པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན།

2019-11-01
0

པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་གི་ཐོག་མའི་མཚན་ལ་མགོན་པོ་ཚེ་བརྟན་ཞུ་ཞིང་། རབ་བྱུང་བཅུ་དྲུག་པའི་ས་སྟག་ལོ་སྟེ། རབ་བྱུང་བཅུ་དྲུག་པའི་ས་སྟག(སྤྱི་ལོ1938)ལོའི་ཟླ་བ་དང་པོའི་ཚེས་གསུམ་ཉིན་མདོ་སྨད་བིས་མདོ་རུ་འཁྲུངས། སྤྱི་ལོ1941ལོར་པཎ་ཆེན་བཞུགས་སྒར་ནང་སྒང་ནས་པཎ་ཆེན་སྐུ་ཕྲེང་དགུ་པའི་ཡང་སྲིད་དུ་ངོས་འཛིན་ཞུས་ཤིང་། བླ་ཁོ་འཇིགས་མེད་འཕྲིན་ལས་རྒྱ་མཚོའི་རིན་པོ་ཆེ་མཆོག་ནས་རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་འགྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་ཞེས་པའི་མཚན་གསོལ། སྤྱི་ལོ1949ལོའི་ཟླ་བ་བརྒྱད་པའི་ཚེས་བཅུ་ཉིན་སྐུ་འབུམ་བྱམས་པ་གླིང་དུ་ཁྲི་གསོལ་གཟབ་རྒྱས་ཞུས། སྐུ་ན་ཕྲ་བའི་སྐབས་ནས་དངུལ་ཆུ་རིན་པོ་ཆེ་དང་བཀའ་ཆེན་ཨང་ཉི་མ་སོགས་ཡོངས་འཛིན་དུ་བསྟེན་ནས། གཞུང་ཆེན་བཀའ་པོད་ལྔས་མཚོན་དམ་པའི་ཆོས་ཀྱི་གཞུང་ལུགས་ཁག་ལ་གསན་སྦྱངས་ཉམས་བཞེས་མཛད། དགོན་སྡེ་ཁག་ལ་བཤད་གྲྭ་འཛུགས་རྒྱུ་སོགས་ལ་ཐུགས་འཁུར་རྒྱུན་མར་མཛད། སངས་རྒྱས་ཀྱི་བསྟན་པ་མི་ཉམས་གོང་འཕེལ་མཛད་པ་དང་། སྤྱི་ལོ1954ལོའི་ཟླ་བ་དགུ་པར་སྐབས་དང་པོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་། སྤྱི་ལོ1956ལོའི་ཟླ་བ་བཞི་པར་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས་སྐབས་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་དང་པོ་གནང་། ལོ་དེའི་ཟླ་བ་བཅུ་གཅིག་པར། གདན་ཞུས་ལྟར་རྒྱ་གར་དུ་ཕེབས་ནས་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་འཁོར་བའི་དྲན་གསོའི་མཛད་ཆེན་ནང་ཞུགས། ཁོང་ཉིད་བོད་རིགས་ས་ཁུལ་དུ་ལས་དོན་གཟིགས་ཞིབ་གནང་བར་ཕེབས་ཏེ། ལྷ་ལྡན་སྨོན་ལམ་སླར་གསོ་གནང་བ་དང་། བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གསར་འཛུགས་སོགས་བོད་ཀྱི་ཆོས་སྲིད་རིག་གནས་དང་བཅས་པར་ཕན་པའི་ཕྱག་ལས་རླབས་ཆེན་གནང་། ཁོང་གི་གསུང་རྩོམ་ནི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་འགྲེལ་པ་དང་། སྐྱེ་རྡོར་ལྷན་སྐྱེས་ཀྱི་ཆོ་ག་གསུམ་བསྐྱེད་ཅེས་པ་སོགས་ཡོད། སྤྱི་ལོ1989ལོའི་སྤྱི་ཟླ1པོའི་ཚེས9ཉིན་གདན་ས་བཀྲ་ཤིས་ལྷུན་པོར་པཎ་ཆེན་སྐུ་ཕྲེང་ལྔ་པ་ནས་དགུ་པའི་བར་གྱི་མཉམ་བཞུགས་སྐུ་གདུང་མཆོད་ཁང་ཤར་བཀྲ་ཤིས་རྣམ་རྒྱལ་བསྐྱར་བཞེངས་གཙོ་སྐྱོང་གནང་བར་ཕེབས་སྐབས་ཏེ་ལོ་དེའི་སྤྱི་ཟླ1པོའི་ཚེས28ཉིན་གློ་བུར་དུ་གཞིས་རྩེ་གྲོང་ཁྱེར་གྱི་བདེ་ཆེན་སྐལ་བཟང་ཕོ་བྲང་གི་གཟིམ་ཆུང་བཤད་སྒྲུབ་འཕེལ་རྒྱས་གླིང་དུ་དགོངས་པ་ཆོས་དབྱིངས་སུ་འཐིམས།

