རིན་ཆེན་ལགས་ཀྱི་སྨན་པ་བྱེད་འདོད་ཀྱི་རྨི་ལམ།

2016-09-30
  
རིན་ཆེན་ལགས་ནས་ས་གནས་མང་ཚོགས་ལ་ལག་རྩ་གཟིགས་བཞིན་པ།

  ཕ་བོང་ཆེན་པོ་ཞིག་གཙང་པོ་ལས་གཙང་འགྲམ་དུ་བཏོན་པ་ཇི་བཞིན།རྡོ་ཆེན་པོ་དེ་བསམ་ཡས་གྲོང་རྡལ་གྱི་རྒྱ་ལམ་བཞི་མདོར་ཡོད་ལ། དེ་སྟེང་དུ་བསམ་ཡས་དགོན་པའི་ལོ་རྒྱུས་སྙིང་བསྡུས་བརྐོས་འདུག 

  ཕ་བོང་ཆེན་པོ་དེ་ནས་གོམ་པ་འགའ་སྤོས་ན་གསར་དུ་བརྒྱབ་པའི་ཁང་པ་ཉིས་བརྩེགས་ཆེན་མོ་ཞིག་མཐོང་།སྒོ་བསྟེན་སྨན་བཅོས་ཁང་དང་ཟ་ཁང་གཉིས་མཉམ་པོར་རྒྱ་ལམ་དུ་སྒོ་གཏད་འདུག་ལ།དེ་ནི་བཅར་འདྲི་བྱེད་སའི་རིན་ཆེན་ལགས་ཀྱི་གཞིས་ཀ་རེད། 

  རིན་ཆེན་ལགས་ནི་ད་ལྟ་ལོ་ན་༤༢སླེབས་ཤིང་།ཁྱིམ་མི་༣འདུག བོད་སྨན་སྒོ་བསྟེན་ཁང་ནི་༢༠༠༩ལོའི་ཟླ་༦པའི་ཚེས༡༢ལ་ལས་གཉེར་བྱས་ཤིང་། དུས་ཡུན་ཅུང་ཟད་ལས་མ་འགོར་ཀྱང་།འོན་ཏེ་ཁོང་རང་གི་བོད་སྨན་ལག་ལེན་གྱི་ལོ་རྒྱུས་ནི་ཕྱིར་དྲན་བྱས་ན་༡༩༨༨ལོ་ནས་རེད། 

  དང་ཐོག་བོད་སྨན་སྦྱངས་དུས་རིན་ཆེན་ལགས་བསམ་ཡས་དགོན་པའི་གྲྭ་བ་ཡིན་ལ། བོད་ལྗོངས་སྨན་རྩིས་ཁང་དུ་ཟུར་ཞུགས་ཀྱིས་ལོ་ངོ་བཞི་ལ་སྦྱངས་བརྩོན་བྱས། 

  ༡༩༩༡ལོར་སློབ་མཐར་ཕྱིན་ཏེ་ཕྱིར་བསམ་ཡས་དགོན་པར་ལོག་ཅིང་།བསམ་ཡས་དགོན་པའི་སྒོ་བསྟེན་སྨན་བཅོས་ཁང་ཕྱེས། སྒོ་བསྟེན་ཁང་ཆུང་ཆུང་ཞིག་ལས་གྲྭ་བ་དང་མང་ཚོགས་ལ་སྨན་བཅོས་བྱས་ཤིང་། རང་ཉིད་ལའང་ཉམས་མྱོང་བསགས་པའི་གོ་སྐབས་ཐོབ།མིག་རྡེབ་ཙམ་ལ་ལོ་ངོ་ལྔ་ཕྱིན་ཅིང་།རིན་ཆེན་ལགས་ཀྱི་མི་ཚེ་ཡི་དཀྱོག་མཚམས་ཞིག་སྟེ་ཁོ་རང་སྐྱ་སར་བབས་པ་རེད། རིག་འཛིན་དབང་མོ་དང་མཉམ་དུ་བདེ་སྐྱིད་ཀྱི་ཁྱིམ་གཞི་ཟིན་པ་རེད། 

  ངེད་གཉིས་ཕན་ཚུན་ལ་བརྩེ་དུང་ཟབ་ཅིང་ལག་སྟོང་ཆན་སྟོང་གིས་ཁྱིམ་གཞི་འདི་སྒྲིགས་པ་ཡིན། ཕྱིར་དྲན་བྱས་ན་དང་ཐོག་ཁྱིམ་གཞི་བསྐྲུན་སྐབས། རིན་ཆེན་ལགས་ཀྱིས།སྐབས་དེར་རང་ཉིད་ཀྱི་ལག་པར་སྒོར་༥༠༠ཙམ་ཡང་ཡོད་པ་མ་རེད།འཚོ་བའི་དཀའ་ངལ་གྱིས་རང་གི་བོད་སྨན་ལག་ཤེས་ལ་བརྟེན་ནས་འཚོ་བའི་དཀའ་ངལ་སེལ་ཐབས་དང་ཁྱིམ་ཚང་སྐྱོང་བ་ནི་རིན་ཆེན་བཟའ་མི་ཡོངས་ཀྱི་རེ་བ་ཉག་གཅིག་རེད། 

