ན་གཞོན་སྐོར་ཞིག་གི་བློ་གྲོས་ཀྱི་རྩལ་ལས་བསྐྱེད་པའི་ཚོང་ལས་མཉམ་ལས་ཅན་གྱི་ནོར་བཟང་ཚོང་ཚོགས།

2016-11-24

 

  དེ་རིང་ཡང་ང་ཚོ་ཉི་མའི་ཚ་ཟེར་གྱི་མདངས་དང་འགྲོགས་ནས་གཙོས་གྲོང་ཁྱེར་གྱི་གཞུང་ལམ་བརྒལ་ཏེ་བླ་བྲང་ཕྱོགས་སུ་བསྐྱོད་མགོ་བརྩམས། ཉི་མ་བླ་བྲང་ནི་དད་ལྡན་སྐྱེ་བོ་ཀུན་གྱི་བསྟི་གནས་ཁྱད་པར་ཅན་ཞིག་ཡིན་ལ། ལོ་ངོ་སུམ་བརྒྱའི་ལོ་རྒྱུས་ལྡན་པའི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་གདན་ས་ཆེ་ཤོས་ཤིག་རེད།

  ཉིན་འདི་གར་ངེད་གསར་འགོད་པ་རྣམས་ཀྱིས་བླ་བྲང་གི་ཕྱི་ནང་གསང་གསུམ་ལ་རྒྱུས་ལོན་རགས་ཙམ་བྱས་མཐར། བླ་བྲང་ནའང་ན་གཞོན་ཚོ་གྲོས་ཁ་གཅིག་མཐུན་གྱིས་ཚོང་ལས་ལམ་ཁར་ཞུགས་པའི་གནས་ཚུལ་མང་པོ་ཐོས་རྒྱུ་ཡོད་ལ། དེ་བས་ཐེངས་འདིར་ང་ཚོས་ཆེད་དུ་འདིའི་སྐོར་གྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་འདོད་ཀྱི་བསམ་པ་དྲག་ཏུ་འཕྱུར། བླ་བྲང་གི་ནོར་བཟང་ཚོང་ཚོགས་ནི་ན་གཞོན་ཉི་ཤུ་ལྷག་མཉམ་དུ་འདུས་ནས་བཙུགས་པའི་ཚོང་ལས་མཉམ་ལས་ཅན་ལ་ཁ་ཕྱོགས་པའི་ཚོང་ཚོགས་ཤིག་ཡིན་ལ། ཚོང་ཚོགས་འདི་ལ་ད་སྔ་ཚོང་བ་ཉི་ཤུ་ལྷག་ཡོད། ཚོང་བ་འདི་དག་གི་ཕ་ཡུལ་ཡིན་ན་བླ་བྲང་ས་ཆ་གཅིག་པུའི་མ་ཡིན་པར་རྨ་ཆུ་དང་། བསང་ཆུ། ཨ་མཆོག གཙོས་བཅས་ནས་ཡོང་བའི་ན་གཞོན་རྐྱང་བས་གྲུབ་པའི་སྡེ་ཞིག་ཡིན་ཏེ། ཁོ་ཚོས་མཉམ་འབྲེལ་སྒོས་བླ་བྲང་ས་ཆ་ནས་སྤྲོ་སྐྱིད་གླིང་ཀ་ཆེན་པོ་ཞིག་གཟུག་རྒྱུའི་སྟ་གོན་བྱེད་བཞིན་འདུག ཚོང་ཚོགས་འདི་ཐོག་མར་འཛུགས་དུས་སུ་མི་རེར་ཆ་སྙོམས་རེར་སྒོར་ཁྲི30མ་རྐང་བཞག་སྟེ་བཙུགས་པ་ཞིག་རེད་ལ། སྒོར་ཁྲི30དུས་མཉམ་དུ་སྤྲོད་དགོས་པ་ཞིག་མ་ཡིན་ཏེ་རེས་མོས་ཀྱི་ཚུལ་དུ་སྤྲད་ན་ཆོག་པ་ཞིག་རེད། ཚོང་བ་འདི་དག་ཀྱང་བླ་བྲང་ས་ཆ་ནས་དུས་རྒྱུན་ཚོང་ལས་ལམ་ཁར་ཞུགས་པའི་ཚོང་བ་ཤ་སྟག་ཡིན་པས་ཁོ་ཚོ་ཕན་ཚུན་བར་ལ་ཡིད་ཆེས་ཀྱི་མིག་ཟུང་གཏད་ཆོག་ཀྱང་ཁོ་ཚོ་ནི་ནམ་རྒྱུན་མཐུན་སྒྲིལ་གྱི་ཨ་ལོང་ལྟ་བུར་སྦྲེལ་ཡོད། ཚོང་བ་འདི་དག་གི་ཁྲོད་ནས་ཚོང་གཉེར་གྱི་ལམ་དུ་ཞུགས་ནས་དུས་ཡུན་ཆེས་རིང་བ་ནི་ལོ20དང་། ཆེས་ཐུང་བ་ནི་ལོ་གཉིས་ཡིན། དེ་མིན་སློབ་ཆེན་ནས་མཐར་ཕྱིན་པའི་མི7བདུན་ཡོད། ཁོ་ཚོས་རང་རང་ས་ནས་རང་སྟེང་གི་མ་དངུལ་ཕུལ་ཏེ་ཚོང་གཉེར་གྱི་ལས་ལ་འབད་བཞིན་ཡོད་ལ། ལ་ལས་ཁང་བཙོང་གི་ལས་ལ་བྲེལ་ཞིང་། ལ་ལས་ནུབ་ཕྱོགས་ཀྱི་ཟ་ཁང་ཕྱེས། ལ་ལས་ཁ་པར་བཙོང་བ་དང་ཁ་པར་ཞིག་གསོ། ལ་ལས་དབྱར་རྩྭའི་ཚོང་། ལ་ལས་ལྷ་ཆབ་མཆོད་ཆབ་ཀྱི་རིགས། ལ་ལས་མི་རིགས་གྱོན་ཆས་ཚོང་ཁང་། ལ་ལས་སྤྲོ་སྐྱིད་གླིང་ཀ ལ་ལས་ཁངས་ཤུད་སྟེགས་ས་སོགས་སྒོ་ཕྱེས་ཏེ་ཚོང་ཚོགས་མ་ཡིན་པའི་དཔལ་འབྱོར་འཚོལ་སྟངས་གཞན་ཞིག་སྙེག་པ་འདིའང་ཁོ་ཚོའི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་རིག་པ་དྭངས་མོ་ཞིག་ཅི་ལ་མིན།