པཎ་ཆེན་སྐུ་ཕྲེང་བཅུ་པར་ངོས་འཛིན་བྱས་པ།

པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་གི་ཐོག་མའི་མཚན་ལ་མགོན་པོ་ཚེ་བརྟན་ཞུ་ཞིང༌། རབ་བྱུང་བཅུ་དྲུག་པའི་ས་སྟག(སྤྱི་ལོ1938)ལོའི་ཟླ་བ་དང་པོའི་ཚེས་གསུམ་ཉིན་མཚོ་སྔོན་ཞིང་ཆེན་གྱི་ཞུན་ཧྭ་རྫོང་ཁོངས་བིས་མདོ་ཡུལ་ཚོའི་ངོ་མཚར་ཞེས་པའི་གྲོང་ཚོར་ས་སྐྱ་འཁོན་གྱི་རིགས་ལས་མཆེད་པའི་བིས་མདོ་དཔོན་ཚང་དུ་ཡབ་བིས་མདོ་སྟོང་དཔོན་གུར་མགོན་ཚེ་བརྟན་དང་ཡུམ་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། ལྕགས་སྦྲུལ(སྤྱི་ལོ1941)ལོར་པཎ་ཆེན་བཞུགས་སྒར་ནང་སྒང་ནས་པཎ་ཆེན་སྐུ་ཕྲེང་དགུ་པའི་ཡང་སྲིད་དུ་ངོས་འཛིན་ཞུས་པ་དང༌། ས་གླང(སྤྱི་ལོ1949)ལོའི་ཟླ་བ་དྲུག་པའི་ཚེས་གསུམ་ཉིན། སྐབས་དེའི་མིང་གོ་སྲིད་གཞུང་ནས་ཆོག་མཆན་ཕུལ་བ་བཞིན། གསེར་བུམ་དཀྲུག་འདོན་མི་དགོས་པར་པཎ་ཆེན་སྐུ་ཕྲེང་བཅུ་པའི་མཚན་བཞེས་པ་དང༌། སྐྱབས་རྗེ་རྡོ་རྗེ་འཆང་བླ་ཁོ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་རིན་པོ་ཆེ་མཆོག་ནས་རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་ཞེས་པའི་མཚན་གསོལ། ལོ་དེའི་ཟླ་བ་བརྒྱད་པའི་ཚེས་བཅུ་ཉིན་སྐུ་འབུམ་བྱམས་པ་གླིང་དགོན་དུ་ཁྲི་གསོལ་གཟབ་རྒྱས་ཞུས། སྐུ་ན་ཕྲ་བའི་སྐབས་ནས་དངུལ་ཆུ་རིན་པོ་ཆེ་དང་བཀའ་ཆེན་ཨང་ཉི་མ་སོགས་ཡོངས་འཛིན་དུ་བསྟེན་ནས། གཞུང་ཆེན་བཀའ་པོད་ལྔས་མཚོན་དམ་པའི་ཆོས་ཀྱི་གཞུང་ལུགས་ཁག་ལ་གསན་སྦྱངས་དང་ཉམས་བཞེས་མཐར་ཕྱིན་མཛད་པར་མ་ཟད། དགོན་སྡེ་ཉམས་གསོ་དང་སྐུ་གསུང་ཐུགས་རྟེན་གསར་བཞེངས། ཆོས་ལུགས་ཀྱི་སློབ་གྲྭ་འཛུགས་གཉེར། དགོན་སྡེ་ཁག་ལ་བཤད་གྲྭ་འཛུགས་རྒྱུ་སོགས་ལ་ཐུགས་འཁུར་རྒྱུན་མར་མཛད་པས་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་པ་དང་དེ་འབྲེལ་རྒྱ་ཆེའི་དད་ལྡན་སེར་སྐྱ་མང་ཚོགས་ལ་དུསའཁོར་དབང་ཆེན་དང༌། འཇིགས་བྱེད་དབང་ཆེན། བྱང་ཆུབ་ལམ་རིམ་གྱི་བཀའ་ཁྲིད་སོགས་ཆོས་འཁོར་རྒྱ་ཆེར་བསྐོར་ཏེ་སངས་རྒྱས་ཀྱི་བསྟན་པ་མི་ཉམས་གོང་འཕེལ་དང་བསྟན་པ་ཡང་དར་ལ་མཛད་རྗེས་འགྲན་ཟླ་བྲལ་བ་འཇོག་གནང་མཛད་པ་དང༌། ལྷག་པར་དུ་བོད་ལྗོངས་ཀྱིས་གཙོས་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང༌། རིག་གནས། སློབ་གསོ་སོགས་གོང་འཕེལ་ཡོང་ཆེད་འབད་པ་ལྷོད་མེད་གནང་ཡོད།

