རྒྱལ་བ་ཚངས་དབྱངས་རྒྱ་མཚོ།

2018-11-22
0

 

   རྒྱལ་བ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་ནི། རབ་བྱུང་བཅུ་གཅིག་པའི་ཆུ་ཕག(1683)ལོར་མོན་ལ་འོག་ཡུལ་གསུམ་དུ་སྐུ་འཁྲུངས། དགུང་ལོ་བཅོ་ལྔ་པ་རབ་བྱུང་བཅུ་གཉིས་པའི་མེ་གླང(1697)ལོར་རྒྱལ་བའི་གསེར་ཁྲིར་མངའ་གསོལ་མཛད། རྒྱལ་དབང་འདི་ཉིད་སྐུ་གཤེགས་པའི་དུས་ལ་བཞེད་པ་མི་མཐུན་པ་གཉིས་སུ་མཆིས་པ་སྟེ། རབ་བྱུང་བཅུ་གཉིས་པའི་མེ་ཁྱི(1706)ལོར་རྒྱལ་དབང་མཆོག་རྒྱ་ནག་ཏུ་གདན་འདྲེན་ཞུས་པའི་ཕེབས་ལམ་དུ་སྙུན་གཞི་བཞེས་ཏེ་མདོ་སྨད་མཚོ་སྔོན་པོའི་འགྲམ་གྱི་ཀུན་དགའ་ནོར་དུ་སྐུ་གཤེགས་སྐད། རབ་བྱུང་བཅུ་གཉིས་པའི་མེ་ཕོ་སྟག(1746)ལོར་མདོ་སྨད་དུ་སྐུ་མྱ་ངན་ལས་འདས་པ་ནི་གསོལ་དཔོན་བློ་གྲོས་དབང་ཕྱུག་གིས་མཛད་པའི་རྣམ་ཐར་དང་སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་བཞེད་པ་ཡིན།

  འཁྲུངས་རབས།

  ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་ནི་ཡབ་སྨྱོས་རིགས་གཏེར་སྟོན་པདྨ་གླིང་པའི་དབོན་རྒྱུད་སྔགས་འཆང་རིག་འཛིན་བཀྲ་ཤིས་བསྟན་འཛིན་དང༌།  ཡུམ་ཚེ་དབང་ལྷ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ཆུ་ཕག(1683)ལོའི་ཟླ་གསུམ་པའི་ཚེས་གཅིག་ལ་བོད་ལྗོངས་ལྷོ་ཁ་མཚོ་སྣ་རྫོང་ཁོངས་ཀྱི་ལྷོ་མོན་ལ་འོག་ཡུལ་གསུམ་བྱ་བར་སྐུ་འཁྲུངས།

  སྡེ་སྲིད་སངས་རྒྱས་རྒྱ་མཚོས་ལྔ་པ་ཆེན་པོའི་ཡང་སྲིད་ལ་ངོས་འཛིན་ཞུས་ཏེ་ཐོག་མར་མཚོ་སྣ་ལ་གདན་དྲངས་ནས་ཡི་གེ་དང་འདོན་ཆ་ཆོས་སྤྱོད་སོགས་ཀྱི་སྐུ་ཡོན་བསྒྲོན།  དགུང་ལོ་བརྒྱད་ལ་ཕྱག་བྲིས་ཤོག་ཐོག་ཏུ་ཕབ།  དགུང་ལོ་བཅུ་གཅིག་ཐོག་ཐོལ་བྱུང་དུ་རྟ་མགྲིན་ལ་བསྟོད་ཚིག་ཤོ་ལོ་ཀ་ལྔ་སྐོར་ཚིག་དོན་ཕུན་སུམ་ཚོགས་པ་ཞིག་བརྩམས་གནང་མཛད།

