ཞང་ཞུང་རྒྱལ་པོ་ལྀག་མྱི་རྷྱའ།

2020-06-09
0

ལྀག་མྱི་རྷྱའ་ནི་དུས་རབས་བདུན་པའི་ནང་བྱུང་ལ། ཞང་ཞུང་དང་སྤུར་རྒྱལ་བཙན་པོའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཚབས་ཆེན་ཞིག་ལ་འཁེལ་བའི་མི་སྣ་གལ་ཆེན་ཞིག་ཡིན་ལ། ཁོའི་མཚན་གྱི་འབྲི་སྟངས་ལ། 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》ལས། ལྀག་མྱི་རྷྱའ།《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ》ལས། ལིག་མིན་རྒྱལ། ལིག་མིན་རྐྱ། 《ཞང་བོད་ལོ་རྒྱུས་ཏི་སེའི་འོད》ལས། ལིག་མི་རྐྱ་ལྡེ་བུ། ལིག་མི་སྐྱ་ལྡེ་བུ།《བོན་སྒོ》དེབ་བཅུ་བདུན་པ་ལས། ལི་མིག་རྒྱ། ལིག་མི་རྐྱ། ལིག་མི་རྒྱ། ལིག་མི་སྐྱ། ལིག་མྱི་རྷྱལ་ལྡེ་བུ། 《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》ལས། ལི་མི་རྒྱ། 《བོན་སྒོ》དེབ་བཅུ་བཞི་པ་ལས་། ལྀག་མྱྀརྱ། ལྀ་རྷྱམྱྀ་ཧྱ། ལྀག་སྙ་ཤུར་ལ་སོགས་པའི་འབྲི་སྟངས་མི་འདྲ་བ་མང་པོ་ཡོད་པ་དང་། ཁོང་གི་བཙུན་མོ་ནི་ཁྱུང་མོ་བཟའ་མཚོ་རྒྱལ་དང་། འབྲིང་བ་ཀུ་རུབ་ཟ་སྒྲོན། ཆུང་བ་གུ་རུབ་བཟའ་སྣང་སྒྲོན་ལེགས་མོ། ཐ་ཆུང་སད་མ་ཀར་བཅས་ཡིན་ལ། རྒྱལ་ས་ནི་ཁྱུང་ལུང་དངུལ་མཁར་དང་། མངའ་ཁོངས་ནི་ཞང་ཞུང་སྒོ་ཕུག་བར་གསུམ་ཡིན་པར་གྲགས་སོ༎

