ཛ་ལེནྡྲ།

2018-12-10

 

   གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ཡ་གྱལ་ཡིན། ཡོངས་གྲགས་སུ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའམ་བརྒྱད་ཅུ་ཞེས་གྲགས་པ་ནི་བླ་མ་རྡོ་རྗེ་གདན་པས་ཚོགས་འཁོར་མཛད་པའི་དུས་སྐབས་སུ་བྱོན་པའི་གྲུབ་ཐོབ་གྲངས་ལ་བརྒྱད་ཅུ་བྱུང་བར་བརྟེན་ནས་དེ་ལྟར་གྲགས་པ་ཡིན། གྲུབ་ཆེན་བརྒྱད་ཅུ་རྩ་བཞི་དེ་དག་ནི་སྤྱི་ལོའི་དུས་རབས་བདུན་པ་ནས་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་མཇུག་བར་ལོ་ངོ་དྲུག་བརྒྱའི་རིང་བྱོན་པའི་སྙན་གྲགས་ཆེ་ཤོས་ཀྱི་གྲུབ་ཐོབ་ཤ་སྟག་ཡིན།

  ཛ་ལེནྡྲའི(འབར་བའི་དབང་པོའམ་དབང་པོའི་དྲ་བ་པ)ལོ་རྒྱུས་ནི།   ཡུལ་ཨོ་རྒྱན་གྲོང་ཁྱེར་འབུམ་ཚོ་ལྔ་ཡིན་ལ།   དེ་ན་རྒྱལ་པོ་གཉིས་ཡོད་དེ་སཾ་བྷེལ་གྲོང་ཁྱེར་འབུམ་ཚོ་ཕྱེད་དང་གསུམ་ཨིནྡྲ་བྷཱུ་ཏི་དབང་།   མངྒ་ལ་པུ་ར་གྲོང་ཁྱེར་འབུམ་ཚོ་ཕྱེད་དང་གསུམ་ཛ་ལནྡྲ་དབང་ངོ་། །   ཨིནྡྲ་བྷཱུ་ཏི་ལ་བུ་མོ་ལེགས་སྨིན་ཀ་ར་བྱ་བ་ལོ་བདུན་ལོན་པ་ཞིག་ཡོད། ཛ་ལེནྡྲ་ལའང་བུ་གཅིག་ཡོད་པས།  དེ་ལ་ལེགས་སྨིན་ཀ་ར་སློང་དུ་བཏང་བས།    ཨིནྡྲ་བྷཱུ་ཏིས་བློན་པོ་ཀུན་ལ་སྨྲས་པ།   ངེད་གཉིས་མཉམ་པོ་ཡིན་ཀྱང་།   ཛ་ལེནྡྲ་ཆོས་མི་བྱེད་པས་འདི་ཙམ་གྱི་ཁྱད་ཡོད་གསུངས།   བློན་པོ་རྣམས་ཀྱིས་དེ་ལྟར་ཡིན་ཡང་སྦྱིན་པར་བྱ་བ་རིགས་ཟེར།   དེ་ནས་སྦྱིན་པར་བྱས་ནས།  ཛ་ལེནྡྲའི་སྲས་ཀྱིས་བུ་མོ་ལེན་དུ་འོང་བ་དང་། ཨིནྡྲ་བྷཱུ་ཏིའི་བུ་མོ་ཆུང་བས་མ་བསྐུར་པར། སྲས་ལ་རྟ་དང་།   གླང་པོ་དང་།  གསེར་དངུལ།  མུ་ཏིག་ལ་སོགས་པ་དཔག་ཏུ་མེད་པ་བྱིན་ནས་བརྫངས།  དེས་ཡུལ་དུ་འོང་བ་དང་།  ཕ་ཛ་ལེནྡྲས་ཆུང་མ་ག་རེ་བྱས་པས།   སྲས་ཀྱིས་ནོར་རྣམས་སྦྲད་དེ་བུ་མོ་ཆུང་བས་མ་བསྐུར་བྱས་པས།  དེ་ལེགས་སོ་ཟེར།    དེས་ན་ཨིནྡྲ་བྷཱུ་ཏི་ཆོས་ལ་དད་པ་ལ་བཙུན་མོ་ཀུན་ཀྱིས་རྗེས་སུ་ཡི་རངས་བྱས་པས་དགེ་བའི་བསམ་པ་དག་པའི་ཕན་ཡོན་གྱིས་ཡུལ་ཕྱོགས་ཐམས་ཅད་ལོ་ལེགས་ཤིང་ནད་མེད་པ་བདེ་སྐྱིད་རྒྱས་པར་གྱུར་ཏོ།   །