 ཆབ་སྲིད་ཀྱི་ཕྱག་ལས་གནང་བ།

རབ་བྱུང་བཅུ་དྲུག་པའི་ས་གླང(སྤྱི་ལོ1949)ལོའི་ཟླ་བ་བཅུ་པའི་ཚེས་གཅིག་ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་མཛད་སྒོའི་ཉིན་དེར། .jpgཔཎ་ཆེན་རིན་པོ་ཆེས་མཚོ་སྔོན་གྱི་ཤང་སྡེ་ནས་ཀྲུའུ་ཞི་མའོ་ཙེ་ཏུང་དང་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་རྣམ་གཉིས་ལ་གློག་འཕྲིན་བཏང་གནང་སྟེ་ཀྲུང་གོ་གསར་པ་དབུ་བརྙེས་པར་བརྩི་བཀུར་ཞུས་གནང༌། ལྕགས་ཡོས(སྤྱི་ལོ1951)ལོའི་ཟླ་བ་བཞི་པར་པཎ་ཆེན་རིན་པོ་ཆེ་སྐུ་ངོ་མས་པཎ་ཆེན་བཞུགས་སྒར་ནང་སྒང་གི་དཔོན་རིགས་གཙོ་བོ་ཁྲིད་གནང་སྟེ།པེ་ཅིན་དུ་ཕེབས་ནས་ཀྲུང་དབྱང་མིདམངས་སྲིད་གཞུང་ལ་བརྩི་བཀུར་ཞུ་ལུགས་མཚོན་པར་གནང་བ་དང༌། བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་འཇོག་རྒྱུར་སྐུལ་འདེད་དང་རྒྱབ་སྐྱོར་གནང་བ་མ་ཟད། གྲོས་མཐུན་ལ་མིང་རྟགས་བཀོད་རྗེས་པཎ་ཆེན་རིན་པོ་ཆེ་དང་ནང་སྒང་གིས་གསལ་བསྒྲགས་སྤེལ་ནས་བརྩི་བཀུར་ཞུས། ཆུ་འབྲུག(སྤྱི་ལོ1952)ལོའི་ཟླ་བ་བཞི་པའི་ཚེས་ཉི་ཤུ་བརྒྱད་ཉིན་པཎ་ཆེན་རིན་པོ་ཆེ་དང་སྐུ་འཁོར་རྣམས་ལྷ་ལྡན་དུ་ཕེབས་འབྱོར་ཟིན་པ་དང༌། ཕོ་བྲང་པོ་ཏ་ལར་རྒྱལ་བ་ཡབ་སྲས་རྣམ་གཉིས་ལྷན་འཛོམས་བྱུང་བས་དེ་ནི་བོད་མི་རིགས་ནང་ཁུལ་དུ་མཐུན་སྒྲིལ་བྱུང་བའི་མཚོན་རྟགས་བཟང་པོ་ཞིག་ཡིན། ལོ་དེ་གའི་སྤྱི་ཟླ་དྲུག་པའི་ཚེས་ཉི་ཤུ་གསུམ་ཉིན་གདན་ས་བཀྲ་ཤིས་ལྷུན་པོར་ཞབས་སོར་འཁོད། དེ་ནས་བཟུང་ཆོས་སྲིད་གཉིས་ཀའི་མཛད་པ་མང་པོ་སྤེལ་གནང་མཛད་ཅིང་། ཤིང་རྟ(སྤྱི་ལོ1954)ལོའི་ཟླ་དགུ་པར་སྐབས་དང་པོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོར་ཞུགས་གནང་བ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་འདམས་ཐོན་བྱུང༌། མེ་སྤྲེལ(སྤྱི་ལོ1956)ལོའི་ཟླ་བ་བཞི་པར་བོད་རང་སྐྱོང་ལྗོངས་གྲྭ་སྒྲིག་ཨུ་ཡོན་ལྷན་ཁང་དབུ་བརྙེས་སྐབས་པཎ་ཆེན་རིན་པོ་ཆེ་ནས་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷནཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་དང་པོ་གནང༌།

ལོ་དེ་གའི་ཟླ་བ་བཅུ་གཅིག་པར། རྒྱ་གར་སྲིད་གཞུང་གི་གདན་ཞུས་ལྟར་རྒྱལ་བ་ཡབ་སྲས་རྣམ་གཉིས་རྒྱ་གར་དུ་ཆིབས་བསྒྱུར་གནང་སྟེ་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་ཉིས་སྟོང་ལྔ་བརྒྱ་འཁོར་བའི་དྲན་གསོའི་མཛད་ཆེན་ནང་ཞུགས། རྒྱ་གར་དུ་བཞུགས་རིང་གང་ཉིད་ལ་ཝ་རྭ་ན་སི་ནང་བསྟན་སློབ་གླིང་ནས་མཚན་འཛིན་ནང་བསྟན་པཎྜི་ཏའི་མཚན་གནས་ཕུལ་བ་བཞེས། ས་ཁྱི(སྤྱི་ལོ1958)ལོར་གདན་ས་བཀྲ་ཤིས་ལྷུན་པོའི་བཀའ་ཆེན་གྱི་མཚན་གནས་བཞེས།

ས་ཕག(སྤྱི་ལོ1959)ལོའི་ཟླ་བ་གསུམ་པའི་ཚེས་ཉི་ཤུ་བརྒྱད་ཉིན་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལས་ཚབ་ཏུ་བསྐོ་གཞག་དང༌། ལོ་དེ་གའི་སྐབས་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པར་འདམས་ཐོན་བྱུང༌།