      ལྀག་མྱི་རྷྱའ་ནི་དུས་རབས་བདུན་པའི་ནང་བྱུང་ལ། ཞང་ཞུང་དང་སྤུར་རྒྱལ་བཙན་པོའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཚབས་ཆེན་ཞིག་ལ་འཁེལ་བའི་མི་སྣ་གལ་ཆེན་ཞིག་ཡིན་མོད། དུས་རབས་ཀྱི་གོད་ཆག་བར་ནས་སྐུ་ཉིད་ཀྱི་ལག་རྗེས་མང་པོ་ཞིག་དུས་ཀྱི་ཆར་ཆུས་འཇིག་ཉེན་གྱི་གནས་སུ་གྱར་ཡོད་པ་ནི་རང་མི་རིགས་ཀྱི་ལོ་རྒྱུས་ཀྱི་གྱོང་གུད་ཚབས་ཆེན་ཞིག་ཡིན་པར་དམིགས་ཏེ། སྐུ་ཉིད་ཀྱི་སྐོར་ལ་དཔྱད་པ་ལས་ཐོག་མར་ཁོའི་མཚན་གླེང་བ་སྟེ། ལྀག་མྱི་རྷྱའི་མཚན་གྱི་འབྲི་སྟངས་ལ། 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》ལས། ལྀག་མྱི་རྷྱ།《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ》ལས། ལིག་མིན་རྒྱལ།  ལིག་མིན་རྐྱ། 《ཞང་བོད་ལོ་རྒྱུས་ཏི་སེའི་འོད》ལས། ལིག་མི་རྐྱ་ལྡེ་བུ། ལིག་མི་སྐྱ་ལྡེ་བུ།《བོན་སྒོ》དེབ་བཅུ་བདུན་པ་ལས། ལི་མིག་རྒྱ། ལིག་མི་རྐྱ།ལིག་མི་རྒྱ།ལིག་མི་སྐྱ།ལིག་མྱི་རྷྱལ་ལྡེ་བུ། 《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》ལས། ལི་མི་རྒྱ། 《བོན་སྒོ》དེབ་བཅུ་བཞི་པ་ལས་། ལྀག་མྱྀརྱ། ལྀ་རྷྱམྱྀ་ཧྱ། ལྀག་སྙ་ཤུར་ལ་སོགས་པའི་འབྲི་སྟངས་མི་འདྲ་བ་མང་པོ་ཡོད་པས་རེ་རེ་ལ་རྒྱུ་མཚན་མི་འདྲ་བ་རེ་ཡོད་པ་སྨོས་མ་དགོས་མོད། 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས》ལས། “ལྀག་མྱི་རྷྱ”ཞེས་བྲིས་ཡོད་པ་འདི་ཡིས་ངེས་ཤེས་གསར་བ་ཞིག་བསྐྱེད་པ་ནི། དུས་རབས་བཅུ་བའི་མཇུག་གི་སྐད་གསར་བཅད་ཐེངས་གསུམ་པའི་རྗེས་ནས་བོད་ཀྱི་གནའ་བོའི་ཡིག་རྙིང་མང་པོའི་ནང་གི་དབྱངས་ཡིག་གུག་གུ་ཕྱིར་ལོག་པ་རྣམས་ཐད་ཀར་གུག་གུ་ཕྱིར་མ་ལོགས་ར་བསྒྱུར་བ་དང་མགོ་འདོགས་སྐོར་ཞིག་ཀྱང་བླངས་ཏེ་བོད་ཡིག་གི་ཡིག་གཟུགས་གཅིག་གྱུར་ལ་བཀས་བཅད་ཞིབ་ཚགས་ཚད་ལྡན་ཞིག་བྱས་ཀྱང་། དོན་གྱི་སྟེང་ནས་འགྱུར་བ་བྱུང་མེད་པར། རྡོ་རིང་དང་ཏུན་ཧོང་གི་ཡིག་རྙིང་རྣམས་སུ“གྱྀ”ཞེས་པ་དེ་འབྲེལ་སྒྲའི་དོད་ལས་དོན་གཞན་མེད་མོད། སྐད་གསར་བཅད་ཐེངས་གསུམ་པའི་རྗེས་སུ“གྱི”རུ་བསྒྱུར་རྗེས་ཀྱང་འབྲེལ་སྒྲའི་སྐད་དོད་ལས་དོན་གཞན་མེད་པ་དང་། དེ་བཞིན《བོད་བཙན་པོའི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས》ལས།“འདྀ་ལྟར་བོད་རྒྱ་གཉྀས་གྱྀ་རྗེ་བློན་གྱྀས་ཞལ་གྱྀས་བཤགས་མནའ་བོར་ཏེ༎ གཙྀགས་ཀྱྀ་ཡྀ་གེ་ཞྀབ་མོར་བྲིས་ནས༎ རྒྱལ་པོ་ཆེན་པོ་གཉྀས་གྱྀ་ནི་ཕྱག་རྒྱས་བཏབ༎”ཞེས་པ་དང་། “འདི་ལྟར་བོད་རྒྱ་གཉིས་ཀྱི་རྗེ་བློན་གྱིས་ཞལ་ནས་མནའ་བོར་ཏེ། གཙིགས་ཀྱི་ཡི་གེ་ཞིབ་མོར་བྲིས་ནས། རྒྱལ་པོ་ཆེན་པོ་གཉིས་ཀྱིས་ཕྱག་རྒྱས་བཏབ”ཅེས་པ་སོགས་ལ་གཞིགས་ཚེ། དེང་སྐབས་ཅུང་རྒྱ་ཁྱབ་ཏུ་སྤྱོད་བཞིན་པའི་མ“ལིག་མི་རྐྱ”ཞེས་པ་དེ་ཏུན་ཧོང་ཡིག་རྙིང་ནང་གི“ལྀག་མྱི་རྷྱ”ཞེས་པ་ལས། “ལྀག”ནི“ལིག”དང་། “མྱི” ནི“མི”ལ་སྐད་གསར་བཅད་ཐེངས་གསུམ་པའི་རྗེས་སུ་འགྱུར་བ་ཐེ་ཚོམ་མེད། “རྐྱ”ནི་གནའ་བོའི་ལག་བྲིས་ཀྱི་ཡིག་རྙིང་ཕལ་ཆེ་བའི་ནང་དུ“རྷྱ”དང་དབྱིབས་འདྲ་སྟེ“རྐྱ”ལྟར་བྲིས་ཡོད་པས་རྗེས་སུ“རྷྱ”རུ་འབྲི་འཛོལ་བྱུང་བ་ཐག་ཆོད་རེད་སྙམ། དེ་བཞིན《ཞང་བོད་ལོ་རྒྱུས་ཏི་སེའི་འོད》ལས། “དུས་དེའི་རྒྱལ་པོའི་མཚན་ལ་ལིག་མྱི་རྷྱལ་ལྟེ་བུ་ཟེར་བའང་ཤེས་ཐུབ། ལིག་མྱི་རྷྱལ་ནི་དེ་དུས་ཀྱི་རྒྱལ་པོ་རྣམས་ཀྱི་སྤྱིའི་མཚན་ལྟ་བུ་ཞིག་ཏུ་ཆགས་ཡོད་པ་སྟེ། ཞང་ཞུང་གི་སྐད་དུ‘ལིག’ཅེས་པ་ནི་སྲིད་པའི་དོན་ཡིན་ལ། ‘མྱིའམ་མི’ཞེས་པ་ནི་དྲང་པོའམ་མཛངས་པ་ལ་འཇུག་པ་དང‘རྷྱའམ་རྐྱ’ཞེས་པ་ནི་རྗེའི་དོན་ཏེ། གཅིག་ཏུ་དྲིལ་བས‘སྲིད་པའི་དྲང་རྗེ’ཞེས་བྱ་བ་ཡིན།”ས་བྲིས་ཡོད། 《སྨན་རིའི་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ་པོད་གསུམ་པ》(བསྟན་འབྱུང་དང་ལོ་རྒྱུས་ཀྱི་སྐོར)ན་འཁོད་པའི་ཞང་ཞུང་རྒྱལ་པོ་ལིག་མིན་རྐྱའི་ཕྱག་ཐམ་སྨན་རིའི་བླ་བྲང་གི་རྩིས་སྤྲོད་དུ་ཡོད་པ་འདིའི་ངོས་སུ་ཡང་ཞང་ཞུང་གི་ཡི་གེ་གསལ་བར་འདུག་ཅིང་། དེ་འདི་ལྟར་ཏེ། “ཁ་ཚན་པ་ཤང་ལིག་ཞི་ར་ཙ། ཐམས་ཅད་དབང་བསྒྱུར་སྲིད་པའི་རྒྱལ་པོ། ”ཕྱག་ཐམ་འདི་རུ་བྲིས་ཡོད་པའི་ཞང་ཡིག་བོད་ཡིག་དུ་བསྒྱུར་ན། “ཐམས་ཅད་ལ་དབང་བསྒྱུར་སྲིད་པའི་རྗེ་བོ”ཞེས་པའི་དོན་ལྡན་པར་གཞིགས་ནའང་། “ཐམས་ཅད་དབང་བསྒྱུར”ཞེས་པ་ནི་སྐབས་དེའི་རྗེ་བོ་ཀུན་ལབསྟོད་པའམ་མངའ་ཐང་བརྗོད་པའི་ཚིག་ཞིག་ཡིན་པ་ལས་རྒྱལ་པོའི་མཚན་དངོས་མིན་པ་གསལ་བ་དང་། “སྲིད་པའི་རྗེ་བོ”ཞེས་པ་ནི་གོང་ནས་བརྗོད་ཟིན་པ་ལྟར། བོད་ཀྱི་ཡིག་རྙིང་སྐོར་ཞིག་གི་ནང་བྲིས་བའི“ལྀག་མྱི་རྐྱ”ཞེས་པའི་ཞང་སྐད་དེ་ཡི་དོན་དང་མཐུན་པས། འདི་ལས་བརྩན་པའི་ལུང་གི་རྒྱབ་རྟེན་ཞིག་མི་དགོས་པར་རྗེ་བོ་དེའི་མཚན་དངོས་ལ“ལྀག་མྱི་རྐྱ”རུ་འབོད་ལ་སྐད་གསར་བཅད་ཐེངས་གསུམ་པའི་རྗེས་ནས“ལིག་མི་རྐྱ”རུ་རིམ་འགྱུར་བྱུང་བ་ཁ་ཚོན་བཅད་ཀྱང་ལོ་རྒྱུས་དངོས་དང་མི་འགལ་སྙམ། “ལིག་མི་རྐྱ” ཞེས་པ་དེ་ཐོག་མའི་མིང་དང་བསྡུར་ན་ཡིག་གཟུགས་ཀྱི་སྟེང་ནས་འགྱུར་ལྡོག་ཕྲན་བུ་རེ་ཡོད་ཀྱང་། དེ་ནི་སྐད་གསར་བཅད་ཀྱི་འབྲས་བུ་ཡིན་པས་དོན་གྱི་སྟེང་ནས་འགལ་ཟླ་མེད་ལ། སྐད་གསར་བཅད་ཐེངས་གསུམ་པ་ནི་གཙོ་བོ་ཡིག་གཟུགས་གཅིག་གྱུར་ལ་བཀའ་ཡིས་བཅད་པའི་ཁྲིམས་ཀྱི་གཏན་འབེབས་ཞིག་ཡིན་པས། རྗེས་སོར་ང་ཚོས“ལིག་མི་རྐྱ”ཞེས་ཁྱབ་བརྡལ་བྱས་ཤིང་ཚད་མར་བཟུང་ཡང་ལོ་རྒྱུས་ཀྱི་འགལ་ཟླ་ཞིག་མ་རེད་སྙམ་མོ༎ 

