ནཱ་ག་བོ་དྷི།

2018-12-10

 

   གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ཡ་གྱལ་ཡིན། ཡོངས་གྲགས་སུ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའམ་བརྒྱད་ཅུ་ཞེས་གྲགས་པ་ནི་བླ་མ་རྡོ་རྗེ་གདན་པས་ཚོགས་འཁོར་མཛད་པའི་དུས་སྐབས་སུ་བྱོན་པའི་གྲུབ་ཐོབ་གྲངས་ལ་བརྒྱད་ཅུ་བྱུང་བར་བརྟེན་ནས་དེ་ལྟར་གྲགས་པ་ཡིན། གྲུབ་ཆེན་བརྒྱད་ཅུ་རྩ་བཞི་དེ་དག་ནི་སྤྱི་ལོའི་དུས་རབས་བདུན་པ་ནས་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་མཇུག་བར་ལོ་ངོ་དྲུག་བརྒྱའི་རིང་བྱོན་པའི་སྙན་གྲགས་ཆེ་ཤོས་ཀྱི་གྲུབ་ཐོབ་ཤ་སྟག་ཡིན།

   སློབ་དཔོན་ནཱ་ག་བོ་ངྷི་ཞེས་པའི(ཀླུའི་བྱང་ཆུབ)ལོ་རྒྱུས་ནི།    ཡུལ་ནི་རིགས་བསྟན།   རིགས་དམངས་རིགས།    བླ་མ་ནཱ་གཱ་རྫུ་ན།    དངོས་གྲུབ་གསང་འདུས་ལས་ཐོབ་པའོ།  །དེ་ཡང་སློབ་དཔོན་ཀླུ་སྒྲུབ་པས་པ་ཝན་ན་བཞུགས་པའི་དུས་དེར།   རྐུན་མ་ཞིག་འོངས་ཏེ་རྡོ་རྩ་གཅིག་ན་ཡིབས་བསྡད་པ་དང་།   སློབ་དཔོན་གྱིས་ཀུན་སྤྱོད་རྟག་ཏུ་ཟས་གཞན་ལ་སྟེར་བའི་ཕྱིར་བཞེས་པ་ཡིན་ཏེ།    མི་གཞན་དྲུང་དུ་སུ་བྱུང་ན་ཡང་ཆོས་དང་ཟང་ཟིང་ཅི་འདོད་སྟེར་བ་ཆོས་ལུགས་ཡིན་ཞིང་།     ཕྱིས་གསེར་གྱི་སྣོད་གཅིག་ཏུ་ཟས་བཞེས་པ་རྐུན་མ་དེས་མཐོང་ནས་དེ་བརྐུ་བའི་སེམས་ཀྱིས་བལྟ་བ་སློབ་དཔོན་གྱིས་མཁྱེན་ནས་གཡོག་པོ་ལ།  གསེར་གྱི་སྣོད་འདི་སྐྱུར་ལ་ཐོངས་གསུངས་ནས་དེ་བཞིན་བྱས་པ་དང་།     རྐུན་མའི་བསམ་པར་ཐོག་མར་ཁོང་རང་ལ་དྲིས་ནས།    དེ་ནས་བརྐུ་སྙམ་སྟེ་དེར་ཕྱིན་ནས་སློབ་དཔོན་ལ་ཕྱག་དང་བསྐོར་བ་གསུམ་བྱས་པས།   ཁྱོད་གང་ནས་འོང་།   དོན་ཅི་ཡོད་དེར་འདུག་གསུངས་ནས་གསེར་གྱི་སྣོད་གཞན་གཅིག་ཏུ་ཟས་བྱིན་པ་དང་།  དེ་ངོ་མཚར་སྐྱེས་ནས་བདག་ཅག་གསེར་སྣོད་བརྐུར་འོང་བ་ཡིན་ཏེ།     ཁྱོད་ཀྱི་མཛད་སྤྱོད་འཁུམས་པས་འགྱོད་པ་སྐྱེས་ཏེ་བརྐུ་བའི་བསམ་པ་ལོག་སྟེ།   སྐྱོ་བ་སྐྱེས་པས་བདག་ལ་ཆོས་ཤིག་ཞུ་ཟེར།   སློབ་དཔོན་གྱིས་དེ་ལ་གསང་བ་འདུས་པའི་དཀྱིལ་འཁོར་དུ་དབང་བསྐུར་ནས་མངོན་ཞེན་གོམས་པའི་དངོས་པོའི་བསམ་པ་དང་མཐུན་པའི་གདམས་པ་བྱིན་ཏེ།   སྤྱི་གཙུག་ཏུ་རྭ་ཞིག་བསྒོམས་བྱས་པས།    དེས་ཀྱང་ལོ་བཅུ་གཉིས་བསྒོམས་པ་དང་།   རྭ་སྐྱེས་པས་ཤིན་ཏུ་མི་བདེ་ཞིང་སྡུག་བསྔལ་བའི་ཚེ།    སློབ་དཔོན་འཕགས་པ་ཀླུ་སྒྲུབ་བྱོན་ནས་ཁྱོད་ཁམས་བདེའམ་གསུངས།    དེས་སེམས་བདེ་སྟེ་ལུས་མ་བདེ།   རྭ་ཐོག་གཅིག་ཟུག་ནས་འགུལ་མ་ཤེས་པས་སྡུག་བསྔལ་ཟེར།   དངོས་པོའི་མངོན་ཞེན་དུག་གསུམ་རྭ་འདྲ་བ་དེས་ཐོག་མ་མེད་པ་ནས་འཁོར་བའི་གཅོང་རོང་དུ་ལྷུང་སྟེ་མ་ཐོན་པ་ཡིན།   ད་རྭ་དེ་མེད་པར་བསྒོམ་གསུངས་ནས་ཟླ་བ་དྲུག་བསྒོམས་པས་རྭ་དེ་མེད་པར་སོང་ནས།   དངོས་པོ་དང་དངོས་མེད་མཉམ་པ་ཉིད་དུ་དབྱེར་མེད་པར་རྟོགས་ནས།   ཟུང་འཇུག་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ།      འོག་མིན་ཆོས་དབྱིངས་ཀྱི་ཕོ་བྲང་ཆེན་པོའི་ས་ནོན་པར་གྱུར་ཏེ།   མངོན་ཤེས་དྲུག་ཐོབ།   ཕྱིས་ཟག་མེད་ཀྱི་ཡོན་ཏན་དུ་མ་རྒྱུད་ལ་སྐྱེས་པས་སྔར་དམངས་རིགས་ནཱ་ག་ར་བྱ་བ་ཡིན་ཀྱང་།   ཡོན་ཏན་བརྙེས་ནས་སློབ་དཔོན་ཀླུའི་བྱང་ཆུབ་ཅེས་མཚན་ཕྱོགས་དང་ཕྱོགས་མཚསམ་ཐམས་ཅད་དུ་གྲགས་པར་གྱུར་ཏོ།  །