    སློབ་གཉེར་མཛད་ཚུལ།

  དགུང་ལོ་བཅོ་ལྔ་པ་རབ་བྱུང་བཅུ་གཉིས་པའི་མེ་གླང(1697)ལོར་སྣ་དཀར་རྩེའི་བསྟན་འཛིན་ཕོ་བྲང་དུ་ཞབས་སོར་འཁོད་དེ་པཎ་ཆེན་སྐུ་ཕྲེང་ལྔ་བ་བློ་བཟང་ཡེ་ཤེས་དང་མཇལ་འཛོམས་ཀྱིས་རབ་བྱུང་གི་སྡོམ་པ་ལེགས་པར་བཞེས། མཚན་རིན་ཆེན་ཚངས་དབྱངས་རྒྱ་མཚོ་ཞེས་གསོལ། དེ་ནས་མི་རིང་བར་སྙེ་ཐང་བརྒྱུད་ལྷ་ལྡན་དུ་ཞབས་སོར་འཁོད་དེ་གསང་རྒྱ་ཁྱབ་བསྒྲགས་དང་བསྟུན་བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔའི་དུས་བཟང་ཉིན་གྲུ་འཛིན་གཉིས་པ་ཕོ་བྲང་ཆེན་པོ་པོ་ཏ་ལའི་ཚོམས་ཆེན་སྲིད་ཞི་ཕུན་ཚོགས་སུ་རྒྱལ་བའི་གསེར་ཁྲིར་མངའ་གསོལ་གཟབ་རྒྱས་མཛད།

  རབ་བྱུང་བཅུ་གཉིས་པའི་ས་སྟག(1698)ལོ་ནས་བཟུང་འབྲས་སྤུངས་སོགས་སུ་ཆོས་འབྲེལ་གྱི་ཐོག་མར་ལྗགས་ལུང་གནང་བ་དང་རིགས་ལམ་གསན་བཞེས་ཀྱི་དབུ་ཚུགས། པཎ་ཆེན་རིན་པོ་ཆེ་མཆོག་དང་སྡེ་སྲིད་རྣམ་གཉིས་ཀྱིས་གཙོས་བླ་སློབ་སྦྲགས་མར་བསྟེན་ནས་བཀའ་ཆོས་གསན་པའི་ཁུར་བཞེས།

  སྔ་གཞུག་ཏུ་པཎ་ཆེན་རིན་པོ་ཆེ་མཆོག་དང་། ཚུལ་ཁྲིམས་དར་རྒྱས། དགེ་ལེགས་རྒྱ་མཚོ་སོགས་ཡོངས་འཛིན་དུ་མ་བསྟེན་ནས་རྩ་བ་སྔགས་ཀྱི་རྒྱུད།  བྱང་ཆུབ་ལམ་རིམ་སོགས་མདོ་སྔགས་ཀྱི་ཆོས་དང་དབང་ལུང་གསན་པ་མ་ཟད།  ས་དགེ་རྙིང་གསུམ་གྱི་བླ་མ་ཚད་ལྡན་མང་པོ་ལས་མདོ་སྔགས་ཀྱི་ཆོས་ཚུལ་མང་པོར་གསན་བསམ་ལེགས་པར་གནང་། སྡེ་སྲིད་མཆོག་ནས་ཀྱང་སྐུ་ཡོན་གསན་བསམ་སྐོར་ལ་བཀའ་ནན་གྱིས་དོ་དམ་གང་ཆེ་མཛད་ཐོག  སྡེ་སྲིད་སྐུ་དངོས་ཀྱིས་ཆོས་སྲིད་དང་ཤེས་བྱའི་གནས་ཀུན་ལ་མཁས་པའི་ཕུལ་དུ་ཕྱིན་པར་ཕན་ནུས་ཆེན་པོ་ཐོན་པའི་ཐུགས་ཁུར་གནང་ཞིང་། གཞན་ཡང་དགེ་བའི་བཤེས་གཉེན་དུ་མ་ལས་མཚན་ཉིད་ང་སྙན་ངག་རྩིས་སོགས་ལའང་གསན་བསམ་མཛད་པ་བཅས་ལ་འབྲས་རྟགས་བཟང་པོ་ཐོན་པར་བཤད།