 ལྀག་མྱི་རྷྱའའི་བཙུན་མོའི་སྐོར། 

.jpg    ཞང་ཞུང་རྒྱལ་པོ་ལྀག་མྱི་རྷྱའའི་བཙུན་མོའི་སྐོར་ལ་དཔྱད་པ་གཏོང་བ་ནི་སྐབས་དེའི་སྤྱི་ཚོགས་ཀྱི་ངོ་བོ་དང་། རྒྱལ་པོའི་མངའ་ཐང་། ཕྱི་འབྲེལ་གནས་བབས་སོགས་ལ་འབྲེལ་བ་དམ་ཟབ་ཡོད་པས་འདིར་ཕྲན་ཙམ་སྤྲོས་ན། 《ཞང་བོད་ལོ་རྒྱུས་ཏི་སེའི་འོད》ལས། ལྀག་མྱི་རྷྱའི་གནས་ཚུལ་བཤད་པའི་སྐབས་སུ“ཞང་ཞུང་རྒྱལ་པོ་ལ་བཙུན་མོ་གསུམ་ཡོད”ཅེས་པ་དང་། 《སྨན་རིའི་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ་པོད་གསུམ་པ》(བསྟན་འབྱུང་དང་ལོ་རྒྱུས་ཀྱི་སྐོར)ལས། བོད་ཀྱི་བུ་མོ་སད་མ་ཀར་ཞང་ཞུང་རྒྱལ་པོར་ལྀག་མྱི་རྷྱའའི་བཙུན་མོར་བརྫངས་པའི་གནས་ཚུལ་བརྗོད་པའི་དུས་སུ་ཞང“ཞུང་རྒྱལ་པོ་བཙུན་མོ་གསུམ་ཡོད”ཅེས་བྲིས་ཡོད། 《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ》ལས། “བཙུན་མོ་ཆེ་ཤོས་ཁྱུང་མོ་ཟ་མཚོ་རྒྱལ།(ཤུད་ཀེ་བཟའ་རྩལ་ཐིང་ཤགས)འབྲིང་བ་ཀུ་རུབ་ཟ་སྒྲོན། ཆུང་ཤོས་གུ་རུབ་ཟ་སྣང་སྒྲོན་ལེགས་མོ”ཞེས་གསལ་པོར་འཁོད་པ་སོགས་ཀྱིས་ཞང་ཞུང་རྒྱལ་པོ་ལྀག་མྱི་རྷྱའ་ལ་ཁྲི་སྲོང་བརྩན་གྱི་སྲིང་མོ་སད་མ་ཀར་མ་བརྩིས་པའི་བཙུན་མོ་གསུམ་ཡོད་པ་ཁ་གསལ་དུ་བརྗོད་ཡོད་པ་དང་། 《ཞང་བོད་ལོ་རྒྱུས་ཏི་སེའི་འོད》ལས། “བཙུན་མོ་སད་མ་ཀར་ཞང་ཞུང་རྒྱལ་པོ་ལྀག་མྱི་རྷྱའའི་ཁབ་ཏུ་མ་འབྱོར་བའི་སྔོན་ཙམ་ན། རྒྱལ་པོའི་བཙུན་མོ་ཆེན་མ་ཤུད་ཀེ་བཟའ་རྩལ་ཐིང་ཤགས་ཞེས་བྱ་བ་ཞིག་ཡོད་པ་དེ”ཞེས་པ་དང་། 《སྨན་རིའི་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ་པོད་གསུམ་པ》(བསྟན་འབྱུང་དང་ལོ་རྒྱུས་ཀྱི་སྐོར)ལས།“ཞང་ཞུང་རྒྱལ་པོ་ལ་བཙུན་མོ་གསུམ་ཡོད་པའི་ཆུང་ཤོས། གུ་རུབ་ཟ་སྣང་སྒྲོན་ལེགས་བྱ་བ། ལོ་བཅོ་བརྒྱད་ལོན་པ་ཞིག་ཡོད་པ”ཞེས་པ་བཅས་ལ་གཞིགས་ཚེ། “ཀུ་རུབ་ཟ་སྒྲོན”དཔྱད་མི་དགོས་པར་བཙུན་མོ་འབྲིང་བ་ཡིན་པ་ཤུགས་ཀྱིས་བསྟན་ཡོད་ལ། ལྷག་པར་དུ་ལུང་གོང་མ་དེ་ལས“བཙུན་མོ་ཆེ་ཤོས་ཁྱུང་མོ་ཟ་མཚོ་རྒྱལ། (ཤུད་ཀེ་བཟའ་རྩལ་ཐིང་ཤགས) འབྲིང་བ་ཀུ་རུབ་ཟ་སྒྲོན། ཆུང་ཤོས་གུ་རུབ་ཟ་སྣང་སྒྲོན་ལེགས་མོ”ཞེས་བྲིས་ཡོད་པ་ཡིས་སད་མར་ཀར་མ་ཐེ་བའི་ལྀག་མྱི་རྷྱའའི་བཙུན་མོ་གསུམ་གྱི་ཆེ་ཆུང་གི་རིམ་པ་ཡང་གསལ་པོར་རྟོགས་ནུས། དེ་ནས་བོད་ཀྱི་བུ་མོ་སད་མ་ཀར་ཞང་ཞུང་རྒྱལ་པོའི་བཙུན་མོར་བརྫངས་པ་ལོ་རྒྱུས་སྨྲ་བ་ཀུན་ཁ་མཐུན་ཏེ། 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》ལས། “བཙན་མོ་སད་མར་ཀར། ལྀག་མྱི་རྷྱའ་ལ་ཆབ་སྲིད་ལ་གཤེགས་སོ”ཞེས་གསལ་ལ། ལུང་འདི་ལས་ང་ཚོས་གསལ་པོར་རྟོགས་ནུས་པ་ནི་ཞང་ཞུང་ལྀག་མྱི་རྷྱའ་ལ་ཆེ་བ་ཁྱུང་མོ་བཟའ་མཚོ་རྒྱལ་དང་། འབྲིང་བ་ཀུ་རུབ་ཟ་སྒྲོན། ཆུང་བ་གུ་རུབ་བཟའ་སྣང་སྒྲོན་ལེགས་མོ། ཐ་ཆུང་སད་མ་ཀར་བཅས་བཙུན་མོ་བཞི་ཡོད་པ་རྩོད་མེད་ཀྱི་གནས་སོ། །

