ཚེ་རིང་ཕུན་ཚོགས། དྲི་བཟང་སྨན་སྤོས་ཀྱི་འཁྲུལ་མེད་རྒྱུན་འཛིན་པ།

2016-09-30

 

  ཚེ་རིང་ཕུན་ཚོགས་ལགས་ནས་སྨན་སྤོས་སྦྱོར་སྒྲིག་བྱེད་བཞིན་པ། 

  ཉེ་བའི་ལོ་འདི་གར། རྒྱལ་ཁབ་ཀྱི་མངོན་མེད་ཤུལ་བཞག་རིག་དངོས་སྲུང་སྐྱོབ་ལ་དོ་སྣང་གལ་ཆེན་དང་། དམངས་ཁྲོད་ནས་ཀྱང་བོད་སྤོས་ལག་ཤེས་རྒྱུད་འཛིན་གཙོར་སྙིང་དུ་བཟུང་སྟེ། མི་མང་པོས་ལག་རྩལ་འདིར་སློབ་སྦྱོང་བྱེད་པའི་དབུ་བརྩམས། ཚེ་རིང་ཕུན་ཚོགས་ལགས་ཀྱིས་རྒྱུད་སྤེལ་བྱས་ཤིང་། མིག་སྔར་བོད་ལྗོངས་སུ་འབྲི་གུང་སྨན་སྤོས་བཟོ་བའི་ལག་ཤེས་ཅན་མི་༧ཡོད་པ་རེད། 

  གླེང་བརྗོད།   བོད་སྤོས་ནི་བོད་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ལས་ཐོན་པའི་ཟོང་དངོས་ཞིག་རེད། དེ་ཡང་བོད་བརྒྱུད་ནང་བསྟན་རིག་གནས་ཀྱི་མཚོན་བྱེད་ཉག་གཅིག་སྟེ། སྔོན་མར་མལ་དྲོ་གོང་དཀར་རྫོང་རྨམ་པ་ཤང་འབྲི་གུང་མཐིལ་དགོན་པའི་སྨན་སྤོས་ནི། སྲོལ་རྒྱུན་བོད་སྨན་གྱི་སྦྱོར་སྡེ་ཡི་ཉིང་བཅུད་དང་། ལས་བཟོ་གྲ་དག་པའི་གོ་རིམ་བརྒྱུད། དམིགས་བསལ་ཁྱད་ཆོས་ཀྱི་ཕྱུག་ལ་འདིའི་ནང་དུ་སྲོག་ཆགས་ཀྱི་སྨན་རྫས་རྒྱུ་ཆ་རྐང་གཅིག་ཀྱང་ཡོད་པ་མ་རེད། ༢༠༠༨ལོའི་ཟླ་༦པར། འབྲི་གུང་བོད་སྤོས་ལག་རྩལ་རྒྱལ་ཁབ་མངོན་མེད་ཤུལ་བཞག་རིག་དངོས་ཀྱི་མིང་ཐོར་བཀོད་པ་དང་། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་མངོན་མེད་ཤུལ་བཞག་རིག་དངོས་ཀྱི་རྣམ་གྲངས་ཅིག་རེད།

  

 ཚེ་རིང་ཕུན་ཚོགས་ལགས་ནི། རྒྱལ་ཁབ་མངོན་མེད་ཤུལ་བཞག་རིག་དངོས་འབྲི་གུང་བོད་སྤོས་ཀྱི་རྒྱུད་འཛིན་པ་དེ་རེད། ཆབ་ཅིག་སྤོབས་སེམས་དང་རེ་བའི་ཕྱུག་པའི་མི་ཞིག་རེད་འདུག

 ༡༩༤༦ལོར་ཁོ་རང་ལྷ་ས་རུ་སྐྱེས་ཤིང་། རང་ལོ་༧ནས་བརྩེ་ལྡན་གྱི་ཕ་མ་གཉིས་དང་ཁ་བྲལ་བ་དང་། ཕ་གཞིས་དྲོན་མོ། གཞན་ཆུང་དུས་ཀྱི་རྩེད་རོགས་རྣམས་དང་གྱེས་སྟེ་མལ་དྲོ་གུང་དཀར་རྫོང་གི་འབྲི་གུང་མཐིལ་དགོན་པར་གདན་འདྲེན་བྱས། རྒྱུ་རྐྱེན་ནི་ཁོང་འབྲི་གུང་དགོན་པའི་ཨ་དཀོན་སྤྲུལ་སྐུའི་སྐུ་ཕྲེང་གཉིས་པ་དེར་ཐུགས་ཐག་བཅད་པ་རེད།