    ཆབ་སྲིད་ཀྱི་འགལ་རྩོད།

  དེ་ནས་རྒྱལ་དབང་མཆོག་གིས་གདན་ས་གསུམ་དང༌།  ཆོས་འཁོར་རྒྱལ་ལ་སོགས་པར་བཀའ་ཆོས་བསྩལ་བ་དང༌།  བཀའ་འགྱུར་གྱི་པར་གསར་བརྐོ་བསྐྱང་རྒྱུའི་དབུ་འཛུགས་གནང་སྟེ་པོད་ཉི་ཤུ་ལྷག་ཙམ་ལེགས་པར་གྲུབ།  ལྷ་ལྡན་གཙུག་ལག་ཁང་གི་ཡང་སྟེང་གསེར་ཟངས་ཀྱི་མདའ་གཡབ་དང༌།  རྟེན་བཞེངས་སོགས་མཛད་དེ་བོད་གངས་ཅན་གྱི་ཆོས་སྲིད་ལུགས་གཉིས་ཀྱི་འཕྲིན་ལས་བདག་གིར་བཞེས་ནས་མཛད་འཕྲིན་རྒྱ་ཆེར་སྤེལ་བའི་རྟེན་འབྲེལ་གྱི་ཐོག་མ་ལེགས་པར་བསྒྲིགས་ཟིན་ནའང་། འོན་ཏེ་ཁོང་འཚོ་བཞུགས་ཀྱི་དུས་སྐབས་དེ་དག་ནི་བོད་ཀྱི་ལོ་རྒྱུས་སྟེང་གྲལ་རིམ་འགལ་བ་དང་མི་རིགས་བར་གྱི་འགལ་བ། དབང་སྒྱུར་གྲལ་རིམ་ནང་ཁུལ་གྱི་འགལ་བ་བཅས་སྤྱི་ཚོགས་ཤིན་ཏུ་རྙོག་འཛིང་ཅན་འགལ་འདུས་ཕུང་པོའི་ཆོས་ཉིད་དུ་གྲུབ་ཡོད་ཅིང་། ཁྱད་པར་དུ་རྒྱལ་དབང་ལྔ་བ་ཆེན་པོ་དགོངས་པ་གཞན་དོན་དུ་གཤེགས་པ་སྡེ་སྲིད་ཀྱིས་གསང་རྒྱ་ཡུན་རིང་བྱས་པ་རྒྱ་བོད་སོག་གསུམ་གྱི་ཡུལ་དུ་ཁྱབ་པར་མ་ཟད། ཆིན་གོང་མ་དང་སོག་པོའི་དཔོན་རིགས་ཁ་ཤས་བཅས་ནས་སྡེ་སྲིད་ཀྱི་མཛད་པ་དེ་ལ་དགྱེས་ཚོར་མི་བྱེད་ཐོག  རང་ཉིད་ནས་ངོས་འཛིན་ཞུས་པའི་ཡང་སྲིད་རིན་པོ་ཆེའང་ཐུགས་སྣང་མཐུན་ལམ་དེ་ཚོད་མེད་པ་ལྟ་བུ་བཅས་ཀྱིས་མི་རིང་བར་རྒྱལ་དབང་མཆོག་གི་མཛད་འཕྲིན་འོད་དཀར་ཅན་ནི་ལོགས་མཐོང་སྒྲ་གཅན་གྱི་ཟས་སུ་གྱུར་པ་ཡིན་ནོ། །

