རྒྱལ་རོང་དང་བེེ་རོ་ཙ་ནའི་སྐོར།

2017-11-28

 

   ཁ་བ་གངས་རིའི་ཞིང་ཁམས་འདིར་རྒྱལ་བའི་བཀའ་དང་མདོ་སྔགས་རིག་གནས་མང་པོ་བསྒྱུར་བའི་སྔོན་བྱོན་གྱི་ལོ་ཙྰ་བའི་ཁྱུ་མཆོག་སློབ་དཔོན་ཆེན་པོ་བེེ་རོ་ཙ་ན་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་ཏེ་རྒྱ་གར་གྱི་པཎ་ཆེན་ལྔ་བརྒྱའི་ནང་གསེས་པཎ་ཆེན་བི་མ་མི་ཏྲ་ཉིད་ཀྱི་ཞབས་ལ་བཏུད་དེ་གསེར་སོགས་རིན་པོ་ཆེ་སྣ་ཚོགས་ཕུལ་ནས་དོན་དམ་ཟབ་ཆོས་ཡང་དག་སྟོན་པར་ཞུ་ཞུས་པས།དམ་པ་གང་གི་མདུན་ནས་སོ་ཐར་འདུལ་བ་དང་།སྔགས་བསླབ་དང་འདུལ་བ་ལུང་།བྱང་ཆུབ་སྤྱོད་པའི་མདོ་སོགས་ཐོས་བསམ་བྱས་ཤིང་།མདོ་སྔགས་འདྲེས་མ་དང་རྩིས་སྨན་འདྲེས་མ།ཆོས་བོན་འདྲེས་མ།རྫོགས་ཆེན་གྱི་ཆོས་སྐོར་སོགས་མང་དུ་བསྒྱུར་ཅིང་།གཞན་ཡང་པཎྡིཏ་ཉི་ཤུ་ལྷག་གི་མདུན་ནས་རིག་གནས་སྣ་ཚོགས་ལག་ལེན་དང་བཅས་པ་བསླངས་ཤིང་མཁས་ཤིང་གྲུབ་པ་བརྙེས་ནས་མཐར་བོད་དུ་ཕེབས་ནས།རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བཀའ་བཞིན《བྱང་ཆུབ་སྤྱོད་པའི་མདོ》སོགས་ནང་ཆོས་གསུངས་པས་བཙུན་མོ་དང་བོན་བློན་རྣམས་མ་དགའ་ནས་མ་ཉེས་ཁ་གཡོགས་ཀྱིས་རྒྱལ་པོ་ལ་བེེ་རོ་ཙ་ན་གསོད་དགོས་ཞེས་ནན་གྱིས་ཞུས།རྒྱལ་པོའི་ཐུགས་དགོངས་ལ་ད་ནི་ཐབས་གཞན་མི་འདུག་པས་དེ་ལྟར་རེད་ཅེས་རྫུན་གྱིས་མགོ་སྐོར་བསམ་ནས་བེེ་རོ་ཙ་ན་ངེས་པར་དུ་ཕྲ་མ་མཁན་ཞིག་ཡིན་ན་ཟངས་ཆེན་ནང་དུ་བཙུད་དེ་ཆུ་ལ་སྐུར་ཞེས་གསུངས་པས་བཙུན་མོ་དང་བོན་བློན་རྣམས་དགའ་བར་གྱུར།དེ་ནས་རྒྱལ་པོས་ལྐོག་ཏུ་ནང་བློན་སྟག་རྣ་གདོང་གཟིགས་དང་རྡོ་རྗེ་སྤྲེལ་ཆུང་གཉིས་ལ་གྲོས་བྱས་ནས་སྤྲང་པོ་ཞིག་ལ་རིན་ཆེན་མང་པོ་བྱིན།མི་འཆི་བ་ཆུ་ལས་ཐར་བའི་མན་ངག་བེེ་རོ་ཙ་ན་ནས་གནང་སྟེ་ཟངས་ཆེན་དུ་བཙུད་ཅིང་ཟངས་ནང་དུ་ཆུ་མི་འགྲོ་བར་བྱས་ནས་ཆུ་ནང་བཏང་།འོབས་ཀ་ཞེས་པའི་ས་རུ་སླེབས་ཏེ་དེ་གའི་མི་རྣམས་ཀྱིས་ཟངས་ཁ་ཕྱེས་དུས་སྤྲང་པོ་མ་ཤི་བར་འདུག་པས་ཀུན་གྱིས་ཆུ་ལས་དྲངས་སོ།། 