  སྐབས་དེར། ཚེ་རིང་ཕུན་ཚོགས་ལགས་དང་དགོན་པར་ལས་འབྲེལ་ཟབ་མོ་བྱུང་། རྗེས་སོར་ཁོང་སྐྱ་སར་བབས་པ་དང་། མི་སྐྱའི་འཚོ་བ་ཡི་དབུ་བརྩམས་སྟེ། སློབ་གྲྭར་ཕྱིན་པ། ལས་བྱེད་ཆགས་པ། ཆང་ས་བརྒྱབ་པ། བུ་ཕྲུག་སྐྱེས་པ་བཅས་བརྒྱུད་ལས་འཁྱུར་ངལ་གསོ་བྱས་རྗེས་ད་བཟོད་ཀུང་སི་འདི་ཕྱེས་པ་རེད། འོན་ཏེ་གསར་འགོད་པ་ཁོང་དང་འཕྲད་པའི་སྐབས་སུ་ཁོང་ནི་སྔར་བཞིན་ནང་ཆོས་ལ་བག་ཆགས་ཟབ་མོ་ཡོད་པ་རྟོགས། 

  སྒེའུ་ཁུང་གསལ་ལ་སྣང་བས་ཁྱབ་པའི་གཞུང་ལས་ཁང་ནི་གནའ་དེང་ཟུང་འབྲེལ་གྱི་བཀོད་པ་ལེགས་ཤིང་། དཔེ་སྒྲོམ་དུ་དུས་དེབ་ལས་གཞན་མིག་ལམ་དུ་མངོན་པ་ནི་ལྷ་སྐུ་དང་ཆོས་སྤྱོད་ཀྱི་ཕྱག་ཆ་སྣ་ཚོགས་ཞིག་རེད།

  ཚེ་རིང་ཕུན་ཚོགས་ལགས་ཀྱིས་འདི་རུ་ཞི་དུལ་གྱི་ཆོས་དཔེ་ལ་གཟིགས་བཞིན། འཁྲིས་སུ་དྲི་ཞིམ་བོད་སྤོས་ཀྱི་དྲི་ངད་ཞིག་བར་སྣང་ལ་ཁྱབ་ཞིང་། མི་སུ་ཡིན་ཡང་དབང་མེད་དུ་སྣང་བ་འགྱུ་ཞིང་ནང་དུ་སླེབས་པ་དང་འབྱིན་རྔུབ་ཀྱི་དབུགས་ཅིག་གཏོང་དགོས་འདུག

  འབྲི་གུང་བོད་སྤོས་ནི་གཟབ་ནན་གྱི་ལག་ཤེས་གོ་རིམ་དང་། ཐུན་མིན་གྱི་སྦྱོར་སྡེ་སྟེ་སྲོག་ཆགས་སྨན་རྫས་རྐང་གཅིག་ཀྱང་མེད་པར་སྐྱེས་དངོས་སྦྱོར་སྡེ་ལས་གྲུབ་ཅིང་། སྨན་སྤོས་འདིས་རིམས་སེལ་གདོན་འགོག མིའི་གཟུགས་པོའི་འདོར་སྙིགས་བཅུད་ལེན། གནོད་འགོག་སྟོབས་བསྐྱེད། ཁམས་གསོ་བཅུད་ལེན། ནད་འབུ་རིམས་ཆམ་སོགས་འགོག་པའི་ནུས་པ་ལྡན་ཡོད། ཅེས་ཚེ་རིང་ཕུན་ཚོགས་ལགས་ནས་མིག་ཟུང་ལས་ཞི་དུལ་བག་ཡོད་ཀྱི་མདངས་ཞིག་འཚེར་ལ། བབ་ཆགས་ཀྱིས་ངང་འདི་ལྟར་བཤད་བྱུང་། ཁོང་ནི་རྒྱ་སྐད་ལ་ཆག་ཐོགས་བྲལ་བ་ཞིག་མིན་ཀྱང་། འབྲི་གུང་སྨན་སྤོས་སྐོར་གྱི་སྐད་ཆ་ལབ་ན་རྫོགས་མཐའ་བྲལ་བ་ཞིག་རེད། 

  ཁོང་གིས། རང་ཉིད་ཆུང་དུས་སུ་སྤྲུལ་སྐུར་ཐུགས་དག་བཅད་དེ་གཙིག་ཕུད་བཞེས་རྗེས། སློབ་དཔོན་གྱི་མདུན་དུ་བསླབ་གནས་མང་པོར་སྦྱངས་དགོས་ལ། ནང་ཆོས་ལས་གཞན་རི་མོ་དང་། ཞལ་འབག་བཟོ་བ། ཕྱག་ཆ་སྣ་ཚོགས། ཆུང་དུས་ནས་བོད་སྤོས་བཟོ་བར་རང་ཉིད་ལ་བག་ཆགས་བཟང་པོ་བྱུང་། དེང་སྐབས་ད་རུང་སྔོན་མའི་གོ་རིམ་མང་ཆེ་བ་སེམས་ངོགས་སུ་གསལ་ལྷང་ངེར་དྲན་བཞིན་འདུག