 ལྀག་མྱི་རྷྱའའི་རྒྱལ་ས་ཁྱུང་ལུང་དངུལ་མཁར།

.jpgཞང་ཞུང་གི་ཡུལ་ཁམས་བགོ་སྟངས་ཀྱི་ཐད་ནས། ཕལ་ཆེར་བོན་གྱི་ལོ་རྒྱུས་ཡིག་ཆ་ཚང་མའི་ལྟ་བ་གཅིག་མཐུན་དུ་བབས་ཡོད་པ་ནི། ཞང་ཞུང་སྒོ་ཕུག་བར་གསུམ་བགོ་ཚུལ་དང་ཞང་ཞུང་སྒོ་ཕུག་བར་གསུམ་དུ་བགོས་པའི་ཞང་ཞུང་སྒོ་བར་ཡང་བསྐྱར་སྒོ་ཕུག་བར་གསུམ་ཏུ་བགོ་ཡོད་དེ། ཞང་ཞུང་སྒོ་བའི་ཕུག་པའི་ལྟེ་བ་ནི་ཁྱུང་ལུང་དངུལ་མཁར་ཡིན་ལ་གནས་དེ་དེང་སང་སྟོད་མངའ་རིས་ཀྱི་གངས་རིན་པོ་ཆེའི་ནུབ་ཕྱོགས་སུ་སྤྱི་ལེ་ཉིས་བརྒྱ་ནས་སུམ་བརྒྱ་ཡས་མས་སོང་ཚེ་གུར་གྱམ་དགོན་པ(འགུར་གྱམ་དགོན་པ)ཞེས་པ་ཞིག་ཡོད་པ་དེའི་ཉེ་ལོགས་ལ་ངོས་འཛིན་གྱི་ཡོད། ཞང་ཞུང་སྒོ་བའི་བར་མའི་ལྟེ་བ་ནི་དྭངས་ར་ཁྱུང་རྫོང་ཞེས་པ་དེ་ཡིན་ལ། དེ་དེང་སང་ལྷ་སའི་བྱང་ཕྱོགས་ཀྱི་ནག་ཆུའི་དྭངས་ར་གཡུ་མཚོའི་འགྲམ་རྒྱུད་ལ་ངོས་འཛིན། ཞང་ཞུང་སྒོ་བའི་ལྟེ་བ་ནི་སུམ་པ་གླིང་གི་གྱིམ་ཤོད་དམ་ཁྱུང་ཕོ་རི་རྩེ་དྲུག་ཞེས་པ་དེ་ཡིན་ལ། དེང་སང་ཆབ་མདོ་ས་ཁུལ་གྱི་སྟེང་ཆེན་རྫོང་གི་ཡུལ་ཞིག་ལ་ངོས་འཛིན། དེ་ན་འདིར་བརྗོད་པའི་ཞང་ཞུང་རྒྱལ་པོ་ལྀག་མྱི་རྷྱའའི་རྒྱལ་ས་ནི་ཞང་ཞུང་སྒོ་བའི་ཕུག་པའི་ལྟེ་བ་ཁྱུང་ལུང་དངུལ་མཁར་ཡིན་པ་སྨོས་མེད་ཡིན་ཏེ། 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》ལས། “བཙན་མོས་མགུར་བླངས་པའ།། ཡུལ་གྱི(ནི)སྐལ་པོག་པ། ཁྱུང་ལུང་ནྀ་རྡུལ་མཁར་ཞིག མུ་སུ་ནྀ་གཞན་ན་རེ། པྱི་བལྟས་ནྀ་ངམ་དང་བྲག ནང་བལྟས་ནྀ་གསེར་དང་དབྱིག”ཅེས་བཤད་ཡོད་པ་དེ་ཡིས་བདེན་དཔང་བྱས་ཡོད། ཁྱུང་ལུང་དངུལ་མཁར་ལ་འབྲི་ཚུལ་གྱི་སྟེང་ནས་ཁྱུང་ལུང་དངུལ་མཁར་དང་ཁྱུང་ལུང་རྡུལ་མཁར། ཁྱུང་ལུང་རྡུལ་མཁར། ཁྱུང་ལུང་ཡུལ་མཁར་བཅས་མི་འདྲ་བ་བཞི་ཡོད་མོད། དེ་དག་ལས་ཆེས་ཐོག་མའི་མིང་ནི“ཁྱུང་ལུང་རྔུལ་མཁར”ཡིན་པར་འདོད་དེ། རྒྱུ་མཚན་ནི། 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》ལས། “ཁྱུང་ལུང་ནི་རྡུལ་མཁར་ཞིག”ཞེས་བྲིས་ཡོད་པ་ཡིས་གསལ་པོར་ཤེས་ཐུབ། རྗེས་སུ“དངུལ་མཁར”ཞེས་པའི་ཐ་སྙད་བྱུང་ཡོད་པ་ནི་བོད་ཀྱི་ཡིག་རྙིང་རྣམས་སུ་ས“རྡུལ”དང“དངུལ”གཉིས་བརྗེ་སྤོར་གྱི་ཚུལ་གྱིས་བྲིས་པ་མང་ལ་དོན་ཀྱང་གཅིག་ལ་གོ་བཞིན་ཡོད་པས་རྒྱུ་མཚན་དེའི་དབང་གིས་བྱུང་བའི་ཤས་ཧ་ཅང་ཆེ། མཚམས་ལ་ལར“རྡུལ་མཁར”ཞེས་བྲིས་ཡོད་པ་དེ་ཡིག་རྙིང་ལག་བྲིས་ལ་ལར“ང་ཡིག”གི་རྐང་པ་རིང་ཙམ་བྲིས་བ་རྗེས་སུ་ལྟ་འཛོལ་བྱུང་བས“རྡུལ”ལྟར་བྲིས་པ་རྩོད་མེད་རེད་སྙམ། “ཁྱུང་ལུང་ཡུལ་མཁར”ཞེས་པ་འདི་ཅི་ལྟར་བྱུང་བའི་ཐད་ཀྱི་གནས་ལུགས་ཞིག་ད་སྔ་མ་རྙེད་པས་རེ་ཞིག་བཏང་སྙོམས་སུ་བཞག གནས་འདི་ལ“ཁྱུང་ལུང་དངུལ་མཁར”ཞེས་འབོད་པའི་རྒྱུ་མཚན་ཇི་ལྟར་བྱུང་ཟེར་ན། “ཁྱུང་ལུང”ཞེས་འབོད་དོན་ནི་ཐོག་མའི་དུས་སུ་ཡུལ་འདི་ན་ཁ་ཡུག་ཞེས་པའི་ས་ཆ་ཞིག་ཡོད་པ་དེར། བྱ་རྒྱལ་ཁྱུང་ཆེན་ཞིག་བབས་ཏེ་རྗེས་སུ་ཡུལ་ཁམས་དེ་ནས་ཁྱུང་གི་གྲངས་ཚད་ཧ་ཅང་འཕར་བ་དང་རིམ་གྱིས་གནས་དེ་ནི་ཁྱུང་གི་མི་རྒྱུད་སྤེལ་སའི་ཆེས་ཐོག་མའི་གནས་གཞིར་གྱུར་བས་ན་ཁྱུང་ལུང་ཞེས་པའི་མིང་གི་ཐོག་མ་དེ་ལྟར་ཐོགས་པར་འདོད་དེ། 《ཁྱུང་ཕོའི་རྒྱལ་རྒྱུད་ཤེལ་དཀར་མེ་ལོང》ལས། “ཚེ་ལོ་བརྒྱ་བའི་གཤེན་རབ་འདུལ་བའི་སྐབས་ལ་བབས་པའི་དུས་འདིར། དམུ་རིགས་དབྲ་ལས་སྤྲུལ་བའི་ཁྱུང་ཆེན་ཡང་། ཞང་བོད་དུ་བསྟན་པ་སྤེལ་བའི་དུས་ལ་བབས་པས། ནགས་ཚལ་གྱི་གླིང་དུ་ཟགས་མེད་ཤེས་རབ་ཀྱི་དགོངས་པ་རྫོགས་ཀྱང་། ཟགས་བཅས་སྤྲུལ་བའི་བྱ་ཁྱུང་སྐུ་རུ་མངོན་པར་བཞེངས་ནས། སྐུ་ལུས་ཕྲུག་ཕྲུག་ལན་གསུམ་སྤྲུག་པའི། རི་འདར་བ་དང་རྒྱ་མཚོ་འཆོལ་བ་དང་། རྩི་ཤིང་རྣམས་ཀྱང་ཤིག་ཤིག་འགུལ་ནས། བར་སྣང་གི་ཁམས་སུ་འཕུར་ཏེ་ཀུན་དུ་ལྡིང་འཁོར་ལྡིང་ལྡིང་ནས། ཞང་ཞུང་ཁ་ཡུག་མེ་ཏོག་མཛེས་བའི་གླིང་དུ་དར་ཅིག་བབས། ...…ཁྱུང་ལུང་དངུལ་མཁར་གཙོས་པའི་རིན་པོ་ཆེ་རྫོང་བརྒྱད་ལ་སོགས་པ་ཤུགས་ཀྱིས་གྲུབ། བབ་པའི་ལུང་པ་དེ་ལ་ཡང་ཁྱུང་ལུང་དུ་མིང་འདོག་པ”ཞེས་བྲིས་ཡོད་པ་ཡིས་མིང་དེའི་འབྱུང་ཁུངས་ཧ་ཅང་གསལ། “དངུལ་མཁར”ནི་ཡུལ་ཁམས་དེ་གའི་ས་དབྱིབས་དང་ས་མདངས་བཅས་ཀྱི་ཐད་ནས་བཏགས་པ་ཡིན་ཤས་ཆེ་སྟེ། 《ཞང་བོད་ལོ་རྒྱུས་ཏི་སེའི་འོད》ལས།“དངུལ་མཁར་གྱི་ཐ་སྙད་བྱས་པའི་རྒྱུ་མཚན་གྱི་གཙོ་བོ་ནི་སྐུ་མཁར་གནས་གཞིའི་རི་དེ་ས་དང་བྲག་རྡོ་འདྲེས་མ་དབུས་ཕྱོགས་སུ་དཀར་མདངས་ཆེ་ལ། བྲག་རིའི་སྟོད་ངོས་སུ་དམར་སེར་མཐིང་ཁའི་འཇའ་རིས་ལྟ་བུ་དེ་ཙམ་མི་གསལ་བཞིག་ཡོད་འདུག་པ་དེ་ལ་བརྟེན་ནས་ཐ་སྙད་དེ་སྐད་དུ་གྲགས་ཡོད་པར་མངོན”ཞེས་པ་དེ་ཧ་ཅང་དོན་དང་མཐུན་པ་ཞིག་རེད་སྙམ། 《གངས་ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག》ལས“གྲོང་ཁྱེར་རྒྱལ་བ་མཉེས་བའི་ཡུལ་གྱི་དངུལ་དཀར་པོའི་ཁྲོ་ཆུ་རྨང་རྡོ་ཅན”ཞེས་པས་ས་མདོག་ལ་བལྟས་ཏེ་མིང་དེ་ལྟར་བཏགས་པ་གསལ་པོར་རྟོགས་ཐུབ་བོ༎