  དེའང་རྒྱལ་དབང་དྲུག་པ་ཆེན་པོ་མཆོག་དགུང་གྲངས་ཉི་ཤུར་ཉེ་བའི་ཚོད་དུ་སླེབས་པས་སྐབས་དེའི་གནས་ཚུལ་དག་ལ་ཁོང་རང་གི་མཁྱེན་གཟིགས་དང་དགོངས་བཞེད་ཐུན་མོང་མ་ཡིན་པ་ཡོད་འདུག་པར་བརྟེན་རིམ་གྱིས་མཛད་པ་ལ་ལ་སྡེ་སྲིད་ཀྱི་དགོངས་བཞེད་དང་ལྟག་འགྲོ་ལྟ་བུར་སོང་ཞིང་། ལྷག་པར་སྐབས་དེར་བོད་རྒྱ་སོག་གསུམ་དུ་སྙན་གྲགས་ཆེ་བའི་རྒྱལ་དབང་ལྔ་བ་ཆེན་པོ་མི་བཞུགས་པར་མ་ཟད། སོག་རྒྱལ་གུ་ཤྲི་ཧན་ཡང་སྔར་ནས་གྲོངས་ཟིན་པས་ཁོང་གི་བུ་རབས་ཚ་རྒྱུད་ཀྱི་འཁོར་བཅས་བོད་དུ་ཡོང་ནས་རྒྱལ་པོའི་གོ་ས་བཟུང་འདུག་ལ། མཐར་དབང་སྒྱུར་གྲལ་རིམ་ནང་ཁུལ་དང་བོད་སོག་མཆོད་ཡོན་བར་གྱི་འགལ་རྩོད་མངོན་གསལ་དང་ཛ་དྲག་ཅན་དུ་གྱུར།