  འབྲི་གུང་སྨན་སྤོས་ནི་ཆེས་ཐོག་མར་བྱུང་ས་ནི་མལ་དྲོ་གུང་དཀར་རྨམ་པ་ཤང་གི་འབྲི་གུང་མཐིལ་དགོན་པ་རེད། བཞེད་ཚུལ་ལ། འབྲི་གུང་བཀའ་བརྒྱུད་ཀྱི་སྲོལ་འབྱེད་པ་འབྲི་གུང་སྐྱོབ་པ་གསུམ་མགོན་༼༡༡༤༢ནས་༡༢༡༧༽རྟོགས་པ་རྙེད་རྗེས་སུ། མདོ་སྔགས་ཆོས་འཁོར་མང་པོ་བསྐོར་བ་དང་། ཕྱག་རྒྱ་ཆེན་པོའི་ལྔ་སྦྱོར་དང་ཡན་ལག་བདུན་པ་སོགས་གཞུང་བརྩམས་པ་རེད། ཡན་ལག་བདུན་པའི་ནང་དུ་མཆོད་པའི་སྐོར་ནི་གལ་ཆེན་དུ་གསུངས་པ་དང་བདུག་སྤོས་ཀྱི་མཚོན་པའི་མཆོད་པའི་དགེ་མཚན་གང་མང་གསུངས་ཡོད་པ་རེད། རྗེས་སུ་མདོ་སྔགས་རིག་གནས་དང་གསོ་རིག་ལ་མཁས་པའི་དམ་པ་མང་པོས་རྒྱུད་འཛིན་འཕེལ་རྒྱས་གང་ལེགས་སུ་བཏང་བ་རེད། དེ་ལྟར་གཟབ་ནན་གྱིས་སྤོས་སྦྱོར་གོ་རིམ་ཆ་ཚང་བ་དང་། ཐུན་མིན་གྱི་རབ་གནས་བྱིན་འབེབས་སོགས་ཀྱི་ཁྱད་ཆོས་མངོན་པར་ལྡན་ཡོད།

 

                      བཟོས་ཚར་ཞིང་བསྒྲོན་བཞིན་པའི་འབྲི་གུང་བོད་སྤོས། 

  སྔོན་རབས་པའི་བློ་གྲོས་ཀྱི་རྩལ་ལས་བྱུང་ཞིང་། འབྲི་གུང་སྨན་སྤོས་བཟོ་རྩལ་ཚན་རིག་དང་མཐུན་པའི་གྲུབ་ཆ་ཕུན་སུམ་ཚོགས་པ་རེད། འདི་ནི་རིན་ཆེན་གྱི་ལོ་རྒྱུས་ཤུལ་བཞག་ཞིག་དང་། དུས་ཡུན་རིང་པོར་ལས་བསྣོན་གང་ལེགས་བྱས་པ་རེད།གོ་རིམ་གཉིས་པ་ནི། འཐུ་སྒྲུབ་ཚར་བའི་སྔོ་སྨན་རྒྱུ་ཆ་དག་ལག་བརྡུང་གིས་ཞིབ་ཞིབ་བཟོས་སྟེ། སྐམ་གསེད་དུག་འདོན་བྱེད་དགོས། སྦྱོར་བཟོ་བྱེད་སྐབས་ལག་པ་གཙང་མར་བཀྲུ་བ་དང་སྣོད་ཆས་ཐ་དག་གཙང་མར་བཟོ་དགོས། གཅིག་ནས་སྤོས་སྦྱོར་གྱི་རྒྱུ་སྤུས་ཁེག་ཐེག་དང་། གཙོ་བོ་ཀུན་སློང་གཙང་མ་རང་སེམས་ལ་ཉོན་མོངས་སོགས་ཀྱི་དྲི་མ་བྲལ་བར་མེ་ལོང་ལྟར་ཕྱི་གསལ་ནང་གསལ་ཞིག་དགོས་པ་ཡིན།གོ་རིམ་གསུམ་པ་ནི། བསིལ་སྐམ་ཚར་བའི་སྨན་ཕྱེ་ཡང་སྐྱར་ཆུ་རུ་བསྙལ་ཏེ་དགུན་ཁར་ཉིན་བདུན་ཙམ་ལ་འཇོག་དགོས། དབྱར་ཁ་དུས་ཡུན་ཐུང་ངུ་ཙམ་གྱིས་ཆོག དང་པོ་དག་གཙང་དང་དད་སེམས་འབྱུང་བར་ཆུ་ལའང་དགེ་སློང་སོགས་གྱིས་རབ་གནས་དང་བྱིན་རླབས་བྱེད་དགོས་པ་རེད། 