 

  དེ་ནས་བེེ་རོ་ཙ་ནའི་ཐུགས་དགོངས་ལ་བོད་ལ་བསྡད་ན་འགྲོ་དོན་མི་འགྲུབ་པས་རྒྱ་གར་སློབ་དཔོན་རྣམས་ཀྱིས་མན་ངག་ཡོད་ན་གར་སོང་འདུལ་ཞིང་ཡིན་ཞེས་གསུངས་པ་ལྟར་ས་ཆ་གཞན་ཞིག་ཏུ་འགྲོ་དགོས་སྙམ་སྟེ་རྒྱལ་པོ་ལ་དེ་བཞིན་ཞུས་པས།རྒྱལ་པོའི་ཐུགས་ལ་མ་བབས་ཏེ་སྣོད་དུ་མི་རུང་རྣམས་ལ་ཆོས་གསུང་མི་དགོས།ང་ལ་དད་འདུན་ཡོད་པས་ཆོས་ཟབ་མོ་གསུང་པར་ཞུ་ཞེས་ཀ་བའི་ལོགས་སུ་དོང་ཞིག་བརྐོས་ཏེ་བེེ་རོ་ཙ་ན་ནང་དུ་བཞུགས་སུ་བཅུག ཉིན་མོར་སྒོམ་སྒྲུབ་མཛད་ཅིང་མཚན་མོར་རྒྱལ་པོས་གསོལ་བ་དྲངས་ཤིང་ཆོས་ཞུས་པར་རེ་ཞིག་དུས་ལ་བཙུན་མོའི་བསམ་པ་ལ་རྒྱལ་པོ་ནུབ་མོ་རེ་རེ་ནང་དུ་མི་བཞུགས་པས་ང་ལས་བུད་མེད་གཞན་ཞིག་བཙལ་འདུག་སྙམ་སྟེ་ལྐོག་ལྟ་བྱས་པས་དོན་དངོས་གསལ་པོར་མཐོང་བས་ལམ་སང་བོན་བློན་རྣམས་བསྡུས་ཏེ་ཆུ་ནང་དུ་བསྐུར་བ་དེ་མི་གཞན་ཞིག་ཡིན་པར་འདུག ངན་སྔགས་མཁན་པོ་དེ་ཕུགས་སུ་སྦས་ནས་ཡོད་པས་ད་ལྟ་ནས་བཟུང་སྟེ་སྤུ་གྲི་རྣོན་པོས་གསོད་དགོས་ཟེར་བས་ཐམས་ཅད་གྲོས་འཆམས་ཏེ་བློན་པོ་ཏ་ར་ཀླུ་གོང་རྒྱལ་པོའི་མདུན་དུ་སོང་སྟེ་རྒྱལ་པོ་ཁྱེད་ཀྱིས་ཆོས་བསྒྱུར་བ་ལ་ཁ་གཡར་ནས་ངན་སྔགས་སྣ་ཚོགས་སྦྱངས།ཡུལ་ཁམས་ཕུང་བར་བྱས་པའི་བན་དེ་ལྐོག་ཏུ་སྦས།ཕ་མེས་ནས་བརྒྱུད་པའི་བོན་ཆོས་བསྣུབས་པས་ངན་སྔགས་མཁན་པོ་དེ་ད་ལྟ་ཉིད་དུ་གསོད་དགོས་ཞེས་ཞུས་པས་རྒྱལ་པོ་ཐུགས་ཁྲོས་ཏེ་བེེ་རོ་ནི་དམ་ཆོས་སྟོན་པའི་བླ་མ་ཡིན།གསོད་དགོས་ན་ཁྱོད་གསད་ཆོག་ཅེས་རལ་གྲི་འཕྱར་བས་བཙུན་མོ་དང་བློན་པོ་རྣམས་སྐྲག་སྟེ་ཅི་ཡང་ཞུ་མ་ཕོད་པར་བསྡད་དོ།། དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་བེེ་རོ་ཙ་ནའི་མདུན་དུ་ཕྱིན་ནས་བཙུན་པོ་དང་བློན་རྣམས་ཀྱིས་ཁྱེད་འདི་རུ་བཞུགས་ཡོད་པ་གོ་སོང་བས་ད་ཅི་བྱ་ཞེས་གསུངས་པས་བེེ་རོ་ཙ་ན་ཡིས་ལས་འཕྲོ་མེད་ན་འདོད་ཚད་འོང་རྒྱུ་མེད་ལ་ལས་དབང་བཙན་པོའི་བག་ཆགས་འཕྲོ་ཡོད་ན་བསད་ཀྱང་མི་འཇིགས་ཤི་ཡང་འགྱོད་པ་མེད།སྦྱངས་པའི་ཆོས་འདིས་ད་ལྟ་ལ་ཕན་ཡང་སྐྱེ་བ་ཕྱི་མ་ལ་འགྲོ་དོན་འོངས་པའི་སྨོན་ལམ་འདེབས་ཞེས་ཞུས་པས་རྒྱལ་པོས་ལས་ཀྱི་བུ་ཁྱེད་སྲོག་གི་གཤེད་མའི་ལག་ཏུ་ག་ལ་བཞག འོན་ཀྱང་ཆོས་ལ་བར་ཆད་འདུག་པས་ཧ་ཅང་ཐག་མི་རིང་བའི་ས་ལ་སོང་།ཕྱིས་སུ་ཞལ་མཇལ་བའི་ཐབས་ཤིག་ཡོད་ཅེས་གསུངས་ཏེ་བཙུན་མོ་དང་བློན་པོ་རྣམས་བསྡུས་ཏེ་ཁྱོད་ཚོ་མི་དགའ་སྙིང་ན་ན་བེེ་རོ་ཙ་ན་མཐའ་མེད་དུ་སྤྱུགས་རྒྱུ་ཡིན། 

