུད་དེ་མ་སྐུལ་དང་བླངས་ངང་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་ཐར་གྱི་ལམ་དུ་བགྲོད་བཞིན་པའང་མང་པོ་འདུག

  ཞིན་ཧེ་རྫོང་ཙ་རི་གླིང་གའི་མི་རིགས་ཚོང་དོན་ཚད་ཡོད་ཀུང་ཟི་ནི་ས་གནས་ཀྱི་ཁེ་ལས་པ་འདུལ་འཛིན་གྱིས་མ་དངུལ་བཏང་ནས་བཙུགས་ཤིང་། ཚོང་ར་འདིའི་ཉིས་ཐོག་ཏུ་ཙ་རི་གླིང་གའི་འབྲོག་གཞིས་སྟེ་དགྱེས་སྐྱེམས་སྟོན་མོར་རོལ་ཆོག་པའི་བོད་ཟས་ཚོམས་ཆེན་དང་ཇ་ཁང་། རིག་དངོས་འགྲེམས་སྟོན་ཁང་སོགས་ཡོད་ལ། གཅིག་ཐོག་ཏུ་རྒྱ་གར་དང་བལ་ཡུལ། ཐེ་གོ་སོགས་རི་བོ་ཧི་མ་ལ་ཡའི་ཉེ་འཁོར་གྱི་ཡུལ་གྲུ་ཁག་ནས་ཐོན་པའི་ཁྱད་ལྡན་ཁྱིམ་ཆས་ཅ་ལག་སྣ་ཚོགས་ཕྱིར་འཚོང་དང་མངགས་བཟོ་བྱེད་བཞིན་འདུག  ཚོང་ར་འདི་ནི་རིག་གནས་ཐོན་ལས་འཕེལ་རྒྱས་དང་ཚོང་ལས་ཞབས་ཞུ་ལ་ཡར་སྐུལ་བྱེད་པའི་ཕྱོགས་བསྡུས་སྣ་འཛོམས་རང་བཞིན་གྱི་ཚོང་ར་ཞིག་རེད། ཚོང་ར་འདིས་གཙོ་བོ་ས་གནས་ཀྱི་དངོས་ཟོག་འཁོར་རྒྱུགས་དང་རིག་གནས་ཐོན་ལས་སྐུལ་འདེད། ས་གནས་མང་ཚོགས་ལ་ལས་ཞུགས་ཀྱི་གོ་སྐབས་མང་པོ་རེག་པའི་ཐད་ནུས་པ་མི་དམན་པ་ཐོན་ཡོད་པ་མ་ཟད། ས་གནས་མང་ཚོགས་མང་པོར་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ཏེ་དབུལ་ཐར་ཕྱུག་བསྒྱུར་གྱི་ལམ་དུ་བགྲོད་པར་དྲན་སྐུལ་གྱི་ལམ་བུ་གསར་བ་ཞིག་ཀྱང་ཕྱེས་ཡོད།

 

  བོད་ལུགས་ཁྱིམ་ཆས། 

 

  ཁྱད་ལྡན་ཁྱིམ་ཆས། 

 

  བོད་ལུགས་སྣོད་ཅ་ལག 

 

  ལྷ་ཆས་མཆོད་ཆས། 

 

  བོད་ལུགས་ཁྱིམ་ཆས། 

 

  ཚོང་དོན་ཁང་གི་ཡུལ་དངོས། 

 

  རིག་དངོས་འགྲེམས་སྟོན། 

 

  བོད་ཟས་ཁང་གི་ཡུལ་དངོས། 

 

  བོད་ཟས་ཁང་གི་ཡུལ་དངོས།  

<