  དེ་ནས་དཔོན་སློབ་གཉིས་ཀ་དཔལ་གྱི་རི་ལ་གཤེགས་ཏེ།   ཀླུའི་བྱང་ཆུབ་ལ་ད་ཕྱིན་ཆད་དཔལ་གྱི་རི་བོར་འོང་བའི་སེམས་ཅན་དཀོན་མཆོག་གསུམ་ལ་སྐྱབས་གནས་སུ་འཛིན་ཅིང་ཁྱོད་ལ་དད་ནས་ཕྱག་དང་སྐོར་བ་བྱེད་པ་རྣམས་ལ་ལུས་དངོས་སུ་སྟོན་ལ།   འཇིག་རྟེན་གྱི་དངོས་གྲུབ།    ས་འོག་འགྲོ་དང་རལ་གྲི་དང་།  ཚར་གཅོད་ཕན་འདོགས་ཉིད་དག་དང་།   །རིལ་བུ་མིག་སྨན་གཏེར་རྣམས་དང་།   །རྐང་མགྱོགས་དག་གམ་བཅུད་ཀྱིས་ལེན།   །ཞེས་རྒྱུད་ནས་བཤད་པ་བརྒྱད་པོ་གང་འདོད་པ་བྱིན་ཅིག་གསུངས་ནས།   སློབ་དཔོན་འགྲོ་དོན་ལ་གཤེགས་ནས།   ཀླུའི་བྱང་ཆུབ་ལ་སེམས་ཅན་གྱི་དོན་གྱིས་ཤིག་གསུངས་པས་ལོ་ཉི་ཁྲི་བཞུགས་ནས་འགྲོ་དོན་མཛད་ཅིང་།    རྟོགས་པ་བརྗོད་པ་ནི།    ས་ལ་གནས་པ་ཀུན་ཀྱང་སྐལ་བ་བཟང་།   །དབུལ་བ་རྒྱ་མཚོར་ཕྱིན་ན་དབུལ་དང་བྲལ།   །རལ་གྲི་ལག་ཏུ་ཐོགས་ན་ལོངས་སྤྱོད་ཆེ།   །ཕྱོགས་མེད་ས་ལ་ཕྱིན་ན་རྙེད་དང་བྲལ།   །ཞེས་གསུངས་སོ།   །

<