  དེ་ནས་བུ་མོ་ལོ་བརྒྱད་ལོན་པ་དང་།  ཛ་ལེནྡྲས་ཕོ་ཉ་བཏང་ནས་བུ་མོ་ད་བྱིན་ཅིག་བྱས་པ་དང་། ཨིནྡྲ་བྷཱུ་ཏིས་བུ་མོ་ལྷ་ལྕམ་ལེགས་སྨིན་ཀ་ར་སྡེ་སྣོད་ཀྱི་ཆོས་མང་པོ་ཡང་ཤེས་པས་འཁོར་ཡང་ཆོས་ཤེས་པ་དཔག་ཏུ་མེད་པ་དང་བཅས་ཏེ་བཏང་བ་དང་།   ཛ་ལེནྡྲའི་ཡུལ་དུ་སླེབས་ནས་སྐར་མ་ངན་ཞེས་ཕྱིར་བཞག་པ་དང་།   ཡུལ་དེ་ཡང་མུ་སྟེགས་པར་འདུག་པས།   ལེགས་སྨིན་སྐྱོ་བ་སྐྱེས་ཤིང་།   ཁྱད་པར་ཛ་ལེནྡྲ་པས་བག་སྟོན་བྱེད་པའི་ཕྱིར།   རྒྱལ་པོས་ལིངས་ལ་ཕྱིན་ནས་ཤ་བ་སོགས་སྲོག་ཆགས་མང་པོ་བསད་པ་མཐོང་སྟེ།   འདི་རྣམས་སུས་བསད་བྱས་པས་ཁྱོད་ཀྱི་ཁྱོ་ཡིས་བསད་ཟེར།   བདག་གིས་ཁྱོ་ནི་མ་མཐོང་།    སྡིག་པའི་ཚོགས་མཐོང་སྙམ་སྟེ།  ཛ་ལེནྡྲའི་བློན་པོ་ལ་སོགས་པའི་སྐྱེ་བོ་ཐམས་ཅད་ལ་གསེར་ལ་སོགས་པའི་བྱ་དགའ་བྱིན་ནས་རང་རང་གི་ཁྱིམ་དུ་བཏང་།  ནང་འཁོར་བ་ཀུན་ལ་ཡང་རྣ་ཆ་དང་།   གདུ་བུ་དང་།   སེ་མོ་དོ་ལ་སོགས་པའི་རྒྱན་དང་།   རང་གི་གོས་ལ་སོགས་པ་བྱིན་ནས།  བསམ་པ་བདག་གི་ཡབ་ཨིནྡྲ་བྷཱུ་ཏི་རང་གཞན་གཉིས་ཀའི་སྡིག་པ་སྤོང་བའི་ཆོས་རྒྱལ་ཡིན་པ་ལ།   བདག་རྔོན་པའི་སྡིག་རྒྱལ་འདི་འདྲ་ཞིག་ལ་བྱིན་སྙམ་སྟེ་བརྒྱལ་བར་གྱུར་ཏོ། །  དེ་ནས་བརྒྱལ་བ་བསངས་པ་དང་།   ང་སྡིག་ཅན་འདིའི་གན་དུ་མི་སྡོད་སྙམ།   འཁོར་གཞིས་བྱེས་ཀུན་བཀྱེ་ནས།   ཞག་བཅུའི་བར་དུ་ངའི་གནས་སུ་མི་གཅིག་ཀྱང་མ་ཡོང་ཞིག་བྱས་ཏེ།  ནོར་རྫས་ཐམས་ཅད་སྦྱིན་པར་བཏང་ངོ་།  །  དེ་ནས་གོས་དང་རྒྱན་སྤངས་ཏེ་ལུས་ཐལ་བ་དང་དྲི་མས་བྱུགས།   སྐྲ་བྲེགས་ནས་སྨྱོ་རྫུན་བྱས་པ་དང་།  ཛ་ལེནྡྲ་དང་ཁྱོ་གཉིས་ཀྱིས་ཡབ་ལ་ཕོ་ཉ་བཏང་སྟེ།  ཁྱེད་ཀྱི་བུ་མོ་སྔོན་ལས་ཀྱི་འདྲེ་གདོན་དྲག་པོས་དབང་བྱས་ནས་སྨྱོ་བྱས་ཕྲིན་བསྐུར་བས།  ཨིནྡྲ་བྷཱུ་ཏིའི་བསམ་པ་ལ་བུ་མོ་འཁོར་བའི་སྡུག་བསྔལ་དྲན་ཏེ་རྒྱལ་སྲིད་ལ་མི་དགའ་བས་སྨྱོ་རྫུན་བྱས་བསམ་སྟེ་སེམས་ལས་མ་བྱས་སོ། །   བུ་མོས་ལོ་བདུན་གྱི་བར་ལ་མངྒ་ལ་པུ་རིའི་གྲོང་ཁྱེར་དུ་སྨྱོན་མའི་བརྟུལ་ཞུགས་བྱེད་ཀྱིན་ཟས་ཀྱི་ལྷག་རོལ་ཟོས། །  གོས་ཕྱགས་དར་ཁྲོད་གྱོན་ནས་གདམས་པའི་དོན་ཉམས་སུ་བླངས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་བོ། །