  འོན་ཀྱང་ཏ་ར་ཀླུ་གོང་ཁྱོད་རང་གིས་ང་ལ་ཡ་པོ་བྱས་པས་ད་ནས་བཟུང་བློན་པོ་བྱེད་མི་ཆོགརྟ་རྫི་བྱོས་ཞེས་བཀའ་ཕབ་སྟེ་སུས་ཀྱང་མི་མཐོང་བར་གསེར་ཕྱེ་བྲེ་ཁ་བཅུ་དང་པ་ཏྲ་གཅིག་བེེ་རོ་ཙ་ན་ལ་ཕུལ་ཏེ་འགྲོ་བའི་ཡུལ་ཕྱོགས་གང་ན་དགའ་དྲིས་པས།བེེ་རོ་ཙ་ན་ཡིས་ཤར་རྒྱལ་མོ་ཚ་བའི་རོང་ལ་ལས་འཕྲོ་ཡོད་པས་དེ་རུ་འགྲོ་བར་ཞུས་ཏེ་དཔེ་ཆ་རྣམས་ཁུར་ཏེ་དེ་གའི་ཕྱོགས་སུ་ཞབས་ཀྱིས་བཅག་གོ།། 

   སློབ་དཔོན་བེེ་རོ་ཙ་ན་གཞོན་ནུའི་ཚུལ་བཟུང་ནས་རྒྱལ་མོ་དམུ་རྡོའི་ཉེ་འགྲམ་བྲག་སྟེང་ཡུལ་གྱི་སུམ་པ་ཚང་གི་ཐབ་རྡོ་སུམ་ཚོམ་ཞིག་ལ་ཚེ་རབས་སྔོན་མའི་མ་ཡུམ་དམྱལ་བ་ཉི་འཚེ་བ་སྐྱེ་བར་མཁྱེན་ནས།ལོ་ཕྱེད་ཡན་ཆོད་སུམ་པ་ཚང་ལ་ལུག་རྫི་བྱས།མ་ཡུམ་གྱི་སྡིག་བཤགས་རྫུ་འཕྲུལ་གྱིས་མཆོད་རྟེན་བརྒྱ་བཞེངས་པས་མཆོད་རྟེན་འགའ་ད་ལྟ་ལའང་མཇལ་རྒྱུ་ཡོད།མཐར་འགྲོ་ལ་ཉེ་བའི་དུས་སྐབས་སུ་གཞན་མ་དང་མི་འདྲ་བའི་དོགས་པ་སྐྱེས་ཡུལ་གྱི་སྐྱེས་བུ་དམ་པ་ཞིག་ལ་ངོས་ཟིན་ཀྱང་ཟེར་མ་ནུས་པའི་གླ་ཟས་སྤྲད་རྒྱུའི་གྲ་སྒྲིག་བྱས་ཚེ།ཁོང་གིས་ང་ལ་གླ་ཟས་དགོས་པ་མེད་ཀྱང་གླ་ཟས་ཚབ་ཏུ་ཁྱེད་ཀྱི་ཐབ་རྡོ་མ་སྒྱེད་དེ་ང་ལ་གནང་དགོས་གསུངས་པས།ཐབ་རྡོ་བྱིན་ནས་སྒོ་ཁར་ཐོན་ཚེ་སུམ་པ་ཚང་ལ་ཐབ་རྡོ་འདི་བཅག་ན་ཆོག་གམ་ཞུས་པས་ཁྱེད་རང་གི་ཐུགས་དགོངས་བཞིན་མཛོད།ཅེས་ཞུས་ཕྲལ་ཐབ་རྡོ་བཅག་པའི་ནང་ནས་ཕྱེ་མ་ལེབ་ཅིག་འཕུར་སོང་བ་ཀུན་གྱིས་མཐོང་།དེ་ནས་སུམ་པ་ཡུལ་ཚོ་ཐམས་ཅད་དད་པ་སྐྱེས་ཏེ་ནན་ཏན་གྱིས་བཞུགས་ཞེས་ཞུ་བ་བྱས་ཀྱང་།ཁོང་སློབ་དཔོན་གྱི་འགྲོ་བའི་དུས་བྱུང་ནས་འགྲོ་དགོས།ཁྱེད་རྣམས་དད་པ་ཡོད་ན་ལོ་རེ་བཞིན་ས་ག་ཟླ་བའི་ཚེས་བཅུ་ལ་ཚེ་སྒྲུབ་ཀྱི་ཚོགས་འཁོར་ཕུལ་ནུས་ན་དེའི་ཚེ་ང་རང་མངོན་སུམ་འོང་ངོ་གསུངས་པས།སུམ་པ་ནས་ཚོགས་འཁོར་དེང་སང་ཡང་ལོ་རེ་རེར་འབུལ་བཞིན་ཡོད།། 