  རབ་བྱུང་བཅུ་གཉིས་པའི་ལྕགས་འབྲུག་སྤྱི་ལོ1700ལ་གུ་ཤྲི་ཧན་གྱི་ཚ་བོ་ལྷ་བཟང་ཀླུ་དཔལ་བྱ་བ་མཚོ་སྔོན་ནས་བོད་དུ་ཡོང་སྟེ་ཡབ་མེས་ཀྱི་གོ་ས་བོད་རྒྱལ་པོའི་མཚན་བཟུང་ནས་ཡོད་ཅིང་། རིམ་གྱིས་དེ་དང་བོད་ཀྱི་སྡེ་སྲིད་སངས་རྒྱས་རྒྱ་མཚོ་གཉིས་བར་སྲིད་དབང་འཕྲོག་རྩོད་ཀྱི་འཐབ་རྩོད་དྲག་པོ་བྱུང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་རྒྱལ་དབང་ལྔ་བ་ཆེན་པོ་སྐུ་གཤེགས་པ་གསང་རྒྱ་མཛད་པའི་ལོ་ངོ་བཅུ་ཕྲག་རིང་བོད་ཀྱི་ཆོས་སྲིད་དབང་ཆ་གཅིག་སྡུད་ཀྱིས་སྒེར་འཛིན་བྱས་ཡོད་པར་མ་ཟད། ཡང་སྲིད་དྲུག་པ་ཆེན་པོ་དགུང་གྲངས་ཉི་ཤུ་ལྷག་ལ་སོན་ནའང་ཆོས་ཕྱོགས་ཀྱི་གསན་སྦྱོང་ཁ་ན་ལས་སྲིད་དོན་སོགས་གང་ཐད་ལ་སྡེ་སྲིད་ནས་གཅིག་གཅོད་ཀྱིས་དབང་ཤེད་ཆེ་བཙན་ཡོད་པ་སོགས་རྐྱེན་བྱས་སེ་འབྲས་ཀྱི་བླ་གྲྭ་ཁག་གཅིག་དང་ཁྱད་པར་དུ་རྒྱལ་པོ་ལྷ་བཟང་ཧན་ཕྱོགས་གཏོགས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས། རྒྱལ་དབང་དྲུག་པ་མཆོག་ཀྱང“ཐུགས་ཚིག་པ”ལྟ་བུས་དགོངས་པ་སྒྱིད་ལུག་གི་ཚུལ་གྱིས་སློབ་གཉེར་སོགས་ཇེ་ཞན་དུ་གྱུར་ནས་བག་གཡེང་སྤྲོ་གསེང་གི་མཛད་པ་མཐུན་མིན་ཅི་རིགས་མངོན་གསུམ་དུ་སྤེལ་བར་མཛད། དེ་ལ་སྡེ་སྲིད་མཆོག་ནས་ཐུགས་དམ་གསན་སྦྱོང་ཚགས་ཆུད་ཡོང་ཆེད་སྙན་སྐུལ་ཡང་ཡང་གནང་བ་དང་། ཡོངས་འཛིན་དང་སྐུ་མདུན་པ་རྣམས་ལའང་དམ་བསྒྲགས་ཚ་གཅུན་མཛད་པ་རྣམས་ཀྱང་གསོས་སྨན་ལེགས་ཕྱོགས་སུ་འགྲོ་བར་ཕར་ཟད་དེ་ལས་ལྡོག་སྟེ་མཛད་པ་མཐའ་དག་ཆེད་གཏད་ཀྱིས་ཕྱིན་ཅི་ལོག་པ་ལྟ་བུ་ཤ་སྟག་བྱུང་། ཚུལ་དེའང་རྣམ་ཐར་ཁུངས་བཙུན་རྣམས་སུ་འབྱུང་བ་ལྟར་རབ་བྱུང་བཅུ་གཉིས་པའི་ཆུ་རྟ་སྤྱི་ལོ1702ལོར་རྒྱལ་དབང་མཆོག་དགུང་གྲངས་ཉི་ཤུར་ཕེབས་ཐོག་སྡེ་སྲིད་ཀྱིས་བསྙེན་རྫོགས་བཞེས་དགོས་པའི་སྙན་འབུལ་ཕུལ་བ་ལྟར་གཙང་དུ་ཞབས་སོར་འཁོད་ཀྱང་། འོན་ཏེ་བཀྲ་ཤིས་ལྷུན་པོར་ཕེབས་ནས་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་མདུན་ནས་ཐུགས་རྫོགས་གསར་བཞེས་མཛད་པ་ཕར་ཟད་སྔར་ཐོབ་ཀྱི་རབ་བྱུང་གི་སྡོམ་པའང་བླ་མར་ཕྱིར་འབུལ་མཛད་དེ་ན་བཟའ་སྐྱ་ཆས་བཞེས་སྐད།

  དེ་ནས་བཟུང་རྒྱལ་དབང་ཚངས་དབྱངས་རྒྱ་མཚོས་བཞུགས་ཡུལ་པོ་ཏ་ལའི་ཕོ་བྲང་དུ་བཞུགས་ཀྱང་བརྟུལ་བཞུགས་ཀྱི་མཛད་པ་སྐྱོང་བཞིན་དྲིན་ཅན་སྡེ་སྲིད་ཀྱི་ཞལ་ལ་ཡང་མ་གསན་པར་སྤྲོ་སྐྱིད་གནང་བར་ལྷ་ས་དང་ཉེ་བའི་རྫོང་རྒྱབ།  འོལ་དགའ།  འཕྱོངས་རྒྱས།  གོང་དཀར་ཁུལ་སོགས་གང་བྱུང་ལ་ཐུགས་འདོད་ལྟར་ཕེབས་ཤིང༌།  ཉིན་མོ་ཕལ་ཆེ་བ་རྫོང་རྒྱབ་ཏུ་ཞབས་འབྲིང་ལོ་གཞོན་དག་འཁྲིད་དེ་ཕྱག་མདར་ཕེབས་པ་དང༌། མཚན་མོ་ལྷ་ས་དང་ཞོལ་གྲོང་ཁྱིམ་ནང་བཞུགས་པ་སོགས་ཕྱི་གྱར་ཚུལ་མིན་གྱི་སྤྱོད་ལམ་འབའ་ཞིག་བསྐྱངས་པར་བཤད།

