ཙམ་པ་ཀ

2018-12-10

 

   གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ཡ་གྱལ་ཡིན། ཡོངས་གྲགས་སུ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའམ་བརྒྱད་ཅུ་ཞེས་གྲགས་པ་ནི་བླ་མ་རྡོ་རྗེ་གདན་པས་ཚོགས་འཁོར་མཛད་པའི་དུས་སྐབས་སུ་བྱོན་པའི་གྲུབ་ཐོབ་གྲངས་ལ་བརྒྱད་ཅུ་བྱུང་བར་བརྟེན་ནས་དེ་ལྟར་གྲགས་པ་ཡིན། གྲུབ་ཆེན་བརྒྱད་ཅུ་རྩ་བཞི་དེ་དག་ནི་སྤྱི་ལོའི་དུས་རབས་བདུན་པ་ནས་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་མཇུག་བར་ལོ་ངོ་དྲུག་བརྒྱའི་རིང་བྱོན་པའི་སྙན་གྲགས་ཆེ་ཤོས་ཀྱི་གྲུབ་ཐོབ་ཤ་སྟག་ཡིན།

  སློབ་དཔོན་ཙམ་པ་ཀའི(མེ་ཏོག་པ)ལོ་རྒྱུས་ནི།   ཡུལ་ཙམ་པ་ཀ་ཞེས་མེ་ཏོག་གི་མིང་ལས་བཏགས་པ་ཡིན།   དེས་ན་རྒྱལ་པོ་གཅིག་ལ་རྒྱལ་སྲིད་ཀྱི་འབྱོར་པ་ཆེན་པོ་དང་ལྡན་པ་ལ།  ལང་ཚོ་གཞོན་པའི་དྲེགས་པས་ར་རོ་བར་གྱུར་ཏོ། །ཙམ་པ་ཀའི་སྐྱེད་མོས་ཚལ་དུ་མེ་ཏོག་གིས་ཁང་པ་བྱས།      སྔས་དང་སྟན་ཡང་མེ་ཏོག་ཙམ་པ་ཀ་ཁ་དོག་སེར་བ།  དྲི་ཞིམ་པོ་ལ་བྱས་པའི་སྟེང་དུ་འགྲེ་ལྡོག་བྱེད་ཀྱིན་འདུག་པ་ན།    དེའི་གན་དུ་དགེ་སློང་ཞིག་བྱོན་པ་དང་།  རྒྱལ་པོ་དང་བཙུན་མོ་ལ་སོགས་པའི་འཁོར་ཐམས་ཅད་ཀྱིས་ཕྱག་བྱས།    གདན་སྟབས།   ཞབས་བཀྲུ་བ་ལ་སོགས་བསྙེན་བཀུར་གྱི་རིམ་པ་བྱས་ཏེ།   བཞེས་ཆབ་གྱ་ནོམ་པ་ཡང་ཞུས་པས།  རྒྱལ་པོ་ལ་སོགས་པའི་དོན་དུ་དགེ་སློང་དེས་ཡོན་བཤད་མཛད་པས།   རྒྱལ་པོ་འཁོར་བཅས་དད་དེ་སློབ་དཔོན་དུ་བཟུང་ནས་བཞུགས་པ་དང་།  རྒྱལ་པོ་ན་རེ་ཁྱོད་ཀྱིས་ཡུལ་མང་པོ་གཟིགས་ན་མེ་ཏོག་འདི་འདྲ་བ་ཡུལ་གཞན་ན་མཆིས་སམ།    བདག་གི་སྐྱིད་འདྲ་བ་རྒྱལ་པོ་གཞན་སུ་ལ་གདའ་ཟེར།   དགེ་སློང་ན་རེ་འབྱོར་པའི་བདེ་བ་ནི་རྒྱལ་པོ་གཞན་ལས་ཁྱེད་ལྷག་པ་འདུག་སྟེ།   ལར་འཁོར་བའི་ཆོས་ལ་སྙིང་པོ་མེད་པ་རྣམ་སྨིན་གྱི་ལུས་ཤ་ཁྲག་གི་ཕུང་པོ་མི་གཙང་བས་གང་བ་སྡུག་བསྔལ་གྱི་རང་བཞིན་ཅན་འདི་ལ་གཅེས་སྤྲས་བྱས་ཀྱང་སྙིང་པོ་གང་ཡང་མེད་དོ་གསུངས།  རྒྱལ་པོས་རང་གི་སྐྲ་དང་སེན་མོ་བཅད་ནས་མེར་བསྲེགས་པས།  ཙམ་པ་ཀའི་མེ་ཏོག་དྲི་ཞིམ་པོ་དེ་མ་བྱུང་བར་མི་གཙང་བའི་དྲི་སྐྱུག་བྲོ་བ་བྱུང་བས།  རང་གི་ལུས་ལ་ཡིད་འབྱུང་སྐྱོ་བ་སྐྱེས་ཏེ། འཕགས་པ་བདག་ལ་ཆོས་ཤིག་ཞུ་ཟེར།  དགེ་སློང་གིས་རྣམ་སྨིན་གྱི་ལུས་མི་གཙང་བའི་རང་བཞིན་ཡིན་པ་དང་།   འཁོར་བའི་ཉེས་དམིགས་དཔག་ཏུ་མེད་པ་དང་།  ཐར་པའི་ཆོས་དང་མྱ་ངན་ལས་འདས་པའི་ཡོན་ཏན་དང་བསྔགས་པ་དུ་མ་བཤད་ནས་བྱིན་རླབས་འཕོ་བའི་དབང་བསྐུར་མཛད་དེ།   གདམས་ངག་གསུམ་གནང་བ་ནི།   བླ་མའི་གདམས་ངག་གི་མེ་ཏོག་དང་།  རང་ཉིད་ཀྱི་སེམས་ཀྱི་བུང་བ་དང་།   བྱམས་སྙིང་རྗེའི་སྦྲང་རྩི་དང་གསུམ།  རང་གི་སེམས་ཀྱི་དམིགས་པས་གཅིག་ཏུ་གྱིས་ལ་སྒོམས་ཤིག་གསུངས།  དེས་ཀྱང་ལོ་བཅུ་གསུམ་གྱི་བར་དུ་བསྒོམས་པས་སྒོ་གསུམ་གྱི་མངོན་ཞེན་འཁྲུལ་པའི་དྲི་མ་ཐམས་ཅད་དག་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ།  མཚན་ཡང་སློབ་དཔོན་ཙམ་པ་ཀ་ཞེས་ཕྱོགས་ཀུན་ཏུ་གྲགས་སོ།   །དེའི་རྟོགས་བརྗོད་ནི།  ཐབས་དང་ཤེས་རབ་ཨ་ཙ་ན་ལྟ་བུ། །བླ་མ་ཆུ་བོའི་རྒྱུན་གྱིས་ཀུན་ལ་ཁྱབ།   །ལྷན་ཅིག་སྐྱེས་པའི་དཔག་བསམ་ཤིང་དག་ལ།   །འབྲས་བུ་སྐུ་གསུམ་གདོད་ནས་རང་ལ་རྫོགས།   །ཞེས་གསུངས་ནས་རང་གི་བཙུན་མོ་ལ་སོགས་པའི་འགྲོ་བ་དུ་མའི་དོན་མཛད་དེ།       ལུས་དེ་ཉིད་མ་སྤངས་པར་མཁའ་སྤྱོད་དུ་གཤེགས་སོ།   །

<