  གྲོགས་པོ་དག་ལ་སྒོར་མོ་བསྐྱི་གཡར་དང་། ཨ་ཅེ་དང་མག་པ་སོགས་ལ་སྒོར་མོ་གཡར་བར་མི་འཚམས་ཞིང་།རིན་ཆེན་ལགས་ཀྱི་བསམ་པར། སྣ་འཛོམས་ཚོང་ཁང་ཞིག་འཛུགས་པར་སྒོར་༨༨༠༠༠གཡར་བསྐྱི་བྱས་ཤིང་། གྲངས་་འདི་ནི་བཀྲ་ཤིས་པ་ཞིག་རེད་ཨང་། 

  ལས་ཀ་འདི་གསོ་རིག་དང་འབྲེལ་བ་མེད་ནའང་།འོན་ཏེ་རིན་ཆེན་ལགས་ཀྱི་བོད་སྨན་གྱི་ཕུགས་འདུན་ནམ་ཡང་དོར་མེད། ༡༩༩༩ལོར་ཁོང་གིས་སྨན་པའི་ཐོབ་ཐང་ལག་ཁྱེར་གྱི་རྒྱུགས་ཚད་བླངས་ཐུབ་སོང་། རིན་ཆེན་གྱིས་རང་ཉིད་ཀྱི་གསོ་རིག་ལ་འབད་བརྩོན་གནང་ཞིང་། ཆེད་ལས་འདི་བཏང་ཚར་ན་ཕངས་སེམས་སྐྱེས་དགོས་པ་ཞིག་རེད། རང་ཉིད་ཀྱི་གསོ་རིག་ཤེས་ཡོན་ཀྱང་མི་དམན་པ་ཡོད་ལ། རེ་བ་ཉག་གཅིག་འདི་བཟུང་སྟེ་བོད་སྨན་ལ་སློབ་གཉེར་དང་འབད་བརྩོན་བྱས། 

  ༢༠༠༣ལོར། ཏང་གི་ཚོགས་ཆེན་བཅུ་དྲུག་པ་ཚོགས་རྗེས་ཀྱི་ལོ་དེར། ལྗོངས་ཡོངས་ནས་ས་གནས་གཞི་རིམ་འཛུགས་སྐྲུན་སྒྲིག་གཞི་གང་ལེགས་བྱས་ཤིང་། གོ་སྐབས་འདི་ལ་བརྟེན་ནས་རིན་ཆེན་ལགས་ཀྱི་མོ་ཊ་ཆེན་པོ་ཞིག་ཉོས་ཤིང་སྐྱེལ་འདྲེན་ཚོང་གཉེར་བྱས། ཕྱོགས་བཞི་མཚམས་བརྒྱད་ཀྱི་འཛུགས་སྐྲུན་ལ་རྒྱུགས་ཤིང་ཁོང་གི་ཡོང་འབབ་ཀྱང་མི་དམན་པ་བྱུང་། རླངས་འཁོར་གཏོང་བཞིན་དུ་ཁོང་གི་ཕུགས་འདུན་ནི་རྒྱུན་པར་ཡིད་ལ་བཅངས་ཤིང་གསོ་རིག་རྒྱུད་བཞི་ནི་ཁོང་དང་འབྲལ་མེད་དུ་རླངས་འཁོར་མགོ་ཁུངས་སུ་ཉར་འདུག རང་ཉིད་ལ་ཁོམ་གསེང་ནམ་ཡོད་དུ་བལྟ་ཀློག་བྱེད་པ་རེད། རླངས་འཁོར་ནི་སུས་ཀྱང་བཏང་ཆོག་ལ་སྨན་པ་ནི་མི་ཐམས་ཅད་ཀྱིས་མི་འཇོན་སྟེ། རིན་ཆེན་ལགས་ཀྱི་ཕུགས་འདུན་དེ་ཉིན་ཞིག་ལ་ལེགས་གྲུབ་ཡོང་བར་སྤོབས་པས་ཁེངས། 