    གསང་རྒྱ་གནང་ཚུལ།

  རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི(1682)ལོ་ལ་རྒྱལ་དབང་ལྔ་པ་དགུང་གྲངས་རེ་དྲུག་སྟེང་སྐུ་གཤེགས་ཤིང་འདས་ཁར་སྡེ་སྲིད་སངས་རྒྱས་རྒྱ་མཚོར་ཆོས་སྲིད་ལུགས་གཉིས་ཀྱི་བྱ་བ་བྱེད་ཚུལ་དང་རྒྱ་སོག་གིས་གཙོས་པའི་ཡོན་བདག་གི་སྣེ་ལེན་དང་བཅས་པར་བསླབ་སྟོན་ཞིབ་མོར་བསྩལ་ཐོག སྡེ་སྲིད་ཀྱིས་ཡང་སྲིད་མྱུར་ཕེབས་ཀྱི་ཞུ་ནན་ལྕི་བའི་ལན་དུ་རེ་ཞིག་གསང་རྒྱའི་ངང་བྱ་བ་ཆེ་ཕྲ་ཐུགས་བློས་མ་ཆོད་པ་མཐའ་དག་ལྷ་མོར་བརྟག་སྒྲིལ་གྱིས་སྡེ་སྲིད་རང་ཉིད་ནས་བསྟན་སྲིད་དང་བོད་འབངས་བདེ་ཐབས་ཀྱི་སླད་དུ་རྒྱལ་དབང་མཆོག་གིས་བགྱིད་པ་ལྟར་སྒྲུབ་དགོས་པའི་ཞལ་ཆེམས་ཀྱི་བཀའ་ནན་ལྕི་བོ་སྡེ་སྲིད་མཆོག་གི་སྤྱི་བོར་བབས་པར་གྱུར། དེ་ནས་རྒྱལ་དབང་མཆོག་སྐུ་གཤེགས་རྗེས་སྡེ་སྲིད་དང་འཁོར་རྣམས་ཀྱིས་གསང་རྒྱ་ཡུན་ཇི་ཙམ་རིང་མཛད་རྒྱུའི་སྐོར་ལ་གདུང་འདུན་དུ་བརྟག་སྒྲིལ་ཕུལ་བས་སྤྲུལ་སྐུ་གདན་འདྲེན་བར་ཟེར་བ་བབས་པ་ལྟར་ལོ་ངོ་བཅོ་ལྔའི་རིང་གསང་རྒྱ་གནང་དགོས་བྱུང་བ་ཡིན་འདུག

   བརྩམས་ཆོས།

  སྐུ་ཡོན་གསན་བཞེས་གནང་རིགས་ཀྱི་ནང་ནས་ཀྱང་ཕྱག་བྲིས་ཀྱི་བརྡ་དག་དང་བཀའ་རྩོམ་གྱི་རིགས་སྐུ་གོང་མའི་བག་ཆགས་ཁྱད་པར་དུ་སད་པ་ཤིན་ཏུ་ངོ་མཚར་ཞིང༌།  དད་པ་འཕེལ་བར་སྣང༌།  ལྗགས་རྩོམ་ཀྱང《རྟ་མགྲིན་སྒྲུབ་ཐབས》དང༌། 《སེ་ར་རྟ་མགྲིན་མཆོད་པའི་དྲིས་ལན》  སྐད་གྲགས་ལྡན་པའི་སྙན་ངག་ཤླཽ་ཀ་དྲུག་ཅུ་རེ་གཉིས་ཅན་ཏེ《ཚངས་དབྱངས་རྒྱ་མཚོའི་མགུར་གླུ》སོགས་མཛད།