《ཡིག་འབྲུ་བདུན་ཁྲིའི་གོང་འབུལ་ཡི་གེ》

ལྕགས་གླང(སྤྱི་ལོ1961)ལོའི་ཟླ་བ་དགུ་པར་པེ་ཅིན་དུ་ཕེབས་ནས་རྒྱལ་སྟོན་དུས་ཆེན་གྱི་མཛད་སྒོར་ཞུགས་རྗེས་མེས་རྒྱལ་ནང་ཁུལ་དུ་ལོ་ཕྱེད་ཙམ་བཞུགས་རིང་མཚོ་སྔོན་སོགས་ས་ཁུལ་དུ་ལས་དོན་ལ་གཟིགས་ཞིབ་གནང་བར་ཕེབས་པ་དང༌། མཚོ་སྔོན་སོགས་ས་ཁུལ་དུ་བྱུང་བའི་གནས་ཚུལ་རྣམས་བོད་ཀྱི་གནས་ཚུལ་དང་ཟུང་འབྲེལ་གནང་སྟེ་ཟླ་ཤས་རིང་ནང་མོལ་དང་དགོངས་བཞེས་གནང་བ་བརྒྱུད། ཆུ་སྟག་(སྤྱི་ལོ1962)ལོའི་ཟླ་བ་ལྔ་པར་པེ་ཅིན་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ《བོད་ཀྱི་སྤྱི་དང་བྱེ་བྲག་གི་གནས་ཚུལ་དང་དེ་བཞིན་བོད་ཀྱིས་གཙོས་པའི་བོད་རིགས་ས་ཁུལ་གྱི་བདེ་སྡུག་དང་སླད་ཕྱིན་གྱི་རེ་སྒུག་དང་རེ་འདུན་གྱི་སྙན་ཞུ》(དེ་རྗེས་སུ《ཡིག་འབྲུ་བདུན་ཁྲིའི་གོང་འབུལ་ཡི་གེ》ཞེས་པ་དེ་ཡིན)ཞེས་མགོ་བརྗོད་དུ་འཁོད་པའི་ཕྱག་བྲིས་ཕུལ་བ་དང་སྙན་ཞུ་དེའི་ནང་གོ་རིམ་ལྡན་པ་དང་སྦ་གསང་མེད་པའི་ཐོག་ནས་བོད་དང་དེ་བཞིན་བོད་རིགས་ས་ཁུལ་གཞན་དག་གི་ལས་དོན་སྐོར་ལ་སྐྱོན་བརྗོད་དང་གྲོས་འགོ་བཏོན་གནང་མཛད། འོན་ཀྱང་དེ་རྗེས་གཡོན་གྱི་ནོར་འཁྲུལ་དང་རིག་གནས་གསར་བརྗེའི་རིང་དྲང་བཞག་མ་ཡིན་པའི་ལྟ་སྟངས་བཟུང་སྟེ་ལོ་ངོ་དགུའི་རིང་བཙོན་དུ་བཞུགས་དགོས་བྱུང༌། ཏང་གི་སྐབས་བཅུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས་ནོར་འཛོལ་དག་སེལ་དང་དབུ་གནས་སླར་གསོ་བྱུང་བ་མ་ཟད། ཏེང་ཞའོ་ཕིང་མཆོག་ནས་ཁྱེད་ནི་རྒྱལ་གཅེས་པ་ཆེ་ཤོས་ཡིན་ཞེས་གདེང་འཇོག་ཤིན་ཏུ་ཆེན་པོ་མཛད། ས་རྟ(སྤྱི་ལོ1978)ལོ་ནས་བཟུང་པཎ་ཆེན་རིན་པོ་ཆེའི་རྒྱལ་ཁབ་དབུ་ཁྲིད་ཀྱི་གོ་གནས་སླར་གསོ་བྱུང་བ་དང༌། དེ་རྗེས་ལོ་བཅུའི་ནང་རྒྱལ་ཡོངས་ས་གནས་ཁག་དང་བོད་རིགས་ས་ཁུལ་དུ་ལས་དོན་གཟིགས་ཞིབ་གནང་བར་ཕེབས་ཏེ་སྤྲོ་སེམས་ཆེན་པོས་བོད་ཁུལ་གྱི་ལས་དོན་ཐད་འཛིན་པའི་ཏང་གི་བྱེད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་གནང་བ་དང༌། བོད་ཁུལ་གྱི་འཛུགས་སྐྲུན་བྱ་གཞག་ཁག་དང་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བར་ཐུགས་འཁུར་གནང་ཞིང༌། ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་དོན་འཁྱོལ་བྱེད་པ་དང༌། བོད་རིགས་ས་ཁུལ་ཁག་ཡར་རྒྱས་དང་དར་རྒྱས་ཡོང་བར་སྐུལ་མ་ཡོང་བའི་ཐད་ལེགས་སྐྱེས་ཤུགས་ཆེ་ཕུལ་གནང་བ་མ་ཟད། སྐུ་ཚབ་ཚོགས་པར་སྣེ་ཁྲིད་མཛད་དེ་པོ་ལེ་ཝེ་ཡ་དང༌། ཨའོ་ཏ་ལི་ཡ། བལ་ཡུལ་བཅས་སུ་འཚམས་འདྲི་གནང་བར་ཕེབས་པ་དང་རྒྱལ་ནང་དུ་ཕྱི་རྒྱལ་གྱི་སྐུ་མགྲོན་དང་མཇལ་འཕྲད་ཐེངས་མང་གནང་སྟེ་ཕྱི་རྒྱལ་གྱི་གྲོགས་པོ་ཚོར་དངོས་ཐོག་བདེན་འཚོལ་ངང་རང་རྒྱལ་གྱི་སྲིད་ཇུས་ཁག་དང་ལས་དོན་ཁག་ངོ་སྤྲོད་གནང་བ་དང་ཕྱོགས་མཚུངས་སུ་རང་རྒྱལ་ནས་བསྒྱུར་བཅོས་སྒོ་དབྱེ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པར་སེམས་ཤུགས་ཀྱིས་ཁེངས་ཚུལ་གསུངས་པར་ཕྱི་རྒྱལ་གྱི་གྲོགས་པོ་ཚོའི་ཚད་མཐོའི་བསྟོད་བསྔགས་དང་ཡིད་ཆེས་ཐོབ་ཡོད།

 མཛད་འཕྲིན་གཙོ་གྲས།

པཎ་ཆེན་རིན་པོ་ཆེས་བོད་མི་རིགས་ཀྱི་ལས་དོན་གོང་འཕེལ་དང་ཡར་རྒྱས་འགྲོ་རྒྱུར་ཐུགས་འཁུར་ཆེ་བཞེས་དང༌། བོད་རིགས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་གོང་འཕེལ་འགྲོ་རྒྱུར་ཐུགས་འཁུར་གནང་ཆེ་བཞེས་གནང་ཡོད་ཅིང་། ཁོང་གི་མཛད་འཕྲིན་གཙོ་གྲས་མདོར་བསྡུས་ན།

(1) མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་ལག་བསྟར་བྱེད་རྒྱུར་ཐུགས་འཁུར་ཆེ་བཞེས་གནང་ནས་དུས་རྒྱུན་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྟེན་ནས་མི་རིགས་ས་ཁོངས་རང་སྐྱོང་གི་དབང་ཆ་གང་ལེགས་དང་ཡང་དག་པའི་སྒོ་ནས་སྤྱོད་དགོས་པའི་ནན་གསུང་གནང་གི་ཡོད་ལ་མི་རིགས་མཐུན་སྒྲིལ་ལ་ཧ་ཅང་མཐོང་ཆེན་གནང་ནས་བོད་རིགས་དང་རྒྱ་རིགས་དབར་དང༌། བོད་རིགས་དང་མི་རིགས་གཞན་དག་དབར། བོད་རིགས་ནང་ཁུལ་བཅས་ཀྱི་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་དགོས་པའི་ནན་གསུང་ཡང་གནང་ཡོད།