 ཞང་ཞུང་རྒྱལ་པོ་ལྀག་མྱི་རྷྱའའི་མངའ་ཁོངས་དང་དམག་སྡེ།

 ལྀག་མྱི་རྷྱའའི་མངའ་ཁོངས།

.jpgཞང་ཞུང་གི་ཡུལ་ཁམས་སྤྱིའི་བགོ་སྟངས་ནི་བཞེད་ཚུལ་ལྟར་ན། ཞང་ཞུང་ཕུག་པ་སྟག་གཟིག་འོལ་མོ་གླིང་དང་བར་བ་རྒྱལ་མཁར་བར་ཆོད། སྒོ་བ་ཁྱུང་ལུང་དངུལ་མཁར་དང་། ཞང་ཞུང་སྒོ་བའི་ཕུག་པ་ཁྱུང་ལུང་དངུལ་མཁར་དང་བར་བ་དྭངས་ར་ཁྱུང་རྫོང་། སྒོ་བ་སུམ་པ་གླིང་གི་གྱིམ་ཤོད་བཅས་ཀྱི་ལྟ་བ་གཅིག་མཐུན་ཡིན། འདིར་སྐབས་སུ་བབས་པ་ནི་ཁྱུང་ལུང་དངུལ་ཁར་རྒྱལ་སྲིད་ཀྱི་ལྟེ་བ་བྱས་པའི་ཞང་ཞུང་རྒྱལ་པོ་ལྀག་མྱི་རྷྱའའི་མངའ་ཁོངས་ཀྱི་སྐོར་ཡིན་ལ། ཁྱུང་ལུང་དངུལ་མཁར་ནས་སླས་ཀྲ་གུ་གེའི་རྒྱལ་པོ་རིན་ཆེན་འོད་ཀྱི་བྱ་རུ་ཅན་དང་། རྒྱུང་ཡར་མུ་ཁོད་གཞའ་ཚོན་འོད་ཀྱི་བྱ་རུ་ཅན། ཀྱི་ལེ་གུ་གེ་རྒྱལ་པོ་ཨུན་ཆེན་དུང་གི་བྱ་རུ་ཅན་སོགས་ཞང་ཞུང་གི་རྒྱལ་རབས་སྐོར་ཞིག་གིས་ལོ་ངོ་ཧ་ཅང་མང་པོ་ཞིག་གི་སྔོན་ནས་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་བ་བྱས་ཏེ་རྒྱལ་ཁབ་བསྐྱངས་ལ། དུས་རབས་བདུན་པའི་དུས་དཀྱིལ་གྱི་བར་དུ་ཞང་ཞུང་རྒྱལ་རབས་ཀྱིས་ཡར་ཀླུང་རྒྱལ་ཕྲན་མ་གཏོགས་ཞང་ཞུང་ནས་མདོ་དབུས་མཐོ་སྒང་གི་ཡུལ་ཁམས་མང་ཤོས་ཤིག་ལ་ཆབ་སྲིད་དང་རིག་གནས་གང་ཐད་ནས་མངའ་བསྒྱུར་ཡོད་པ་ལོ་རྒྱུས་དངོས་དང་མཐུན་པས། སྐབས་དེ་དུས་ཞང་ཞུང་རྒྱལ་རབས་ཀྱི་མངའ་ཁོངས་ཧ་ཅང་རྒྱ་ཆེན་པོ་ཡོད་པ་དངོས་ཡོད་ཀྱི་གནས་ཚུལ་ཞིག་རེད། དུས་རབས་བདུན་པའི་ནང་བྱུང་བའི་ཞང་རྒྱལ་མཐའ་མ་ལྀག་མྱི་རྷྱའས་ཀྱང་བོད་བཙན་པོ་ཁྲི་སྲོང་བརྩན་གྱིས་བཀྲོངས་རེག་གི་བར་དུ། རྒྱལ་པོ་སྔ་མ་ཚོ་ནང་བཞིན་རང་གི་སྔར་ཡོད་ཀྱི་མངའ་ཁོངས་ལ་དབང་བསྒྱུར་བའི་སྲིད་བརྟན་པོ་ཡིན་ལ་མངའ་ཁོངས་ཀྱང་ཧ་ཅང་རྒྱ་ཆེ་སྟེ། 《སྨན་རིའི་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ་པོད་གསུམ་པ》(བསྟན་འབྱུང་དང་ལོ་རྒྱུས་ཀྱི་སྐོར)ལས། “ཕྱི་མ་སྒོ་པ་ཞང་ཞུང་དངོས་ཀྱི་ཡུལ། སྟོད་ན་ཁ་ཆེའི་ཡུལ་མཚམས་སེང་པའི་ཕྱིན། བྱང་ཕྱོགས་ཧོར་གྱི་གངས་རྒྱུད་ཚུན་དང་སྨད། སུམ་པ་གླིང་གི་གྱིམ་ཤོད་ཡན་ཆད་དང་། ལྷོ་རྒྱུད་རྒྱ་གར་བལ་བོའི་ཡུལ་ཁམས་ཚུན”ཞེས་དང་། ཡང“སྤྱིར་ཞང་ཞུང་དང་བོད་གཉིས་ས་བགོས་པ་ལ། གཙང་ཁ་རག་ཡན་མན་ཡིན་ལ། ལྀག་མྱི་རྷྱའ་ཡི་དུས་ཞང་ཞུང་ལ་དམག་སྟོད་སྡེ་དགུ་འབུམ་སུམ་པའི་སྟོང་བུ་ཆུང་ཡར་དེའི་མངའ་རིས། མར་པ། སྟག་ལོ་གུ་རི་བ་ཁྱུང་བྱིད། ཁྱུང་པོ། འུ་སངས། སུམ་པའོ།། ཞེས་སོ།། སྦལ་ཏེ། རྐང་ཕྲན། ལ་དྭགས། ཟང་མཁར། གར་ཞ། ཉུང་ཏི། སྤི་ཏི། ཁུ་ནུ། ཚང་ས། དྲུག་ཉི། ཉི་ཏི། ཀྱོ་ནམ། ཤ་ཁོག་མགར་ཡང་། ཚང་རོ། ཏི་དཀར། སླེ་མི་ནང་། ཝོམ་གློ་སེ་རིབ། དོལ་པོ། ཀྲུག་སྐྱེས་སོགས།ར་མང་ཡུལ་ཡན་གྱི་ལྷོ་རྒྱུད་དང་། རུ་ཐོག་གུ་གེ སྤུ་ཧྲེང་སྐོར་གསུམ་དབུས་བཟུང་བའི་ཁ་ཡུག་ཁ་སྐྱོར་ཁ་རག་ཡུལ། ཅི་ཤང་ཅི་ན་གུ་རུབ་ཚོགས་ཅུ་དང་། ར་སངས་ནག་ཙང་ཤང་གྱེར་བྱང་རྒྱུད་བཅས། ཡུལ་ཁམས་དྲུག་ཅུ་ཁྲི་སྡེ་བརྒྱད་ཅུའི་ཞིང་།”ཞེས་པ་དང་། 《ཞང་བོད་ལོ་རྒྱུས་ཏི་སེའི་འོད》ལས། “ཁྱུང་ལུང་དངུལ་མཁར་ཞང་ཞུང་གི་ཁ་ཡུག་མན་ཆད། དམའ་ཤེ་ལེ་རྒྱ་དཀར་སུམ་པ་གླིང་གི་གྱིམ་ཤོད་ཡན་ཆད། ལྷོ་དོམ་སྒྲོ་ནག་མོ་སྨྱུག་མ་བུ་འཁུར་ཚུན་ཆད།  བྱང་ལི་ཡུལ་སྒང་སྟོད་འཇག་མ་གླུ་ལེན་ཚུན་ཆད་དུ་རུ་བཞི་བོད་ཀྱི་ས་བསྐོར་དུ་བཅད་དེ”ཞེས་པ་དང་། 《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》ལས།“ཞང་ཞུང་རྒྱལ་པོ་ནི་ཟླ་བ་ཕྱི་མ་ལ་ཞང་ཞུང་གི་ཡུལ་ནས་སུམ་པ་གླང་གི་གྱིམ་ཤོད་དུ་སྐུ་རྐྱེན་ནང་བཅས་འདུན་མ་ལ་བཞུད་ཀྱིས།།”ཞེས་པ་སོགས་ཀྱིས་ཞང་ཞུང་རྒྱལ་པོ་ལྀག་མྱི་རྷྱའི་མངའ་ཁོངས་གསལ་པོར་བསྟན་ཡོད་ལ། ལྀག་མྱི་རྷྱས་ཀྱང་དུས་རབས་བདུན་པའི་དུས་དཀྱིལ་གྱི་བར་དུ་ཞང་ཞུང་གི་རྒྱལ་རབས་སྔ་མ་ཚོ་ནང་བཞིན། ཞང་ཞུང་སྒོ་ཕུག་བར་གསུམ་གྱི་ཡུལ་ཁམས་ཀུན་ལ་དབང་བསྒྱུར་བའི་སྲིད་ཤུགས་བརྟན་པོ་ཡིན་པའི་རྣམ་པ་གསལ་པོར་བསྟན་ཡོད།