  གོ་རིམ་དང་པོ་ནི་རི་སྒང་དུ་ཕྱིན་སྟེ་སྨན་རྒྱུ་སྣ་ཚོགས་འཐུ་སྒྲིག་དང་། སྨན་སྤོས་ལ་ཆོས་ལུགས་ཀྱི་ཆོ་ག་ལྟར་ཤིན་ཏུ་གཙང་མར་སྒྲུབ་དགོས་པ་གཙོ་གནད་ཅིག་རེད། དེ་མིན་དཀོན་མཆོག་མཉེས་པའི་མཆོད་པར་མི་འགྲོ་བ་རེད། དུས་རྒྱུན་གྱི་སྤོས་སྦྱོར་ནང་དུ་ནཱ་གི་སྦྱོར་བཞིན་ཡོད་ཀྱང་། འདི་རུ་སེམས་ཅན་གྱི་སྨན་རྫས་དྲི་མ་དང་བྲལ་བའི་སྤོས་སྦྱོར་གཙང་མ་ཞིག་ཡིན། མི་ཚང་མས་དེ་ལྟར་བསྔགས་བཞིན་ཡོད།

  

  

  དེ་ལྟར་གྲུབ་རྗེས་རེང་བུ་བཟོ་བའི་སྔོན་ལ་རང་བྱུང་གི་འབྱར་རྩི་སྦྱར་སྟེ་རྡོ་ལེབ་སྟེང་རེང་བུ་རེ་རེ་བཞིན་ལག་བཟོ་བྱེད་དགོས། འདི་དག་ནི་བོད་སྤོས་བཟོ་བའི་གཙོ་གནད་དུ་གྱུར་བའི་གོ་རིམ་དག་རེད། རེང་བུ་བཟོ་སྐབས་སྤུས་དག་འབྱུང་མིན་ནི་ལག་ཤེས་པ་ནན་ཏན་དང་ཞིབ་ཚགས་ཡིན་མིན་ལ་རག་ལས།

  ཆེས་མཐའ་མཇུག་ཏུ་སྐམ་གསེད་བྱེད་པ་དེ་ལ་གཙོ་བོར་བསིལ་སྐམ་བྱེད་དགོས་པ་རེད། བསིལ་སྐམ་གྱི་དུས་ཡུན་རིང་དྲག་པ་མ་ཡིན་པར་ཉི་འོད་དང་དྲོད་ཚད་རན་པར་བྱེད་དགོས། འདི་ལྟར་སྨན་སྤོས་བཟོ་བའི་གོ་རིམ་དང་ལྡན་པར་བརླན་བཤེར་ཉུང་ངུར་ཆགས་པ་དང་སླད་མེད་ཀྱི་དྲི་ངད་ལྡན་པ་ཞིག་འབྱུང་ངེས།

  འདི་ལྟར་སྟབས་བདེ་ཡི་བོད་སྤོས་འདིར། མི་འབོར་ཁྲི་འབུམ་གྱི་བསྟོད་བསྔགས་ཕུལ་སར་གྱུར། འདི་ཡིས་འཛམ་གླིང་ཧྲིལ་པོ་ལས་ཆེས་དྭངས་གཙང་གི་ཉི་འོད་རྔུབ་ལེན་དང་། འབྱུང་བཞི་བསྡུས་པའི་མཐོ་སྒང་གི་དྭངས་གཙང་སྨན་སྤོས་སྟེ། དུ་བ་ལང་ལོང་དུ་གཡོ་ཞིང་དྲི་ངད་ཞིམ་པོ་འཐུལ་བའི་བོད་མིའི་དད་མོས་དང་ལྷག་སེམས་མཚོན་འདུག

