བསྟན་ཁོ། (བོད་ཀྱི་གསོ་རིག་ཆེད་མཁས་པ།)

2018-08-28
0

 

   རྒན་བསྟན་ཁོ་མཆོག་ནི1933ལོར་སི་ཁྲོན་མཛོད་དགེ་རུ་སྐུ་འཁྲུངས་ཤིང་། དགུང་ལོ་བདུན་གྱི་སྟེང་མཛོད་དགེ་ཁང་གསར་དགོན་པ་རུ་ནང་ཆོས་དང་བོད་ཀྱི་གསོ་རིག་ལ་བསླབས། 1949ལོར་བསང་ཆུ་རྫོང་གི་ཁ་གྱ་རུ་བོད་སྨན་སྐད་གྲགས་ཅན་ཨ་ཁུ་བསྟན་པའི་མདུན་དུ་གསོ་རིག་ལ་སློབ་གཉེར་གནང་། 1956ནས1959བར་བླ་བྲང་བཀྲིས་འཁྱིལ་དུ་ཚད་མ་སོགས་གཞུང་ཆེན་པོ་ཏི་ལྔ་ལ་སློབ་གཉེར་གནང་ཞིང་རྩོད་རིགས་སོགས་དགེ་བཤེས་གོ་ཐོབ་བླངས།1960ལོ་ནས་མཛོད་དགེ་རྩྭ་ཐང་དུ་ལོག་སྟེ་བོད་ཀྱི་གསོ་བ་རིག་པའི་ལས་དོན་གཉེར་བ་རེད། 

   ​ངོ་སྤྲོད་རགས་བསྡུས། 

  རྒན་བསྟན་ཁོ་མཆོག་ནི1933ལོར་སི་ཁྲོན་མཛོད་དགེ་རུ་སྐུ་འཁྲུངས་ཤིང་། དགུང་ལོ་བདུན་གྱི་སྟེང་མཛོད་དགེ་ཁང་གསར་དགོན་པ་རུ་ནང་ཆོས་དང་བོད་ཀྱི་གསོ་རིག་ལ་བསླབས། 1949ལོར་བསང་ཆུ་རྫོང་གི་ཁ་གྱ་རུ་བོད་སྨན་སྐད་གྲགས་ཅན་ཨ་ཁུ་བསྟན་པའི་མདུན་དུ་གསོ་རིག་ལ་སློབ་གཉེར་གནང་། 1956ནས1959བར་བླ་བྲང་བཀྲིས་འཁྱིལ་དུ་ཚད་མ་སོགས་གཞུང་ཆེན་པོ་ཏི་ལྔ་ལ་སློབ་གཉེར་གནང་ཞིང་རྩོད་རིགས་སོགས་དགེ་བཤེས་གོ་ཐོབ་བླངས། 1960ལོ་ནས་མཛོད་དགེ་རྩྭ་ཐང་དུ་ལོག་སྟེ་བོད་ཀྱི་གསོ་བ་རིག་པའི་ལས་དོན་གཉེར་བ་རེད།

  རྒན་བསྟན་ཁོ་ལགས་ནི་བོད་ཀྱི་གསོ་རིག་རིག་གཞུང་ལ་མངའ་བརྙེས་ཤིང་ལག་ལེན་ཟུང་འབྲེལ་གྱིས་རང་ཉིད་ནས་བོད་ཀྱི་གསོ་རིག་སློབ་ཁྲིད་དཔྱད་གཞི་དཔེ་དེབ་བཅུ་གསུམ་བྲིས་ཤིང་། ཡིག་འབྲུ་ཁྲི་དོན་བརྒྱད་ཙམ་ཡོད་ལ། དེ་མིན་འཆད་ཁྲིད་སོགས་དགེ་རྒན་གྱི་འགན་བཞེས་པ་རེད། 1974ནས་བོད་སྨན་འཛིན་གྲྭ་ཞིག་བཙུགས་ཏེ་རྔ་བ་ཁུལ་དུ་ཚད་ལྡན་སྨན་པ260ཙམ་བསྐྱེད་བསྲིངས་བྱས། ཁོང་ནི་རྟག་པར་བོད་ལྗོངས་དང་མཚོ་སྔོན། ཀན་སུའུ་སོགས་སུ་གདན་འདྲེན་ཞུ་བཞིན་ཡོད་ལ། 1983ལོའི་ཟླ5བར་ཟི་ལིང་ནས་བསྡུས་པའི་རྒྱལ་ཡོངས་བོད་སྨན་སློབ་དེབ་རྩོམ་སྒྲིག་ཚོགས་འདུ་རུ་ཞིང་ཆེན་དང་རང་སྐྱོང་ལྗོངས་གསོ་རིག་མཁས་དབང་མང་པོས་གདེང་འཇོག་ལེགས་པོ་ཐོབ། ཁོང་གིས་རྩོམ་སྒྲིག་གནང་བའི་སྨན་སྦྱོར་ཉམས་མྱོང་ཕྱོགས་བསྒྲིགས་དང་རྒྱུད་བཞི་ཞིབ་བསྡུར་མ་སོགས་པར་སྐྲུན་གནང་།