 ལྀག་མྱི་རྷྱའའི་དམག་སྡེ། 

.jpg   ཞང་ཞུང་རྒྱལ་པོ་ལྀག་མྱི་རྷྱའས་ཞང་ཞུང་སྒོ་ཕུག་བར་གསུམ་ལ་མངའ་བསྒྱུར་བའི་དུས་སྐབས་དེར་དམག་ཤུགས་ཆེན་པོ་ཡོད་པ་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་དང་ཤིན་ཏུ་མཐུན་ལ་ལོ་རྒྱུས་ཀྱི་དེབ་ཐེར་ཁག་ལས་ཀྱང་གསལ་པོར་རྟོགས་ནུས་ཏེ། 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》ལས།“རྒྱལ་འདྀ་འི་རིང་ལ། ཞང་ཞུང་ལྡེ་བུ། གཉེན་གྱྀ་ཡང་དོ།(ངོ)འཐབ་ཀྱྀ་ཡང་སྐལ་ཏེ།། ཞང་ཞུང་བགད་དའུ།། བཙན་མོ་སད་མར་ཀར།། ལྀག་མྱི་རྷྱའ་ལ་ཆབ་སྲྀད་ལ་གཤེགས་སོ།།”ཞེས་པ་འདིས། སྐབས་དེ་དུས་ཁྲི་སྲོང་བརྩན་གྱི་གཉེན་ཚན་བསྒྲིགས་འོས་པ་ཀུན་གྱི་ནང་ནས་གལ་ཆེས་ཆེ་ཤོས་དང་འཐབ་ཟླར་གྱུར་པ་ཚང་མའི་ནང་གི་ཆེས་དཔུང་སྟོབས་ཆེ་བ་ནི་ཞང་ཞུང་རྒྱལ་ཁམས་དེ་ཡིན་ལ། ཁྲི་སྲོང་བརྩན་གྱིས་སད་མར་ཀར་ཞང་རྒྱལ་ལྀག་མྱི་རྷྱའའི་བཙུན་མོར་བརྫངས་བའང་རྒྱ་བཟའ་དང་བལ་བཟའ་ཁབ་ཏུ་བཞེས་པ་བཞིན་ཆབ་སྲིད་ཀྱི་དམིགས་ཡུལ་ངེས་ཅན་ཡོད། སྔོན་ལ་ཞང་ཞུང་དང་གཉེན་ཉེའི་འབྲེལ་བཙུགས་ཏེ་རིམ་གྱིས་ཐབས་ལ་བརྟེན་ནས་ཆབ་འོག་ཏུ་འགུགས་པ་ལས་ཐད་ཀར་དམག་འཐབ་ལ་བརྟེན་ན་ཞང་ཞུང་གི་དོ་ཟླར་མི་འོངས་པ་ཚིག་གི་ངམ་ལ་བརྟག་ན་ཤེས་ཐུབ་ལ། དུས་རབས་བདུན་པའི་དུས་དཀྱིལ་བོད་བཙན་པོའི་དམག་ཤུགས་ཀྱིས་ཞང་ཞུང་རྒྱལ་པོ་ལྀག་མྱི་རྷྱའའི་དམག་སྡེར་འགྲན་པའི་དཔུང་མི་བརྟན་པ་གསལ་བཤད་བྱས་ཡོད། 《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》ལས། “ཞང་ཞུང་རྒྱལ་པོ་ལ་དམག་ས་གཞི་ཁེབས་པ་ཡོད། བོད་ཀྱི་རྒྱལ་པོ་ལ་དམག་བ་བྲེ་མོའི་གཞུང་ཙམ་ལས་མེད་པས་དངོས་སུ་བཏུལ་མི་ཐུབ”ཞེས་པ་དང་། 《སྨན་རིའི་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ་པོད་གསུམ་པ》(བསྟན་འབྱུང་དང་ལོ་རྒྱུས་ཀྱི་སྐོར)ལས།“ལིག་མི་རྐྱ་ཡི་དུས་ཞང་ཞུང་ལ་དམག་སྟོང་སྡེ་དགུ་ཁྲི་དགུ་འབུམ་སུམ་པའི་སྟོང་བུ་ཆུང་ཡར་དེའི་མངའ་རིས”ཞེས་པ། 《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》དང《ཞང་བོད་ལོ་རྒྱུས་ཏི་སེའི་འོད》གཉིས་སུ་ཁ་གཅིག་མཐུན་དུ། “ཞང་ཞུང་གི་རྒྱལ་པོ་ལིག་མི་རྒྱ་བཞུགས་པའི་དུས་ཏེ། ཞང་ཞུང་ལ་དམག་སྟོང་སྡེ་དགུ་ཁྲི་དགུ་འབུམ་ཡོད་པའི་སྟེང་དུ་སུམ་པ་སྟོང་བུ་ཆུང་ཡན་ཆད་མངའ་རིས་ཡིན་ལ། བོད་ལ་སྟོང་སྡེ་བཞི་བཅུ་རྩ་གཉིས་སྟོང་བུ་ཆུང་གཅིག་དང་རྩ་གསུམ་ལས་མེད་པས་ཞང་ཞུང་གི་རྒྱལ་པོ་བོད་རྒྱལ་གྱིས་དངོས་སུ་བཏུལ་མི་ཐུབ་མོད”ཞེས་བྲིས་ཡོད་པ་སོགས་ཀྱིས་སྐབས་དེའི་ཞང་ཞུང་དང་བོད་ཀྱི་དམག་ཤུགས་ཀྱི་བར་ཁྱད་དང་མ་མཐར་དམག་སྡེའི་གྲངས་ཀྱང་གསལ་པོར་འཁོད་ཡོད་པས། འདི་ལས་ལྷག་པའི་གནས་ལུགས་ཞིག་བཙལ་བ་ནི་ཚིག་གི་ལྷག་མ་ཙམ་ལས་མ་འདས་སོ།།