  ཚེ་རིང་ཕུན་ཚོགས་ལགས་ཀྱི་དྲན་ངོགས་སུ། སྔོན་མར་སྤོས་སྦྱོར་ལག་རྩལ་འདི་ཉམས་ཆུང་དང་རྒྱུན་ཆད་ཀྱི་ཚོར་བ་བྱུང་། སྔོན་མར་འབྲི་གུང་སྨན་སྤོས་ཞེས་དར་ཁྱབ་ཆེན་པོ་མེད་པ་དང་། འབྲི་གུང་དགོན་པའི་ཆོས་སྤྱོད་ཀྱི་སྐབས་སུ་བེད་སྤྱོད་དང་། དེ་མིན་ཐག་ཉེ་ས་གནས་ཁ་ཤས་ལས་ཤེས་ཚོར་ཡོད་པ་མ་རེད། ཤིན་ཏུ་ནས་སྟབས་བདེ་ཡིན་ལ་བཟོ་མཁན་ཡང་རེ་གཉིས་ལས་མེད། སྐབས་དེར་གྲྭ་བ་རེ་གཉིས་ཀྱིས་མ་གཏོགས་བཟོ་མི་ཤེས་ལ། ད་ལྟ་ཁོང་ཅག་ཚང་མ་དགོངས་པ་རྫོགས་ཚར་བ་རེད།འོན་ཏེ་རྒྱུ་རྐྱེན་གང་མང་ཞིག་གིས། ༡༩༥༩ལོར་ཚེ་རིང་ཕུན་ཚོགས་ལགས་སྐྱ་སར་བབས་པ་དང་། དགོན་པ་ལས་ཐོན་ཏེ་སློབ་གྲྭར་ཞུགས་པ་དང་། ལས་ཞུགས། ཁྱིམ་ཚང་སྐྱོང་བ་སོགས་ཀྱི་འཚོ་བ་རོལ་དགོས་བྱུང་། ཡིན་ནའང་ཁོང་གི་དྲན་ངོགས་སུ་ནམ་ཡང་བརྗེད་ཐབས་མེད་པ་ནི་དགོན་པའི་འཚོ་བ་ལས་སྨན་སྤོས་སོགས་ཡིད་ལ་ཆགས་ཡོད་པ་དེ་རེད། རིག་གསར་གྱི་རྐྱེན་པས། སྔོན་མའི་འབྲི་གུང་བོད་སྤོས་ཀྱི་སྦྱོར་སྡེ་དང་ལག་རྩལ་པ་ཤིན་ཏུ་ཉུང་ངུར་ཆགས། སྨན་རྒྱུ་ཁ་ཤས་ཀྱང་དཀོན་པོར་ཡོད་པས་འབྲི་གུང་བོད་སྤོས་ཀྱི་ལག་ཤེས་སྒྱུ་རྩལ་རྒྱུན་ཆད་ལ་ཉེ་བའི་ཉེན་ཁ་བྱུང་བ་རེད།  མིག་གིས་རིག་ནའང་། སེམས་ལ་འཚེར་བས། ཚེ་རིང་ཕུན་ཚོགས་ཉིན་རྒྱུན་སེམས་ཁྲེལ་ཆེན་པོར་གྱུར། ༡༩༩༨ལོར་ལས་འཁྱུར་ངལ་གསོ་ལ་སྒུག་རྗེས། སྤུན་ཟླ་དང་ཁྱིམ་མིའི་བཀག་འགོག་དང་། ཁོང་གི་གཟུགས་པོ་མི་བདེ་བར་མ་ལྟོས་པར་འབྲི་གུང་སྨན་སྤོས་བཟོ་བར་ཕྱོགས་བཞི་མཚམས་བརྒྱད་ལ་རྒྱུགས་པ་རེད། 

  

 

 

  དེ་བས། སྐབས་དེར་དགོན་པའི་ནང་དུ་ཁོ་རང་ལོ་ན་ཆུང་བ་དང་། ལོ་ངོ་མང་པོ་ཕྱིན་ཚར་བས་སྨན་སྤོས་བཟོ་ཚུལ་ཡང་རབ་རིབ་ཙམ་ལས་ངེས་ཤེས་གསལ་པོ་བྱུང་མི་འདུག ཚེ་རིང་ཕུན་ཚོགས་ལགས་ནས་དཔེ་དེབ་ཀློག་པ་དང་། འབྲེལ་ཡོད་དག་ལ་བཀའ་འདྲི་གང་མང་གནང་སྟེ། ༢༠༠༡ལོར་ལྷ་རི་རྫོང་སྨན་ཁང་གི་འགན་ཁུར་མི་སྣ་ག་གེ་མོ་དང་མཉམ་འབྲེལ་བྱས་ཤིང་སྨན་རྒྱུ་གང་མང་དང་། ལག་རྩལ་མི་སྣ། སྒྲིག་འཛུགས་ཆ་རྐྱེན་སོགས་བེད་སྤྱད་དེ་ཐེངས་མང་པོར་ཚོད་ལྟ་བྱས་པ་བརྒྱུད་ལེགས་གྲུབ་བྱུང་བ་རེད། 

    བུ་སྐྱེས་ན་གནམ་གྱིས་མི་འགོག་པའི་དཔེ་ལྟར། ལོ་མང་གི་འབད་བརྩོན་ལ་བརྟེན་ནས་ཚེ་རིང་ཕུན་ཚོགས་ལགས་ཀྱིས་འབྲི་གུང་བོད་སྤོས་ཀྱི་སྦྱོར་སྒྲིག་དང་ལག་ཤེས་བྱང་ཆུབ་པ་བཅས་དངོས་ཟོང་དུ་འགྲེམས་པའི་དབུ་བརྩམས་པ་རེད།  

  ཚོང་རྭ་ཅན་དུ་འགྱུར་བ་ནི་རྣམ་པ་ཧ་ཅང་རྒྱ་ཆེ་ལ། འབྲི་གུང་བོད་སྤོས་ཀྱི་རྒྱུན་འཛིན་མ་ཉམས་པར་དར་སྤེལ་གྱི་ཐབས་ཤེས་བཟང་པོ་ཞིག་ནི་ཚོང་རྭའི་ལམ་བུ་ལ་ཞུགས་དགོས་པ་དེ་རེད། འདི་ལྟར་བསམ་གཞིག་གིས། ཁོང་གིས་རང་ཉིད་ཀྱི་ལོ་མང་གསོག་པའི་མ་དངུལ་ཡོད་ཚད་བཏང་སྟེ། ༢༠༠༧ལོར་བོད་ལྗོངས་འབྲི་གུང་རིག་གནས་སྒྱུ་རྩལ་ཞབས་ཞུ་ཚད་ཡོད་ཀུང་སི་དངོས་སུ་ཚུགས་ཤིང་། འབྲི་གུང་བོད་སྤོས་རྒྱུན་འཛིན་ནི་དེ་ཡི་གྲུབ་ཆའི་ལས་རིགས་གཙོ་གནད་ཞིག་ཡིན།ཚེ་རིང་ཕུན་ཚོགས་རང་ཉིད་ཀྱི་འབད་བརྩོན་ལས་གཞན། རྒྱ་ཆེ་བའི་རྒྱལ་ཁབ་ཀྱི་ལམ་ཕྱོགས་དངོས་སུ་བརྒྱུད་དེ། ༢༠༠༦ལོར་ཀྲུང་གོར་མངོན་མེད་རིག་དངོས་ཤུལ་བཞག་རྒྱུད་འཛིན་ཐོ་འགོད་ཀྱི་ལས་ཀ་དབུ་ཚུགས་ཤིང་། འདི་ལོར་རིན་བྲལ་ཀྱི་རིག་དངོས་ཤུལ་བཞག་གང་མང་ཞིག་རྒྱལ་ཁབ་ཀྱི་མིང་ཐོར་ཚུད་པ་དང་། དེ་ལ་རྒྱལ་ཁབ་ནས་སྲུང་སྐྱོབ་བྱེད་པ་རེད། ༢༠༠༨ལོའི་ཟླ་༦པར། བོད་སྤོས་ལག་ཤེས་བཟོ་རྩལ་རྒྱལ་ཁབ་རིམ་པའི་མངོན་མེད་ཤུལ་བཞག་རིག་དངོས་སུ་ཚུད་པའི་མིང་ཐོ་རུ། ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་འབྲི་གུང་བོད་སྤོས་ནི་རྒྱལ་ཁབ་རིམ་པའི་གཙོ་གནད་སྲུང་སྐྱོབ་མངོན་མེད་ཤུལ་བཞག་གྱི་རྣམ་གྲངས་ཤིག་རེད། ཚེ་རིང་ཕུན་ཚོགས་ནི་འབྲི་གུང་བོད་སྤོས་ཀྱི་རྒྱུད་འཛིན་ངོ་མ་སྟེ། རྒྱལ་ཁབ་རིམ་པའི་ལག་ཤེས་སྒྱུ་རྩལ་གྱི་རྒྱུད་འཛིན་པ་ཆགས་པ་རེད། 

  

  བོད་སྤོས་ནི་སྔ་རབས་པའི་ཤེས་རབ་ཀྱི་ཉིང་བཅུད་དང་། རྒྱལ་ཁབ་ཀྱིས་གལ་ཆེན་རམ་འདེགས་ལ་བརྟེན་ནས། ང་ཚོར་འབྲི་གུང་བོད་སྤོས་འདི་ལྟར་དར་སྤེལ་བྱུང་བ་རེད། ཅེས་དང་། དེང་སྐབས་སྲིད་གཞུང་གིས་མ་དངུལ་རྒྱབ་སྐྱོར་འོག་དུ། ཚེ་རིང་ཕུན་ཚོགས་ལགས་ནས་མལ་དྲོ་གུང་དཀར་རྫོང་དང་ལྷ་ས་གྲོང་ཁྱེར་གཉིས་སུ་བོད་སྤོས་བཟོ་ས་ཚུགས་ཡོད་པ་རེད། ལོ་རེར་བོད་སྤོས་ཏུང་གཉིས་ལྷག་བཟོ་བཞིན་ལ། བོད་ལྗོངས་སུ་འགྲེམས་ཚོང་ལས་གཞན་པེ་ཅིང་དང་། ཧྲང་ཧེ། ཐེ་ཝན་བཅས་སུ་འགྲོ་བཞིན་ཡོད། 

