སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱི་སྒྲུང་དེབ་ལྔ་པ«གྲོ་ཞིང་ཁ»པར་དུ་བསྐྲུན།

2022-09-26
276

        «གྲོ་ཞིང་ཁ»ཞེས་པ་འདི་ནི་ངའི་སྒྲུང་གཏམ་འབྲིང་ཐུང་ཕྱོགས་བསྒྲིགས་དེབ་གསུམ་པ་ཡིན་ལ། དེབ་འདིར་ངའི་རང་ཚོད་ཀྱིས་ཚོད་ལྟ་དང་འཚོལ་ཞིབ་མང་པོ་བྱས་པའི་གྲོ་ཞིང་ཁ་དང་འབྲེལ་བ་ཡོད་མེད་གཉིས་ཀའི་སྒྲུང་གཏམ་བསྡོམས་ན་བཅུ་གཅིག་བསྡུས་ཡོད། སྒྲུང་གཏམ་དེ་དག་བྲིས་པའི་བརྒྱུད་རིམ་ནང་གསར་རྩོམ་ནི་ལྷག་ཏུ་དཀའ་སྤྱད་དང་སྙིང་རུས་སྡུག་སྲན་བར་མཚམས་མི་ཕྱེད་པ་དང་གཟབ་ནན་གྱི་ལས་ཀ་ཞིག་ཡིན་པའི་ངེས་ཤེས་སྐྱེས་མྱོང་ལ། དེ་ལ་ཡིད་ཆེས་དང་ཆོད་སེམས། དད་པ་དང་སྙིང་སྟོབས། བརྩོན་འགྲུས་དང་རྒྱུན་འཁྱོངས་སོགས་ཅིས་ཀྱང་མཁོ་བ་ཡང་ཤེས་སོང་། གཉིད་མི་ཁུགས་པའི་མཚན་མོ་རེ་རེར་གཏམ་རྒྱུད་ཀྱི་ས་བོན་བསམ་གཞིག་གི་ཞིང་ཐང་དུ་བཏབ་ནས་གཅེས་ཤིང་བསྙོར་བ་དྲན་ཚེ། མཚམས་རེར་ཡིད་འགུལ་ཐེབས་ཤིང་། ཡང་སྐབས་འགར་སེམས་སྡུག་ནས་མཆི་མའང་བྲུགས་པར་བྱེད། ཡིན་ནའང་ཚོར་བ་དེ་དག་ལ་དེ་འདྲའི་ཟིལ་ཤུགས་དང་སླུ་བྲིད་ཀྱི་རང་མདངས་རྣོན་པོ་ཞིག་མངའ་བས། ཕྲན་པ་སྒྲུང་གཏམ་གསར་རྩོམ་གྱི་དོང་ཞབས་མེད་དེར་འཇའ་ཚོན་རྗེས་སུ་བསྙེགས་པའི་བྱིས་པ་བཞིན་ཡང་ཡང་ཉེན་མཆོང་བྱས་ཏེ་དེའི་དགའ་བ་དང་སྐྱོ་བ་མ་ལུས་སེམས་ཀྱིས་མྱངས་པ་ཡིན།
—སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱིས།
        ང་ལ་མཚོན་ན། ཁོང་གི་སྒྲུང་གཏམ་ཐོག་མ«བྱ་ཞིག་ཡིན་ན་བསམས་བྱུང»ཞེས་པ་ནས«སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱི་སྒྲུང་ཐུང་ཕྱོགས་བསྒྲིགས»དང་སྒྲུང་རིང«མར་ངོའི་ཟླ་བ»སོགས་ལ་ནན་ཏན་གྱིས་བཀླགས་ཤིང་ཞིབ་ཏུ་དཔྱད་དུས། སྒྲུང་གཏམ་དེ་དག་ལས་དེང་གི་འཚོ་བའི་འགྱུར་ལྡོག་ཁྲོད་ཀྱི་མི་རབས་ཤིག་གི་ན་གཞོན་ཚོའི་འཚོ་གནས་ཉེན་འཚུབ་ཀྱི་འདུ་ཤེས་ཤུགས་དྲགས་སུ་མཐོང་རྒྱུ་ཡོད་པ་མ་ཟད། ཟང་ཟིང་གི་གྲོང་ཁྱེར་གྱི་རིག་གནས་དང་ལྷིང་འཇགས་ཀྱི་ཞིང་གྲོང་གི་རིག་གནས་བར་གྱི་མིའི་ནང་སེམས་ཀྱི་འཚོལ་སྙེག་དང་དཀའ་རྙོག