 ཞང་ཞུང་རྒྱལ་པོ་ལྀག་མྱི་རྷྱའ་བཀྲོངས་ཚུལ་ཐད་ཀྱི་ལྟ་བ།

       ཞང་ཞུང་རྒྱལ་པོ་ལྀག་མྱི་རྷྱའ་བཀྲོངས་པའི་ཐད་ལ་ལྟ་ཚུལ་གཉིས་ཡོད། གཅིག་ནི་ཁྲི་སྲོང་བརྩན་གྱིས་མོ་སད་མར་ཀར་གྱི་སྐུལ་མ་ལ་བརྟེན་ནས་ཞང་ཞུང་ལ་དམག་དྲངས་ཏེ་ཞང་ཞུང་རྒྱལ་པོ་ལྀག་མྱི་རྷྱའའི་སྲིད་བརླག་པ་དང་། ཅིག་ཤོས་ནི་ཁྲི་སྲོང་བརྩན་གྱི་འཕྲུལ་བློན་སྣ་ནམ་ལེགས་གྲུབ་བྱ་བ་ཞིག་གིས་གསེར་ཕྱེ་གང་འབྲོང་རུ་གང་གིས་ལྀག་མྱི་རྷྱའའི་བཙན་མོ་ཆུང་བ་སྣང་བཟའ་སྒྲོན་ལེགས་བསླུས་བའི་གཡོ་སྒྱུ་ལ་བརྟེན་ནས་ཞང་ཞང་རྒྱལ་པོ་ལྀག་མྱི་རྷྱའ་བཀྲོངས་པའི་འདོད་ཚུལ་དེ་ཡིན། ལྟ་ཚུལ་གཉིས་ལས་སྔོན་མ་དེ་ཏུན་ཧོང་ཡིག་རྙིང་གི་རྗེས་འབྲངས་པ་རྣམས་ཀྱི་འདོད་ཚུལ་ཡིན་ཏེ། 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》ལས་། “རྒྱལ་འདྀ་འི་རིང་ལ༎ ཞང་ཞུང་གྀ་རྒྱལ་པོ་ལ་དྲངས་ཏེ། ཆབ་སྲིད་མཛད་ནས། ཞང་ཞུང་གི་རྒྱལ་པོ་ལྀག་མྱི་རྷྱའ་སྲིད་བརླག་སྟེ།། ཞང་ཞུང་ཐམས་ཅད་འབངས་སུ་བཀུག་གོ”ཞེས་བྲིས་ཡོད་པ་ལས་བྱུང་བ་ཡིན། ལྟ་ཚུལ་གཉིས་པ་ནི་བོན་གྱི་དེབ་ཐེར་ཁག་གི་རྗེས་འབྲང་པ་རྣམས་ཀྱི་འདོད་ཚུལ་ཏེ། 《ཞང་ཞུང་སྙན་རྒྱུད》ལས།“ཞང་ཞུང་གི་རྒྱལ་པོ་ལ་བཙུན་མོ་ཆུང་ཤེས(ཤོས)སྣང་བཟའ་སྒྲོན་ལེགས་བྱ་བ་ལོ་བཅོ་བརྒྱད་པ་ཞིག་ཡོད་པ་དེ་ལ་བོད་ཀྱི་རྒྱལ་པོའི་འཕྲིན་བློན་ཞེ་ངན་ལ་གཡོ་ཆེ་བ་སྣ་ནམ་ལེགས་གྲུབ་བྱ་བ་ཞིག་གིས་གསེར་ཕྱེ་འབྲོང་རུ་གང་ཁྱེར། སྣང་བཟའ་ལེགས་སྒྲོན་ལ་བྱིན་ནས་སྨྲ་བ། སྣང་བཟའ་ལེགས་སྒྲོན་ཁྱེད་ལྟ་བུ་ཞིག་ཞང་ཞུང་གི་རྒྱལ་པོའི་ཁབ་ཡང་ཆུན་བྱེད་པ། བོད་རང་དག་ཨ་ཅང་ཡང་ཆེ་སྟེ། བོད་ཀྱི་རྒྱལ་པོས་ཀྱང་མི་བཟོད་པར་འདུག་ན། འདི་སྨད་པའི་ཐབས་ཡོད་དམ། ཡོད་ན་བོད་ཀྱི་རྒྱལ་པོས་ཀྱང་ཁབ་ཆེན་མོ་བྱ་ལ། བོད་ཀྱི་མངའ་རིས་སུམ་གཉིས་སྟེར་བར་འདུག་གོ། ཞེས་སྨྲས་པས། སྒྲོན་ལེགས་ན་རེ། ཞང་ཞུང་གི་རྒྱལ་པོ་ལ་དམག་ས་གཞི་ཁེབས་པ་ཡོད། བོད་ཀྱི་རྒྱལ་པོ་ལ་དམག་བ་བྲེ་མོའི་གཞུང་ཙམ་ལས་མེད་པས་དངོས་སུ་བཏུལ་མི་ཐུབ། ངན་གཡོ་དང་ཐབས་ཇུས་ཀྱིས་འདུལ་ན་ཞང་ཞུང་གི་རྒྱལ་པོ་ནི་ཟླ་བ་ཕྱི་བ་ལ་ཞང་ཞུང་གི་ཡུལ་ནས་སུམ་པ་གླིང་གི་གྱིམ་ཤོད་དུ་སྐུ་རྐྱེན་དང་བཅས་འདུན་མ་ལ་བཞུད་ཀྱིས། དེར་སྒུག་ལ་བསྒྲོང་མཛོད། དེའི་ཐབས་བདག་གིས་གདོད་བྱའོ༎ ཞེས་བུད་མེད་ཀྱི་བློ་ལ་ལྟོས་པ་བཅར་མི་འདོད་པས་དེ་སྐད་སྨྲས་སོ།། དེ་ཡང་ཚེ་འདི་ལ་འོང་གི་བརྡ་ལ་ཁར་འཇོག་པར་ཆད་དོ།། དེར་བོད་རྒྱལ་བློན་དམག་སྟོང་སྡེ་མང་པོ་དང་ཆས་ནས་འོང་སྟེ་སྣ་ནམ་ལེགས་གྲུབ་དང་རྒྱལ་པོ་གཉིས་སྔོན་དུ་ལ་ཁར་བྱོན་ནས་བལྟས་པས་ཆུ་སླང་ང་གང་གི་ནང་དུ་གསེར་ཆུང་དང་དུང་ཆུང་གཅིག