(2) བོད་དང་བོད་ཁུལ་གཞན་དག་གི་དཔལ་འབྱོར་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་ཆེད་པཎ་ཆེན་རིན་པོ་ཆེ་མཆོག་དང་ང་ཕོད་ངག་དབང་འཇིགས་མེད་མཆོག་རྣམ་གཉིས་ནས་གྲོས་འགོ་བཏོན་གནང་བ་ལྟར། རབ་བྱུང་བཅུ་བདུན་པའི་མེ་ཡོས(སྤྱི་ལོ1987)ལོའི་ཟླ་བ་བཞི་པའི་ཚེས་བཅོ་ལྔ་ཉིན་བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་བཙུགས་གནང་མཛད།.jpg

(3)བོད་ཀྱི་སྐད་ཡིག་སློབ་སྦྱོང་དང༌། བེད་སྤྱོད། གོང་འཕེལ་གཏོང་རྒྱུར་ལྷག་པར་དུ་མཐོང་ཆེན་གནང་ཞིང༌། མེ་ཡོས(སྤྱི་ལོ1987)ལོའི་ཟླ་བ་བདུན་པར་ཨུ་ཡོན་ཀྲང་སྐུ་གཞོན་ང་ཕོད་ངག་དབང་འཇིགས་མེད་མཆོག་དང་ལྷན་དུ་གྲོས་འགོ་འདོན་གནང་མཛད་ནས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐོག《བོད་ཀྱི་སྐད་ཡིག་སློབ་སྦྱོང༌བེད་སྤྱོད། གོང་འཕེལ་བཅས་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་འགའ་ཞིག》ཅེས་པར་གྲོས་འཆམ་བྱུང་བ། བོད་རྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཁྱད་དུ་འཕགས་པའི་གཙོ་འཛིན་ཞིག་གི་ངོས་ནས་ཕྱོགས་གཅིག་ནས་བཏང་དང་སྲིད་གཞུང་ལ་གཞོགས་འདེགས་ཀྱིས་ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་ལེན་མཐར་ཕྱིན་གནང་ཏེ་དགོན་པ་དང་གྲྭ་བཙུན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་གནང་བ་དང༌། ཕྱོགས་གཞན་ཞིག་ནས་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་བསྟུན་གནང་སྟེ་བོད་རྒྱུད་ནང་བསྟན་ཆོས་ལུགས་དེ་རིམ་བཞིན་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་འཚམས་པ་ཡོང་ཆེད་ཕན་ཡོད་ཀྱི་ཕྱག་ལས་མང་པོ་གནང་ཡོད་པ་སྟེ། བོད་རྒྱུད་ནང་བསྟན་ཆོས་ལུགས་མི་ཉམས་གོང་འཕེལ་དང་བསྟན་པ་ཡང་དར་ཡོང་ཕྱིར་སྐུ་ངོ་མས་པེ་ཅིན་དུ་ཀྲུང་གོའི་བོད་རྒྱུད་ནང་བསྟན་སློབ་གླིང་བཙུགས་གནང་བ་དང་འབྲེལ་དབུ་འཛིན་ཡང་གནང་ནས་ཆབ་སྲིད་ཐད་མེས་རྒྱལ་ལ་དགའ་ཞེན་བྱེད་པ་དང༌། ཆོས་ལུགས་ཐད་ནང་བསྟན་ཆོས་ལུགས་ཀྱི་སྐུ་ཡོན་ཆེ་ཙམ་ཡོད་མཁན་བླ་སྤྲུལ་གསོ་སྐྱོང་མཛད་པ་སོགས་ཡིན།

ཁོང་གི་གསུང་རྩོམ《སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་འགྲེལ་པ》དང《སྐྱེ་རྡོར་ལྷན་སྐྱེས་ཀྱི་ཆོ་ག་གསུམ་བསྐྱེད》ཅེས་པ་སོགས་ཡོད།