  དེ་ནས་ཛ་ལེནྡྲས་ལིངས་ལ་ཕྱིན་པས།   རང་གི་ལུས་ཀྱི་འོད་ཀྱིས་ཁྱབ་པར་བྱས།  ལྷའི་བུ་མོ་དཔག་ཏུ་མེད་པས་བསྐོར་ནས་བསྙེན་བཀུར་བྱེད།       འཁོར་རྣམས་ལ་ཐེག་པ་ཆེན་པོའི་ཆོས་བཤད་པ་མཐོང་ནས།   རྒྱལ་པོ་ཛ་ལེནྡྲ་དད་པ་སྐྱེས་ཏེ།   མོ་འདི་འདྲ་བས་རྒྱལ་སྲིད་བྱེད་པ་ལ་མི་དགའ་ནས་སྨྱོ་རྫུ་བཏབ་པར་འདུག་སྙམ།  རྒྱལ་སྲིད་ལ་སྐྱོ་བ་སྐྱེས་ཏེ་རྒྱལ་སྲིད་བོར་ནས་ལེགས་སྨིན་གྱི་དྲུང་དུ་ཕྱིན་པ་དང་ཕྱག་བྱས་ཆོས་ཞུས་པས།  ལས་རྒྱུ་འབྲས་ཀྱི་ཆོས་བཤད་པ་དང་།   རྒྱལ་པོ་ལས་རྒྱུ་འབྲས་ལ་ཡིད་ཆེས་ནས།  ཁྱེད་ཀྱིས་བདག་ལ་བསྐྱེད་རྫོགས་ཟབ་མོ་གནང་དགོས་གསོལ་བས།   འདི་སྐད་དུ་ཁྱེད་བདག་གིས་བསྐྱེད་རྫོགས་འབོགས་པའི་སྣོད་མ་ཡིན།   བདག་གི་སློབ་མ་ཕྱགས་བདར་བ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་གཅིག  ཁྱེད་རང་གི་ཕྱགས་བདར་བའི་ཁྲོད་ན་ཡོད་པས་དེ་ལ་གདམས་ངག་ཞུས་གསུངས།   དེ་བདག་གིས་ངོ་མི་ཤེས་བྱས་པས།   ཕྱགས་དར་བ་རྣམས་ཀྱི་ནང་ནས་ཕྱགས་དར་བ་གཅིག་ཟས་ཀྱི་ལྷག་རོལ་ཆུ་ལ་བཀྲུས་ཤིང་རྡོའི་སྟེང་དུ་བསྐམས་ནས་སེམས་ཅན་ལ་སྦྱིན་པར་གཏོང་བ་གཅིག་ཡོད་ཀྱིས།   དེ་ངོས་བཟུང་ལ་གདམས་ངག་ནོས་ཤིག་གསུངས།   དེ་ནས་རྒྱལ་པོས་ཕོ་བྲང་དུ་ཕྱིན་ཏེ་བརྟགས་པས་ངོས་ཟིན་པ་དང་།   ཕྱགས་བདར་བའི་ཞབས་ལ་ཕྱག་བྱས།   རིན་པོ་ཆེའི་ཁྲི་ལ་བཞག་ནས་བསྙེན་བཀུར་བྱས།    དེའི་ཟ་འཕྲོ་དང་ཆུའི་ལྷག་མ་འཐུངས་ཤིང་ཆོས་ཞུས་པས།  ཆོས་བཤད་ནས་སྒྲུབ་པ་བྱེད་དུ་བཅུག  ལེགས་སྨིན་དང་ཕྱགས་བདར་བ་གཉིས་ལུས་དེ་ཉིད་མ་སྤངས་པར་མཁའ་སྤྱོད་དུ་གཤེགས་སོ། །