  ཁོ་ཚོས་ཚོང་ཚོགས་འདི་ལྟ་བུ་ཞིག་འཛུགས་དགོས་པའི་དམིགས་ཡུལ་ནི་ཚོང་བ་མང་པོ་མཉམ་དུ་འདུས་ན་ཚོང་ལས་ཀྱི་ལམ་ཁ་ནས་ཕན་ཚུན་གྱི་ཉམས་མྱོང་བརྒྱུད་སྤྲོད་ཐུབ་པ་དང་ལས་ཅི་ཞིག་སྒྲུབ་ནའང་ཐག་གཅོད་ཀྱི་བློ་སྣ་མང་ཡོད་པས་ཚོང་ཚོགས་འདི་ལྟ་བུ་ནི་མིག་སྔར་གྱི་ཚོང་ལས་ཕྱོགས་ཀྱི་སྟོང་ཆ་ཁོ་ན་ཞིག་གོ དེང་སྐབས་བོད་ཁུལ་ན་དཔལ་འབྱོར་གྱི་ཐོན་ཁུངས་དང་ཐོན་རྫས་མེད་པ་མ་ཡིན་ཏེ་གཙོ་བོ་མཉམ་ལས་ཕྱོགས་ལ་ཞུགས་རྒྱུའི་འདུ་ཤེས་དམའ་དྲག་པ་དང་སྐྲག་སྣང་གི་བསམ་བློ་དེས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ལ་བཀག་རྐྱེན་ཆེན་པོ་བཟོ་བཞིན་ཡོད། དེ་བས་མ་འོངས་པར་སྔར་བཞིན་ཚོང་ཚོགས་འདིས་རྡོག་རྩ་གཅིག་སྒྲིལ་སྒོས་བོད་ཀྱི་ཚོང་རྫས་དག་མ་སོགས་ཕྱི་ལ་བརྒྱུད་སྒྲོག་དང་རང་ནུས་ཅི་ལྕོགས་ཀྱིས་ཚོང་ལས་ལམ་ཁའི་ཕྱོགས་ལ་སྟོབས་ཤུགས་གང་ལེགས་འདོན་རྒྱུའི་རེ་བ་དང་ཡིད་ཆེས་ཀྱིས་གཏམས་སོ།

 

  ནོར་བཟང་གླུ་གར་གླིང་གི་ཕྱི་ཡི་བརྗིད་ཉམས། 

 

 

  ནོར་བཟང་གླུ་གར་གླིང་གི་ནང་གི་བཀོད་པ། 

 

  ཚོང་ཚོགས་སུ་ཞུགས་པའི་ཚབ་མཚོན་ཚོང་བ་འགའ་ཞིག 

 

  གསར་འགོད་པས་ཡུལ་དངོས་ནས་གནས་ཚུལ་ལ་རྒྱུས་ལོན་བྱེད་བཞིན་པ། 

 

  ཚོང་ལས་མཉམ་ལས་ཅན་ལ་ཁ་ཕྱོགས་བཞིན་པའི་ནོར་བཟང་ཚོང་ཚོགས་ནང་ཞུགས་པའི་ན་གཞོན་སྐོར་ཞིག 

<