    གསར་འགོད་པ་ཚེ་རིང་ཕུན་ཚོགས་ལགས་དང་སྡེབ་ནས་ལྷ་སའི་གཙང་འགྲམ་གྱི་ཚེ་མཆོག་གླིང་གྲོང་གསེབ་གྱི་སྨན་སྤོས་བཟོ་སར་སླེབས། དོན་དངོས་སུ་ཁོང་གིས་ཁང་པ་གླས་ས་ནི་ཁྱིམ་གཞིས་ཆུང་ཆུང་ཞིག་རེད། ལས་བཟོ་བ་ལྔ་དྲུག་ཙམ་ལས་ཀ་ལ་བྲེལ་བཞིན་འདུག སྨན་སྤོས་རྒྱུ་ཆ་དག་གྲུ་ཟུར་དག་ན་ཕུང་པོར་རྩིགས་ཤིང་། སྣ་ལམ་དུ་དྲི་བཟང་ཞིམ་པོ་ཞིག་བར་མེད་ཁྱབ་བཞིན་འདུག ཚེ་རིང་ཕུན་ཚོགས་ཀྱིས་བཤད་རྒྱུར། འབྲི་གུང་བོད་སྤོས་ལ་སྔོ་སྨན་སོགས་སྨན་སྣ་༡༤༠ལས་གྲུབ་པ་ཡིན་ལ། སྤོས་རིགས་མི་འདྲ་༣༠དག་ཡོད། སྙིང་ཁམས་བདེ་བསྲུང་དང་། ནད་རིམས་འགོག་པ་དང་། སྲིན་འཇོམས་དུག་སེལ་བྱེད་པ། མཁའ་དབུགས་གཙང་མ་བཟོ་བའི་ནུས་པ་ལྡན། འདས་ལོར་ས་སིའི་གློ་ཚད་དང་རིམས་ཆམ་གྱི་སྐབས་སུ་མི་མང་པོ་ཞིག་གིས་བོད་སྤོས་ཀྱིས་དུག་སེལ་བྱེད་བཞིན་ལ། འདི་རུ་བོད་སྨན་གྱི་གྲུབ་ཆ་མང་པོ་ལྡན་པས་ནུས་པ་མངོན་གསལ་རེད། ༢༠༡༠ལོར་འབྲི་གུང་བོད་སྤོས་བོད་ལྗོངས་སྨན་སྤོས་ཀྱི་ཚབ་མཚོན་ཉག་གཅིག་བྱས་ཤིང་མངོན་མེད་ཤུལ་བཞག་རིག་དངོས་བཤམས་སྟོན་ཚོགས་འདུ་རུ་བྱ་དགའི་གཟེངས་བསྟོད་ཟངས་ཀྱི་རྟགས་མ་རག་པ་རེད།  

  ཚེ་རིང་ཕུན་ཚོགས་ལགས་ནས།ཉེ་བའི་ལོ་འདི་ཚོར། རྒྱལ་ཁབ་ཀྱིས་མངོན་མེད་ཤུལ་བཞག་རིག་དངོས་ལ་སྲུང་སྐྱོབ་གཙོ་གནད་དུ་བཟུང་པ་དང་། དམངས་ཁྲོད་དུའང་བོད་སྤོས་ལག་ཤེས་རྒྱུད་འཛིན་གལ་ཆེན་དུ་མཐོང་སྟེ། མི་མང་པོ་ཞིག་གིས་སློབ་སྦྱོང་དང་བོད་སྤོས་ལས་བསྣོན་བྱེད་བཞིན་མཆིས། ཁོང་གིས་བརྒྱུད་སྤེལ་བྱས་སྟེ། ལྗོངས་ཡོངས་སུ་ཁོང་གི་ལག་ཤེས་འབྲི་གུང་བོད་སྤོས་བཟོ་ཤེས་པ་མི་༧ཙམ་ཡོད། སྔ་རབས་པའི་བརྒྱུད་པའི་ལག་ཤེས་སྒྱུ་རྩལ་འདི་རྒྱ་ཆེར་དར་བར་ཚེ་རིང་ཕུན་ཚོགས་ལགས་སྤྲོ་སེམས་གྱིས་ཁེངས་འདུག