   ཤར་རྒྱལ་མོ་རོང་གི་ཆུ་འཕོ་ཐུབ་བསྟན་གླིང་དང་།ཁྲོ་བཅུ་མདོ་མཁར་ཐུབ་བསྟན་བདེ་ཆེན་གླིང་།རྒྱལ་ཁ་སྟེག་ཐོག་ཕུན་ཚོགས་བཀྲ་ཤིས་གླིང་ཞེས་དགོན་ཆེན་གསུམ་ནི་མདོ་སྔགས་ཀྱི་བསྟན་པ་དར་བར་མཛད་པའི་གླིང་གསུམ་ཞེས་གྲགས་སོ།བསྟན་བདག་སློབ་དཔོན་ཆེན་པོ་བེེ་རོ་ཙ་ནས་གཡུ་སྒྲ་སྙིང་པོ་སོགས་ཡུལ་དེའི་རིགས་བཟང་ཤེས་རབ་ཅན་གཞོན་ནུ་མང་པོ་བསྡུས་ནས་སྒྲ་བསྒྱུར་བསླབས་ནས་ཕུལ་ཕྱིན་གྱི་མཁས་པ་མི་བདུན་བྱུང་ཞིང་།མདོ་ཆོས་དང་གསང་སྔགས་རྒྱུད་འབུམ་ཆེན་མོ་སོགས་མང་དུ་བསྒྱུར་ནས་རྒྱལ་མོ་ཚ་བའི་རོང་གི་ཕོ་མོ་ཐམས་ཅད་འདུས་ནས་བེེ་རོ་ཙ་ན་ལ་མཆོད་ཅིང་བསྔགས་པར་བྱས་ཏེ་བླ་མར་བཀུར་ཞིང་དམ་ཆོས་ཉན་ནས་མདོ་སྔགས་སྨིན་གྲོལ་ཆོས་ཀྱིས་ཚིམས་པར་བྱས།གཡུ་སྒྲ་སྙིང་པོ་དང་བདུད་འདུལ་རྡོ་རྗེ་གཉིས་ཀྱིས་གཙོར་བྱས་པའི་རབ་བྱུང་གི་སྡེ་དང་སྔགས་པའི་སྡེ་ཞེས་མདོ་སྔགས་ཀྱི་ཆོས་སྡེ་ཆེན་པོ་གཉིས་བཙུགས་ནས་ཆོས་སྡེ་རེ་རེ་ལའང་གཙུག་ལག་ཁང་རེ་བཞེངས་ཏེ་རབ་བྱུང་བཞུགས་ཁང་ཐོག་ཕུབ་ལྔ་པ་རྒྱ་གར་ལུགས་སུ་བཞེངས་པའི་ནོར་བུའི་གླིང་ཞེས་གསོལ་ཞིང་སྐུ་རྟེན་དུ་གསེར་ལས་བྱས་པའི་ཤྰཀྱ་ཐུབ་པའི་ཐོག་ཚད་གཅིག དངུལ་གྱི་ཉེ་བའི་སྲས་བརྒྱད་ཀྱི་ལུས་ཚད།གནས་བརྟན་བཅུ་དྲུག་དང་རྒྱལ་བ་བཅུ་གཉིས།གསེར་ཟངས་ལས་བྱས་པའི་རྣམ་པར་སྣང་མཛད།རྟེན་གྱི་གཙོ་བོ་མགོན་པོ་ཚེ་དཔག་མེད་དང་ཚེ་ལྷ་རིགས་ལྔ་སྒྲོལ་མ་ཉེར་གཅིག་སོགས་བཞེངས།སྔགས་པའི་སྒྲུབ་ཁང་ཐོག་ཕབ་གསུམ་པ་རྒྱ་ནག་ལུགས་སུ་བཞེངས་པའི་ཁྲོ་ཆུ་བདུད་འདུལ་བདེ་ཆེན་འདུལ་གླིང་ཞེས་བཏགས་ལ་རྟེན་སྐལ་དུ་ཟངས་ལས་བྱས་པའི་གུ་རུ་ཐོག་ཚད་གཅིག་སོགས་བཞེངས་པ་དང་།མཆོད་རྟེན་བརྒྱ་དང་རྩ་བརྒྱད་བྲིས།གཞན་ཡང་ཤེར་དྲུག་དགོན་དང་།སྐུ་འདུག་དགོན།བན་དྷེ་དགོན་སོགས་གྲངས་ལས་འདས་པའི་དགོན་པ་མང་པོ་གསར་བཞེངས་མཛད་དེ་མདོ་སྔགས་གཉིས་ཀྱི་བསྟན་པ་དར་ཞིང་རྒྱས་པར་བྱས་པའོ།། 

   

<