    སྐུ་གཤེགས་པའི་ཚུལ།

  རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་སྐུ་གཤེགས་པའི་དུས་ལ་བཞེད་པ་མི་མཐུན་པ་གཉིས་སུ་མཆིས་པ་སྟེ། བཤད་ཚུལ་ཕྱོགས་གཅིག་ལྟར་ན་ཤིང་བྱ(1705)ལོར་སོག་པོ་ལྷ་བཟང་གིས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་བཀྲོངས།  དྲག་ཤུལ་ལ་བརྟེན་ནས་བོད་ཀྱི་སྲིད་དབང་ཕྲོགས་རྗེས་མཚོན་ཁ་རྒྱལ་དབང་མཆོག་ལ་བསྐོར་ནས་མེ་ཁྱི(1706)ལོར་རྒྱ་ནག་ཏུ་གདན་འདྲེན་པའི་ལམ་བར་མཚོ་སྔོན་རྒྱུད་ལ་ཕེབས་སྐབས་སྐུ་གཤེགས་སྐད་དང༌།  སྐུ་གདུང་ཡང་མཚོ་སྔོན་གསེར་ཁོག་དགོན་དུ་ཡོད་ཅེས་གྲགས།

  གསོལ་དཔོན་བློ་གྲོས་དབང་ཕྱུག་གིས་མཛད་པའི་རྣམ་ཐར་དང༌།  སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར་དང༌། ལྷ་བཙུན་དར་རྒྱས་ནོ་མོ་ཧན་གྱིས་མཛད་པའི་ཚངས་དབྱངས་པའི་སྐུ་ཚེ་སྨད་ཀྱི་མཛད་རྣམ་ལྷའི་ཏམ་བུ་རའི་སྒྲ་དབྱངས་ཞེས་པ་སོགས་ཀྱི་ནང་བཀོད་པ་ལྟར་ན། རྒྱལ་དབང་མཆོག་དགུང་ལོ་རེ་བཞི་བར་བཞུགས་པའི་རྣམ་ཐར་ཞིབ་པར་བཀོད་ཡོད་པ་སྟེ།  དགུང་ལོ་ཉེར་ལྔའི་ཐོག་ལྷ་བཟང་གི་ལྐོག་གཤོམ་འོག་རྒྱལ་བའི་ཁྲི་ལས་ཕབ་སྟེ་རྒྱ་ནག་ཏུ་གདན་འདྲེན་པའི་ལམ་བར་མཚོ་སྔོན་ཀུན་དགའ་ནོར་ནས་བྲོས་བྱོལ་དུ་ཕེབས་ཏེ་སྦས་པའི་བརྟུལ་བཞུགས་འཛིན་ཕྱིར་བློ་བཟང་རིན་ཆེན་ཆོས་གྲགས་རྒྱ་མཚོ་དང༌།  ངག་དབང་ཆོས་གྲགས་རྒྱ་མཚོར་མཚན་བརྗེས།  ཤིང་རྟ(1714)ལོར་དྭགས་པོ་གྲྭ་ཚང་དུ་བཞུགས་སྐབས་དྭགས་པོ་ཞབས་དྲུང་དང༌།  དྭགས་པོ་བླ་མ་སོགས་སུ་འབོད།  ལོ་བཅུའི་རིང་ལ་མཚོ་སྔོན་ཨ་རིག་ནས་བཟུང་སྟེ་ཚ་བ་རོང་དང༌།  ཚ་ཁོ།  དར་རྩེ་མདོ།  གླང་ཆེན་འགྱིང་རི།  ཁམས་ཀྱི་འབའ་ལི་ཐང༌།  ལྷོ་ཁ།  ཙ་རི།  ཀོང་ཡུལ།  མོན་ཡུལ།  བལ་ཡུལ།  རྒྱ་གར་སོགས་ས་ཆ་མང་པོར་གསང་སྟབས་ཀྱིས་གནས་མཇལ་གནང༌།  ལྕགས་བྱི(1720)ལོར་དཔའ་རིས་གསེར་ཁོག་དགོན་དུ་ཕེབས་སྐབས་བློ་བཟང་དཔལ་ལྡན་ཞྭ་ལུ་ལེགས་པ་རྒྱལ་མཚན་གྱི་སྤྲུལ་སྐུར་ངོས་འཛིན་གནང༌།