  འོན་ཏེ། མ་འོངས་བའི་འཕེལ་རྒྱས་ཀྱི་ཕྱོགས་ལ། ཚེ་རིང་ཕུན་ཚོགས་ཀྱི་སྐད་ཆ་ལས་ཁོང་གིས་སེམས་ཁྲེལ་བྱེད་བཞིན་པ་རྟོགས་འོངས། ཁོང་གིས། འབྲི་གུང་བོད་སྤོས་འཇིག་རྟེན་ཅན་དང་། དམངས་ཁྲོད་ཅན། ཚོང་རྭ་ཅན་དུ་གྱུར་བར་འབྲི་གུང་བོད་སྤོས་ཀྱི་རྒྱུན་འཛིན་ལ་ནུས་བླ་པ་ལྷག་ཐོན་སྟེ། དོན་དངོས་སུ་ས་དར་རྡོ་དར་བྱུང་། ཡིན་ནའང་བོད་སྤོས་རྒྱུ་ཆ་རིན་ཐང་ཆེ་བ། ལག་ཤེས་པ་མང་པོ་བྱུང་བ་དང་མ་རྩ་མཐོ་རུ་འཕར་ན་ཚོང་རྭའི་འགྲེམས་སྤེལ་ཁེག་པོ་དང་། ཕལ་ཆེར་ལོ་རེར་དོ་མཉམ་གྱི་རྣམ་པ་ལྟ་བུ་དང་། སྐབས་རེར་ཁ་ཤ་བཅད་དེ་སྣ་ཤ་ལ་བསྣན་དགོས་པ་ལྟ་བུའ་ཆགས་རྒྱུ་རེད། གཞན་རྒྱུད་འཛིན་པ་གདམས་གསེས་ནི་ཤིན་ཏུ་ནས་གལ་ཆེན་ཞིག་ཆགས་ཡོད་ཅིང་། ངེས་པར་དུ་བོད་སྤོས་ལ་དགའ་བས་མི་ཚད་མིག་སྔར་དཔལ་འབྱོར་གྱི་ཁེ་ཕན་མི་སེམས་པ་ཞིག་དགོས་པ་རེད།

  ཉི་མ་ནུབ་རི་ལ་འདས་ཤིང་། ཚེ་རིང་ཕུན་ཚོགས་ཀྱི་བཅར་འདྲི་ཡོངས་སུ་མཇུག་འདྲིལ་བ་ཡིན།

  གསར་འགོད་པའི་ལྟ་ཞིབ། 

 

  

ཚེ་རིང་ཕུན་ཚོགས་གིས་ངེས་ཤེས་ལ། རྒྱལ་ཁབ་ཀྱི་རམ་འདེགས་སྲུང་སྐྱོབ་འོག འབྲི་གུང་བོད་སྤོས་འཇིག་རྟེན་ཅན། དམངས་ཁྲོད་ཅན། ཚོང་རྭ་ཅན་དུ་གྱུར་བས་རྒྱུད་འཛིན་ལ་ནུས་པ་བླ་ལྷག་ཐོན་བཞིན་འདུག བོད་སྤོས་ཐོན་དངོས་ཀྱི་རྣམ་པར་རང་ཉིད་ཀྱི་གདམས་གསེས་ནི་མུ་མཐུད་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དགོས་པ་དེ་རེད། ཀུན་གྱི་ཤེས་གསལ་ལྟར་བོད་སྤོས་ཀྱི་ཐུན་མིན་ཁྱད་ཆོས་ནི། ལག་པས་ལས་སྣོན་དང་། གཙོ་བོ་ནི་རང་བྱུང་གི་སྨན་རྒྱུ་ལས་གྲུབ་པ། ཕལ་ཆེ་བ་མདོ་དབུས་མཐོ་སྒང་གི་སྔོ་རྩི་ཐང་གསུམ་ལས་གྲུབ་པ་བཅས་རེད། རྒྱུན་རིང་དུ་སྨན་རྩ་འཐུ་སྒྲིག་སོགས་རང་བྱུང་ཁོར་ཡུག་ལ་གནོད་ཚབས་སོགས་འབྲེལ་ཡོད་ལས་ཁུང་དག་ནས་འགན་ལེན་དང་ལག་བསྟར་བརྒྱུད་སྣེ་ཁྲིད་བྱེད་དགོས་པ་དང་། བོད་སྤོས་ནི་རང་ཉིད་ཀྱི་ལམ་བུར་ནམ་ཡིན་རུང་བདེ་ལེགས་སུ་ཞུགས་པར་འདོད་དོ།

  

  

   

 
<