སྤྱི་ལོ1989ལོའི་ཟླ1པོའི་ཚེས28ཉིན།

མཐར་ས་སྦྲུལ(སྤྱི་ལོ1989)ལོའི་སྤྱི་ཟླ་དང་པོའི་ཚེས་དགུ་ཉིན་གཙང་ལྗོངས་ཀྱི་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོར་པཎ་ཆེན་སྐུ་ཕྲེང་ལྔ་པ་ནས་དགུ་པའི་བར་གྱི་མཉམ་བཞུགས་སྐུ་གདུང་མཆོད་ཁང་ཤར་བཀྲ་ཤིས་རྣམ་རྒྱལ་བསྐྱར་བཞེངས་མཛད་ཆེན་གཙོ་སྐྱོང་གནང་བར་ཕེབས་ཤིང༌། མཛད་བྲེལ་ཆེ་དྲགས་པའི་རྐྱེན་གྱིས་གློ་བུར་དུ་སྐུ་སྙིང་ལ་སྙུན་གཞི་ཕོག་སྟེ་ཕྱོགས་གང་ཐད་ནས་མྱུར་སྐྱོབ་ཞུས་ཀྱང་ཕན་འབྲས་མ་ཐོན་པར་ལོ་དེའི་སྤྱི་ཟླ1པོའི་ཚེས28ཉིན་ཀཞིས་རྩེ་གྲོང་ཁྱེར་གྱི་བདེ་ཆེན་སྐལབཟང་ཕོ་བྲང་གི་གཟིམ་ཆུང་བཤད་སྒྲུབ་འཕེལ་རྒྱས་གླིང་དུ་དགོངས་པ་གཞན་དོན་དུ་གཤེགས། སྐུ་གཤེགས་སྐབས་དགུང་ལོ་ལྔ་བཅུ་ང་གཅིག་ལ་ཕེབས་ཡོད།

སྐུ་འཚོ་བཞུགས་རིང་སྐབས་དང་པོའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང༌། སྐབས་གཉིས་པ་དང༌། ལྔ་པ། དྲུག་པ། བདུན་པ་བཅས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ།

སྐབས་གཉིས་པ་དང་ལྔ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། སྐབས་གསུམ་པ་དང་བཞི་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་དང་པོ་དང༌། ཀྲུའུ་རེན་ཨུ་ཡོན་ལས་ཚབ་བཅས་ཀྱི་ཐུགས་འགན་བཞེས་མྱོང་ཡོད་ཅིང༌། སྐུ་གཤེགས་རྗེས་ཀྲུང་དབྱང་དངའབྲེལ་ཡོད་ས་གནས་ཀྱི་མྱ་ངན་ཞུ་ཚིག་ནང་ཁོང་ཉིད་ནི་རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་པ་དང༌། སྐད་གྲགས་ཡོད་པའི་རྒྱལ་དོན་གནང་སྒོ་མཁས་ཅན། ཀྲུང་གོའི་གུང་ཁྲན་ཏང་གི་ལྷག་བསམ་ཟོལ་མེད་ཀྱི་གྲོགས་པོ། ཀྲུང་གོའི་བོད་རྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཁྱད་དུ་འཕགས་པའི་གཙོ་འཛིན་ཞིག་བཅས་ཡིན་ཞེས་གདེང་འཇོག་ཤིན་ཏུ་ཆེན་པོ་ཞུས་ཡོད།


དཔྱད་གཞིའི་ཡིག་ཆ།

  • 1  དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་མཛད་པའི 《དུང་དཀར་ཚིག་མཛོད་ཆེན་མོ》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོའི་ཟླ4པའི་པར་གཞི། ཤོག་ངོས1262-1266སྟེང་གསལ།

  • 2  སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི 《སྨོན་ལམ་ཚིག་མཛོད་ཆེན་མོ》།


  • 顶 0