  རབ་བྱུང་བཅུ་གཉིས་པའི་ལྕགས་གླང(1721)ལོར་རྗེ་ཉིད་ཨ་ལག་ཤ་ནས་དཔའ་རིས་གསེར་ཁོག་དགོན་དུ་ཕེབས་སྐབས་ཇག་རུང་གྲོང་རི་དགོན་གྱིས་ཞུས་པ་ལྟར་དགོན་དེའི་མཁན་ཁྲིའི་ཁུར་བཞེས།  མེ་ལུག(1727)ལོར་རྒྱལ་དབང་མཆོག་གིས་བོད་སོག་གི་ཡོན་བདག་བཙལ་ནས་བྲག་འགག་གི་གནས་སུ་ཡར་ལུང་དགོན་ཐོས་བསམ་དར་རྒྱས་གླིང་གསར་བཞེངས་ཀྱི་འགོ་བརྩམས་ཏེ་ལོ་ལྔའི་ནང་གྲུབ་ཅིང༌།

  དགེ་འདུན་གྱི་སྡེ་མང་པོ་བཙུགས།  དགུང་ལོ་སོ་དགུའི་སྟེང་ཇག་རུང་དགོན་རྙིང་གི་མཁན་ཁྲིའི་ཐུགས་ཁུར་བཞེས་ནས་དགུང་ལོ་རེ་བཞིའི་བར་ལོ་ཉེར་ལྔའི་རིང་ལ་ཇག་རུང་ཡར་ལུང་དགོན་པའི་དགོན་བདག་དང་མཁན་པོ་གཅིག་ལྕོགས་གནང༌།

  ཤིང་སྟག(1734)ལོར་ཏེ་ཐུང་རྡོ་རྗེ་འཆང་གི་དཀར་ཆག་པད་དཀར་ལྗོན་བཟང་ཞེས་པ་དང་།  མ་རུང་སྲིན་པོའི་གཟུགས་ཅན་ཁྲོ་གཏུམ་ཆེ་ཞེས་པའི་གུར་མགོན་འཕྲིན་བཅོལ་ལྗགས་རྩོམ་མཛད།  རབ་བྱུང་བཅུ་གཉིས་པའི་མེ་སྟག(1746)ལོར་མདོ་སྨད་དུ་དགོངས་པ་རྫོགས་པར་གསུངས་སོ། །

    མཛད་རྗེས།

  སྣར་ཐང་པར་ཁང་གི་བཀའ་བསྟན་པར་དུ་བརྐོས་པ། བཀའ་འགྱུར་རོ་ཅོག་གི་ཤིང་དཔར་གསར་དུ་བསྐྲུན་པའི་ལས་འགོ་ཚུགས་ཏེ། ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་དཔར་པོད་ཉི་ཤུ་ལྷག་ཐོན་པར་མཛད། ལྷ་ལྡན་གཙུག་ལག་ཁང་གི་མདའ་གཡབ་དང་རྟེན་བཞེངས་མང་བོ་གནང་། ལྷག་པར་ཨ་ལག་ཤ་དགོན་པ་ཕྱག་འདེབས་གནང་བ་དང་བོད་སོག་ཆོས་ལུགས་དང་རིག་གནས་ཀྱི་འབྲེལ་བ་རྒྱ་ཆེན་པོ་བཏང་ཞིང་སོག་པོ་དག་གི་རིག་གནས་ཀྱང་འཕེལ་བར་བྱས་རྗེས་ཆེན་པོ་བཞག་ཡོད་དོ།།

  • 顶 0