  དེ་ནས་ཛ་ལེནྡྲས་ཨིནྡྲ་བྷཱུ་ཏི་ལ་ཕོ་ཉ་བཏང་ནས་འདི་སྐད་དུ།  ཁྱེད་ཀྱི་བུ་མོས་ཕྱགས་བདར་བ་ལ་ཆོས་བཤད།  དེས་བདག་ལ་ཆོས་བཤད་ནས། ལེགས་སྨིན་དང་ཕྱགས་བདར་བ་གཉིས་མཁའ་སྤྱོད་དུ་གཤེགས་སོ། །   དེས་སྨྲས་པ་དང་།   ཨིནྡྲ་བྷཱུ་ཏིས་བསམས་པ་ངའི་བུ་མོ་སྐྱེ་བ་དོན་ཡོད་པར་སོང་འདུག      ང་ཡང་རྒྱལ་སྲིད་དོན་ཆུང་ལ་ཉེས་དམིགས་ཆེ་བ་འདི་སྤངས་ལ་ཆོས་ལ་འགྲོ་སྙམ་ནས།   རྒྱལ་སྲིད་སྲས་ལ་གཏད་དེ་ལོ་བཅུ་གཉིས་ཁང་བཟང་གཅིག་ཏུ་བསྒྲུབས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་འཁོར་འབངས་ཀུན་གྱིས་མ་ཚོར་ཏེ།    སྲས་དང་འབངས་རྣམས་ཀྱིས་ཡབ་བཞུགས་པའི་སར་ཕྱིན་ནས་སྒོ་དབྱེ་བར་བརྩམས་པ་དང་།    ཡབ་རྒྱལ་པོ་ནམ་མཁའ་ལ་བཞུགས་ནས་སྒོ་མ་དབྱེ།   ང་འདི་ན་ཡོད་གསུངས་པ་དང་།        སྲས་འབངས་རྣམས་ཀྱིས་ནམ་མཁའ་ལ་བཞུགས་པ་མཐོང་ནས།   དེ་དག་ས་དང་པོ་ཐོབ་པ་ཙམ་གྱི་དགའ་བ་སྐྱེས་ཏེ་དད་བཞིན་དུ་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་པ་དང་།   ཡབ་རྒྱལ་པོས་ཞག་བདུན་ནམ་མཁར་བཞུགས་ཏེ།   སྲས་ལ་སོགས་པའི་འཁོར་རྣམས་ལ་ཆོས་དཔག་ཏུ་མེད་པ་གསུངས་ནས།   འཁོར་བདུན་བརྒྱ་དང་བཅས་ཏེ་མཁའ་སྤྱོད་དུ་གཤེགས་སོ།   །

  དེའི་གཏམ་རྒྱལ་པོ་ཛ་ལེནྡྲས་ཐོས་ནས།    ཆོས་ལ་མི་ཕྱེད་པའི་དད་པ་སྐྱེས་ཏེ། གཅིག་ཏུ་ཆོས་ལ་དགའ་བ་དང་། རང་གི་འཁོར་ཆོས་ལ་མི་དགའ་བའི་མི་ཐམས་ཅད་ཀྱང་ཆོས་ལ་བཅུག   མངྒ་ལ་པུ་རིའི་ཡུལ་དུ་གཙུག་ལག་ཁང་བདུན་བརྒྱ་བཞེངས་ཏེ་རྒྱལ་པོས་ལྷ་ཁང་དུ་ཕྱིན་པ་དང་།  དེ་ན་དགེ་སློང་བརྒྱ་ཙམ་གདུགས་ཚོད་གསོལ་བ་ལ་བཏུང་བ་ཆུ་དྲངས་ཏེ་གསོལ་བ་མཐོང་ནས།    དེ་མི་ལེགས་གསུངས་ཏེ།   དར་བ་འདྲེན་པ་ལས།    འབྲོག་ནས་དར་བ་ལེན་མི་ཀུན་ཐག་རིང་བས་དུབ་ཅིང་རྟག་ཏུ་ཉོན་མོངས་པར་འདུག་པས།   འབྲོག་ནས་ཤིང་གི་ཝ་བྱས་ནས་ཡུལ་མངྒ་པུ་རར་དར་པ་དྲངས་ཏེ་ཡུལ་དུ་རྫིང་ཆེན་པོ་བདུན་བྱས་ནས།  དེ་ལ་དངུལ་གྱི་སྦུབས་སུ་བཅུག་ནས་གཙུག་ལག་ཁང་བདུན་བརྒྱའི་དགེ་འདུན་ཐམས་ཅད་ལ་དར་བ་བསླངས་ཀྱིན་འདྲེན་ནོ།   །དེ་ནས་རྒྱལ་པོ་ཛ་ལེནྡྲས་ཕྱག་ན་རྡོ་རྗེ་རང་བྱུང་གི་སྐུ་བཞུགས་པའི་སར་ཟླ་བ་དྲུག་བསྒྲུབས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ནས་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས་སོ།  །ཛ་ལེནྡྲའི་རྟོགས་བརྗོད་ནི།  ཡེ་ཤེས་རིག་པའི་རང་བཞིན་ནི།  །ཐད་ཀ་མ་སྟེ་གཉུག་མར་གནས།   །ཇི་ལྟར་རྟོགས་སམ་ངེས་པ་ཡི།   །རྣམ་རྟོག་དྲན་པ་དེ་ཉིད་མིན།   །ཞེས་གསུངས་སོ།   །རྒྱལ་པོ་ཛ་ལེནྡྲའི་རྣམ་ཐར་དང་ལོ་རྒྱུས་རྫོགས་སོ།  །

<