དུག་མདེལ་གཅིག་དང་བཅས་བཞག་གདའ་འོ།། བོད་རྒྱལ་ན་རེ། ཆུ་སླང་ང་གང་ནི་ཟླ་ཕྱི་མའི་ཉ་ལ་འོང་བ་ཡིན། གསེར་ཆུང་དང་དུང་ཆུང་ནི་དང་རའི་གསེར་ཕུག་དང་། དུང་ཕུག་གཉིས་སུ་དམག་གིས་ཆོད་ལ་སྒུག་ཅིག་ཟེར་བ་ཡིན། དུག་མདའ་ནི་བརྣག་པ་སྐྱེད་ལ་སོད་ཅིག་བྱ་བ་ཡིན་ཟེར་ཏེ་དེ་ལྟར་སྒུགས་སོ།། དེར་རྒྱལ་པོ་གཉིས་མཇལ་ནས་བོད་དམག་གིས་ཞང་ཞུང་གི་རྒྱལ་པོ་བཀྲོངས་སོ།། དེར་ཞང་ཞུང་འབུམ་སྡེ་ནི་ཕ་མ། བོད་ཁྲི་སྡེ་ནི་རྒྱལ་ལོ།།”ཞེས་བྲིས་ཡོད་པ་ལས་བྱུང་བ་ཡིན། ལྟ་ཚུལ་འདི་གཉིས་ནི་དེང་སྐབས་རྩོད་གཞི་ཅན་དུ་གྱུར་ཡོད་མོད། དོན་གྱིས་གཅིག་ནས་ཏུན་ཧོང་ཡིག་རྙིང་ན་བོད་ཀྱི་རྗེ་བློན་རྣམས་ཀྱིས་ཞང་ཞུང་གི་རྒྱལ་པོ་ལ་དམག་དྲངས་ཏེ་ལྀག་མྱི་རྷྱའའི་སྲིད་བརླག་པའི་ཚིག་ཙམ་ལས། ཞང་ཞུང་གི་ཡུལ་ལ་དངོས་སུ་དམག་དྲངས་ཏེ་ཞང་ཞུང་རྒྱལ་པོ་ལྀག་མྱི་རྷྱའའི་སྲིད་བརླག་པ་བྲིས་མེད་པས་ཚིག་དེ་འདང་རྒྱག་ས་ཞིག་རེད་ལ། ལྷག་པར་དུ་ཞང་བོད་ཀྱི་རྒྱལ་རབས་དང་ཆོས་འབྱུང་སོགས་སུ་བཤད་ཚུལ་དེ་དང་མཐུན་པའི་སྐད་ཆ་ཚིག་གཅིག་ཀྱང་མ་རྙེད་དོ།། གཉིས་སུ་ཞང་ཞུང་དང་བོད་ཀྱི་དམག་སྡེའི་བར་ཁྱད་ཚན་པ་སྔོན་མར་བརྗོད་ཚར་བ་བཞིན་བོད་རྒྱལ་ཁྲི་སྲོང་བརྩན་ལ་ཞང་ཞུང་གི་ཡུལ་ལ་ཐད་ཀར་དུ་དམག་དྲངས་ཏེ་ཆབ་འོག་ཏུ་བསྡུ་བའི་དམག་ཤུགས་མེད་པ། གསུམ་ནས་ཞང་ཞུང་སྙན་རྒྱུད་ན་བཤད་པའི་ལྟ་བ་དེ་རུ། ཞང་ཞུང་རྒྱལ་པོ་ལྀག་མྱི་རྷྱའ་ཅི་ལྟར་བཀྲོངས་པ་དང་བཀྲོངས་པའི་ས་གནས་སོགས་ཧ་ཅང་གསལ་བས་ལོ་རྒྱུས་དངོས་གཙོ་སྨྲ་བའི་བརྗོད་ཚུལ་དང་མཐུན་ལ། ལུང་དེ་རུ་བཤད་པའི་ཞང་ཞུང་རྒྱལ་པོ་ལྀག་མྱི་རྷྱའ་བཀྲོངས་པའི“དྭང་རའི་གསེར་ཕུག་དུང་ཕུག”ཞེས་པའི་གནས་དེ། བཤད་རྒྱུན་ལ་ཞང་ཞུང་རྒྱལ་པོ་ལྀག་མྱི་རྷྱའ་དྭངས་ར་ཁྱུང་རྫོང་ནས་བཙོན་ལ་བཅུག་སྟེ་མཐར་བཀྲོངས་ཟེར་བའི་ས་གནས་དང་ཧ་ཅང་མཐུན་ཏེ། 《སྨན་རིའི་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ་པོད་གསུམ་པ》(བསྟན་འབྱུང་དང་ལོ་རྒྱུས་ཀྱི་སྐོར)ལས།“གསེར་ཕུག་དང་དུང་ཕུག་ཟེར་བའི་ལུང་པ་དེང་སྐབས་ནག་ཚང་སྒོ་ནག་གི་སར། དྭང་ར་ཁྱུང་རྫོང་གི་ཤར་ཕྱོགས་ཀྱི་ལ་བརྒལ་ནས་ཁ་བྱང་དུ་བལྟས་ནས་ཕྱིན་ན་འདུག”ཟེར། བཞི་རུ་བཙན་མོ་སད་མ་ཀར་ལ་གཏམ་སྐྱེལ་དུ་མངགས་པའི་སྤུངས་གྱིམ་བཙན་རྨང་ཆུང་དང་། ལྀག་མྱི་རྷྱའའི་བཙུན་མོ་ཆུང་བ་གུ་རུབ་ཟ་སྣང་སྒྲོན་ལེགས་མོ་བྱ་བ་གཡོ་འོག་ཏུ་བཅུག་པར་མངགས་པའི་འཕྲུལ་བློན་སྣང་ནམ་ལེགས་གྲུབ་བྱ་བ་གཉིས་དུས་མཉམ་དུ་ཞང་ཞུང་ལ་མངགས་པ་དང་། དེ་གཉིས་ཀྱིས་ཞང་ཞུང་རྒྱལ་པོའི་ནང་སྲིད་ལ་རྒྱུས་མངའ་ཆེ་བའི་བཙན་མོ་སད་མ་ཀར་གྱི་ཇུས་གཞི་ལྟར་གཡོ་ཐབས་སྣ་ཚོགས་བཏོན་ཅིང་། མཐར་ཞང་ཞུང་རྒྱལ་པོ་གཡོ་སྒྱུའི་དྲ་བ་ལ་ཚུད་པས་སུམ་པ་གླིང་གི་གྱིམ་ཤོད་དུ་བཞུད་པའི་ལམ་བར་དྭངས་ར་ཁྱུང་རྫོང་ནས་བཟུང་བའི་སྐབས་གླགས་ལ་བརྟེན་ནས་ཞང་ཞུང་ལ་དམག་དྲངས་ཏེ་ཞང་ཞུང་གི་རྒྱལ་སྲིད་བརླགས་པར་འདོད་ལ་དེ་ནི་ལོ་རྒྱུས་དངོས་ཀྱི་བདེན་གཏམ་ལ་ཡང་མཐུན་སྙམ་མོ༎ 



  • 顶 0