  ཕུགས་འདུན་དེ་ཡིད་ལ་དམིགས་སྟེ། ༢༠༠༩ལོར་རིན་ཆེན་ལགས་ནས་སྐྱེལ་འདྲེན་ལས་ཀ་མཚམས་བཞག་ཅིང་རང་ཉིད་ཀྱི་སྨན་བཅོས་སྒོ་བསྟེན་ཁང་བཙུགས། སློབ་སྦྱོང་བྱེད་སྐབས་མཁས་དབང་བྱམས་པ་འཕྲིན་ལས་མཆོག་གི་མདུན་ནས་ཞལ་མཇལ་གསུང་ཐོས་ཀྱི་སྐལ་བཟང་ཐོབ། འདི་ང་ཚོའི་བསོད་ནམས་ཞིག་རེད། དེང་སྐབས་སྤྱི་ཚོགས་འཕེལ་རྒྱས་དང་། འཚོ་བའང་དཀའ་ངལ་ཡོད་པ་མ་རེད། འདི་ནི་མང་ཚོགས་ཀྱི་བསོད་ནམས་རེད། འདི་ལྟར་ཕུགས་འདུན་མངོན་འགྱུར་བྱས་པར་རིན་ཆེན་ལགས་ནས་དུས་རབས་ཀྱིས་བདག་ལ་གོ་སྐབས་འདི་སྤྲད་པ་རེད་ཅེས་བཤད་བྱུང་། 

  ཁྱིམ་གཞི་བཟུང་བ་ནས་སྨན་ཁང་བཙུགས་ཚར་ལ། ལོ་ངོ་༡༣འདས་ཚར་བ་རེད།རིན་ལགས་ཀྱི་ཕུགས་འདུན་ཡོངས་སུ་མ་རྫོགས་པར། ཁོང་གིསདེང་སྐབས་དྲེག་ནད་དང་། མཁྲིས་སྐྲན། ཕྱུག་པོ་ལ་བྱུང་བའི་ནད་གཞི་མཐོང་མང་པོ་དང་། རྒྱུན་མཐོང་ནད་གཞི་འདི་དག་ལ་ཞིབ་འཇུག་དང་བཅོས་ཐབས་ཀྱི་ཉམས་མྱོང་རང་ཉིད་ནས་བསགས་དགོས་པ་དེ་རེད།ཅེས་བཤད་བྱུང་། 

  ཟ་ཁང་ཞིག་ལ་མཚོན་ནའང་དམིགས་བསལ་ཁ་ལག་ཞིམ་པོ་ཞིག་དང་སྨན་ཁང་ཞིག་ལ་མཚོན་ནའང་དམིགས་བསལ་ལག་རྩལ་ཞིག་དགོས་འདུག ཅེས་བཤད་ཅིང་། རིན་ཆེན་ལགས་ནས་རང་ཉིད་ཀྱི་རེ་བ་ལྟར་རང་གི་འབད་བརྩོན་ལ་བརྟེན་ནས་བོད་སྨན་འཕེལ་རྒྱས་ལ་ཞབས་ཞུ་ཙམ་འཁྱོངས་བར་ནུས་ཤུགས་འབད་དགོས་ཞེས་བཤད་བྱུང་། 

  དེང་སྐབས། རང་སྐྱོང་ལྗོངས་སུ་རྒྱུན་དུ་བོད་ཀྱི་གསོ་རིག་བགྲོ་གླེང་ཚོགས་འདུ་བསྡུ་བཞིན་ལ།རིན་ཆེན་གྱིས་ཤེས་གསལ་ལྟར་ཐབས་བརྒྱ་ཇུས་སྟོང་གིས་ཚོགས་འདུ་ལ་ཞུགས་པར་སྟ་གོན་བྱེད་བཞིན་མཆིས། རང་ཁྱིམ་གི་དཔེ་སྒྲོམ་སྟེང་དུ་གསོ་རིག་རྒྱུད་བཞི་དང་། བོད་ལྗོངས་གསོ་རིག་དུས་དེབ། ཡར་ཀླུང་གསོ་རིག་བཅས་ཀྲུང་ལུགས་དང་། ཕྱི་ལུགས། བོད་ལུགས་བཅས་ཀྱི་དཔེ་དེབ་མང་པོ་འདུག 

  དཔལ་འབྱོར་གྱི་གནོན་ཤུགས་མེད་པ་དང་།འཚོ་བ་ལ་རང་དབང་རང་མོས་ཀྱིས་རང་ཉིད་ཆེས་དགའ་བའི་ཕུགས་འདུན་ལ་བརྩོན་ན་དེ་ནི་ཆེས་བདེ་སྐྱིད་ཅིག་རེད། ཅེས་མིག་ལམ་ན་རིན་ཆེན་ལགས་ཀྱི་ད་ལྟ་འབྲི་བཞིན་པའི་བོད་སྨན་གྱི་འབྲེལ་བ་རྩའི་སྐོར་གྱི་རྩོམ་ཡིག་ཅིག་མངོན། 

<