  ཁོང་ནི་བོད་ཀྱི་གསོ་རིག་དང་སྨན་རྫས་གང་ལའང་རྒྱུས་མངའ་མངོན་པར་གསལ་ཞིང་། ཚན་རྩལ་ཞིབ་འཇུག་ཕྱོགས་ལའང་བོད་སྨན་གྲགས་ཆེན་མུ་ཏིག་བདུན་ཅུ་ཚོང་རར་བཀྲམ་པ་དང་ཚོང་རའི་དགོས་མཁོ་ལྟར་མངོན་གསལ་དོད་པའི་གྲུབ་འབྲས་གང་ལེགས་བྱུང་། 1989ལོར་མུ་ཏིག་བདུན་ཅུ་ལ་སི་ཁྲོན་ཀྲུང་ལུགས་ཚན་རྩལ་ཡར་རྒྱས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།  ཁོང་གི་ཆེད་དུ་སྦྱར་བའི་ཤཱ་སའི་བདེ་བྱེད་ལ2002ལོར་དུས་རབས21པའི་ཨེ་ཤ་ཡའི་གླིང་སོགས་འདུས་པའི་རྒྱལ་སྤྱིའི་གསོ་རིག་འགྲེམ་སྟོན་སྟེང་གསེར་གྱི་གླང་ཆེན་བྱ་དགའ་ཐོབ།      རྒན་བསྟན་ཁོ་ལགས་ནི་ཚན་རྩལ་ཞིབ་འཇུག་དང་ནད་ཐོག་ཉམས་ལེན་ཧ་ཅང་མཁས་པ་དང་། ལྷག་པར་དུ་ནད་རིགས་འདྲ་མིན་ངོས་འཛིན་རྟགས་བཅོས་ལ་ཐུན་མོང་མ་ཡིན་པའི་འཇོན་ནུས་ལྡན་པ་རེད། ཁོང་གིས་བཟོ་སྦྱོར་བྱས་པའི་ཤཱ་སའི་མཆིན་བདེ་རིལ་བུ་ཡིས་མཆིན་ནད་གདུག་པ་ཅན་དག་ལ་ཕན་བསྐྱེད་གང་ལེགས་བྱུང་ཞིང་དེ་བཞིན་གློ་གཅོང་སོགས་ཀྱི་གསོ་བཅོས་ལའང་ཕན་ནུས་ཆེན་པོ་ཐོབ་པས་རྒྱལ་ནང་དུ་ཕྱི་བཅོས་དང་ཁོང་ནད་སྨན་པ་གང་མང་གིས་གདེང་འཇོག་ཚད་མཐོན་པོ་གནང་། རྒན་བསྟན་ཁོ་ལགས་ནས་སྔ་གཞུག་ཏུ་རྒྱལ་ཁབ་དང་ཞིང་ཆེན་རིམ་པ། ཁུལ་སོགས་ནས་གཟེངས་རྟགས་གང་མང་ཐོབ་པ་དང་། རྒྱལ་ཡོངས་འཕྲོད་བསྟེན་སྔོན་ཐོན་དཔེ་ལེགས་མི་སྣ་དང་། རྒྱལ་ཡོངས་ཀྱི་དཔལ་ཡོན་སྨན་པ། སི་ཁྲོན་མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་སྔོན་ཐོན་མི་སྣ། རྒྱལ་ཡོངས་སྐབས་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་ཀྲུང་ལུགས་གསོ་རིག་ཆེད་མཁས་རིག་གཞུང་ཉམས་མྱོང་གི་དགེ་རྒན་ཆེན་མོ། ཞིང་ཆེན་རིམ་པའི་དགེ་རྒན། འཕྲོད་བསྟེན་པུའུ་བོད་སྨན་ཆེད་མཁས་པ་བཅས་ཀྱི་ཆོ་ལོ་གནང་བ་དང་། སྐབས་བདུན་པ་དང་བརྒྱད་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི། ཀྲུང་གོའི་གསོ་རིག་སྨན་རྫས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། སི་ཁྲོན་ཞིང་ཆེན་ཀྲུང་ལུགས་ཆེད་ལས་ལག་རྩལ་མི་རིགས་མཐོ་རིམ་གོ་ཐོབ་ཞིབ་བཤེར་ཚོགས་པའི་ཚོགས་གཙོ། སི་ཁྲོན་ཞིང་ཆེན་སྨན་པ་ཆེན་པོ་བཅུའི་ནང་གི་གཅིག རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་དངུལ་ལོངས་སུ་སྤྱོད་པ་དང་། རྒྱལ་ཡོངས་ཀྲུང་ལུགས་ཆེད་མཁས་རིག་གཞུང་ཉམས་ལེན་རྒྱུན་འཛིན་ལས་ཀའི་ཕུལ་བྱུང་སྣེ་ཁྲིད་དགེ་རྒན། རྒྱལ་སྤྱིའི་བོད་ཀྱི་གསོ་རིག་རིག་གཞུང་ཚོགས་པའི་ལག་བསྟར་ཀྲུའུ་ཞི་གཞོན་པ། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་མཚན་འཛིན་ཡོན་ཀྲང་། མཚོ་སྔོན་བོད་སྨན་ཁང་གི་མཚན་འཛིན་སློབ་དཔོན་ཆེན་མོ། ཀན་སུའུ་ཀྲུང་ལུགས་སློབ་གླིང་གི་མཚན་འཛིན་སློབ་དཔོན། ཁྲི་འདུ་ཀྲུང་ལུགས་སློབ་ཆེན་གྱི་མཚན་འཛིན་སློབ་དཔོན་ཆེན་མོ། རྔ་བ་ཁུལ་བོད་སྨན་ཁང་གི་ཡོན་ཀྲང་། བོད་སྨན་ཞིབ་འཇུག་ཁང་གི་དབུ་ཁྲིད་པ། མཛོད་དགེ་བོད་སྨན་ཁང་དང་བོད་སྨན་ཞིབ་འཇུག་ཁང་གི་དབུ་ཁྲིད་པ་བཅས་ཡིན། 1993ལོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅང་ཙེ་མེན་ནས་མཇལ་འཕྲད་བཀའ་མོལ་གནང་བ་རེད། 

  
  • 顶 0