ཁེ་ཕན། རྩིས་ཐང་། འཆི་བ་སོགས་བརྗོད་སྙིང་དུ་བཅིངས་ཏེ། མི་ཚེའི་མཐའ་མཇུག་གི་ལོག་མལ་ནི་ཞི་འཇམ་བདེ་སྐྱིད་དང་ལྷིང་འཇགས་སུ་བཅོལ་བའི་ཕུགས་འདུན་ཡུལ་ཁམས་ཀྱི་ངོས་སུ་བསྡུས་པས། གདམ་གསེས་ཀྱི་ཆ་དེ་རིག་གནས་སྲུང་འཛིན་དང་མི་གཤིས་སླར་གསོའི་སྟེང་དུ་དཔྱངས་ནས་ཡོད་ཅིང་། དེ་ནི་དེ་འདྲའི་འོད་འཚེར་བ་ཞིག་རེད། གསལ་དུ་བཀྲ་བ་ཞིག་རེད། སྙིང་དུ་སྡུག་པ་ཞིག་ཀྱང་རེད། དེ་ལྟར། རྩོམ་པ་པོ་འདིས་གསར་རྩོམ་བགྱིས་པའི་སྒྲུང་གཏམ་གྱི་ཁྲོད་ན། ཁོང་གི་ཡིད་ཀྱི་རྣང་མར་བསྙལ་ཞིང་དྲན་པའི་ཡུར་བར་དྲངས་པའི་རིག་གནས་ཀྱི་བརྡ་རྟགས་ཡན་གར་དུ་ཡོད་པ་ནི་གྲོ་ཞིང་ཁ་ཙམ་མ་ཡིན་པར་གྲོ་ཞིང་ཁའི་གཏམ་རྒྱུད་རེད། ཡང་ན་གཏམ་རྒྱུད་ཁྲོད་དུ་བཅུག་པའི་མིའི་ལས་དབང་དང་སྤྱི་ཚོགས་ཀྱི་བདེ་སྡུག་རེད། གཏམ་རྒྱུད་ནི་མིས་བསྒྲུབས་པའི་བྱ་ལས་ཡིན། དེ་བས། ཁོང་གི་སྒྲུང་གཏམ་ཁྲོད་ཀྱི་གྲོ་ཞིང་ཁ་ནི་ཡུལ་ཁམས་ཀྱི་གཞིས་ར་དང་རིག་གནས་ཀྱི་ས་ཞིང་ལྟ་བུའི་མི་ཚེའི་ལོག་མལ་དུ་སྦྲུམ་ཡོད།
—དཔལ་ལྡན་རྒྱ་མཚོ།
        སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱི་སྒྲུང་གཏམ་ཡོད་དོ་ཅོག་ནི་སྤྱིའི་ཆ་ནས་ས་ཁམས་ཀྱི་ཡིད་བརྙན་ཆེ་བ་གཉིས་ཀྱིས་གྲུབ་འདུག་པར་བཤད་ཆོག་སྟེ། དེ་ནི་བརྩམས་ཆོས་ཁྲོད་ཀྱི“གྲོང་ཁྱེར”དང“གྲོང་གསེབ” ཡང་ན། “ཕ་ཡུལ”རེད། རྩོམ་པ་པོས་ས་ཁམས་ཀྱི་ཡིད་བརྙན་ཆེན་པོ་འདི་གཉིས་ཀྱི་ཕྱི་རོལ་གནས་པ་གང་གི་བསྐྱེད་འབྲས་སུ་གྱུར་བའི་སྐྱི་གཡའ་བའི་དུས་རབས་ཀྱི་གདམ་གསེས་མང་པོའི་ས་བོན་ཞིག་གཏམ་རྒྱུད་ཀྱི་ཞིང་ཐང་དུ་བཏབ་ཡོད་པ་རེད། དཔེར་ན། སྒྲུང་ཐུང«བྱ་ཞིག་ཡིན་ན་བསམས་བྱུང»ཁྲོད་དུ། དགའ་དགས་གྲོང་ཁྱེར་དུ་ཁང་བ་གླས་ནས་སྡོད་སྐབས། ཁང་བདག་རྒྱ་མོས་ཐེངས་མང་པོར་ཁང་གླ་སྤྲོད་པར་སྐུལ་བའི་ཉམས་འགྱུར་དེ་དགའ་དགའི་ཡིད་ལ་དྲན་ཚེ། “ཁང་རིན་ཁང་རིན། ཁྱོད་ཀྱི་ཨ་ཕའི་རོ་ཡི་ཁང་རིན། གློག་རིན་གློག་རིན། ཁྱོད་ཀྱི་ཨ་མའི་རོ་ཡི་གློག་རིན། ཆུ་རིན་ཆུ་རིན། ཁྱོད་ཀྱི་བྱིས་པའི་རོ་ཡི་ཆུ་རིན”ཞེས་ཁོག་ནས་སྡིགས་དམོད་བྱས་པ་རེད། «རྡུལ་འཚུབ་ཁྲོད་ཀྱི་འབོད་པ»ཡི་མཇུག་ཏུ། “ཁོ་ལ་ངུ་སྙིང་འགོག་མེད་ཅིག་སྐྱེས་ཤིང་། མཚུངས་སུ་ཁ་ནས‘གྲོང་ཁྱེར་ཡ་གྲོང་ཁྱེར’ཞེས་ཤོར”ཞེས་དང་། «ཞོགས་པར་ལམ་ནས་འཕྲད་པ་དག»ཅེས་པའི་མཇུག་ཏུ། “སྤྱི་སྤྱོད་རླངས་འཁོར་ནང་གི་མི་རྣམས་རིམ་བཞིན་ཁོའི་མིག་ལམ་ནས་རབ་རིབ་ནས་མག་མོག་ཏུ་གྱུར། སྤྱི་སྤྱོད་རླངས་འཁོར་ལས་བབས་རྗེས་བཀྲ་ཤིས་ནི་རྐུན་མ་ཞིག་དང་འདྲ་བར། ཕྱིར་ལྟོས་མེད་པར་གོམ་པ་རིང་ལེན་གྱིས་ལས་ཁུངས་ཀྱི་ཕྱོགས་སུ་བརྒྱུགས་སོང”ཞེས“གྲོང་ཁྱེར”གྱི་ངལ་དུབ་དང་སྐྱོ་སྣང་། ཕམ་ཁ་དང་རེ་ཆད། བྲེལ་ཟིང་སོགས་འཚོ་བའི་སྡུག་ཡུས་རིང་མོ་རིས་སུ་ཕབ་ནས་རྩོམ་པ་པོ“གྲོང་ཁྱེར”ནས“གྲོང་གསེབ་ཀྱི་ཕ་ཡུལ”དུ་ལྡོག་པའི་བསམ་འདུན་དྲག་པོ་མཚོན་པར་བྱས་འདུག  དེ་ནས་རེ་འདུན་དྲག་པོ་དེས་མུ་མཐུད་ནས་རྒོལ་བས་སྒྲུང་རིང«མར་ངོའི་ཟླ་བ»ཡི་མཇུག་ཏུ།“ང་རང་འགྲུལ་འཁོར་དུ་བསྡད་དེ་ཡང་བསྐྱར་ཕ་ཡུལ་ཟེར་བའི་རི་གྲོང་དེར་གོམ་ཁ་བསྒྱུར་པ་ཡིན། འགྲུལ་འཁོར་གྱི་དྲ་མིག་ལས་རིང་ནས་རིང་དུ་བསྐྱུར་བའི་གྲོང་ཁྱེར་ནི་ཉམས་འགྱུར་སྟོང་གིས་འགྱིང་ནའང་། ང་ལ་འཁྲེང་ཞེན་གྱི་སྣང་བ་གང་ཡང་མ་བྱིན། དོན་དུ་ཡང་གྲོང་ཁྱེར་དེར་ང་ལ་འཁྲེང་ཞིང་ཞེན་ས་ཞིག་ཅི་ཡོད་ཨང”ཞེས་རྩོམ་པ་པོའི་ཡིད་ཀྱི་རེ་འདུན་ཁུར་བའི“ང”ནི་འདུ་འཛི་དང་འུར་ཟིང་ཆེ་བའི“གྲོང་ཁྱེར”ནས་སླར་ཡང“གྲོང་གསེབ་ཀྱི་ཕ་ཡུལ”དུ་ལོག་སོང་། ཕ་ཡུལ་དུ་ལོག་རྗེས། རྩོམ་པ་པོ་མར་མེའི་སྐད་ཅིག་མཐའ་མ་ལྟ་བུའི་ཕ་ཡུལ་གྱི་ཞི་འཇགས་དེའི་རྒྱུན་ལ་འཐམ་སྟེ་ཁབ་ས་འོག་ཏུ་འཛུལ་བ་ལྟར་སྡོད་པ་མ་ཡིན་པར་གྲོང་གསེབ་ཀྱི་ས་ཁམས་ཀྱི་དྲན་པ་མུ་ནས་མུ་རུ་བསླངས་ཏེ་ཡིད་ཀྱི་རེ་སྨོན་ཏུ་གྱུར་བའི་ཕ་ཡུལ—གྲོ་ཞིང་ཁ། ཡང་ན། མདོ་དབུས་མཐོ་སྒང་གི་གྲོང་ཚོ“གྲོ་ཞིང་ཁའི”ས་ཁམས་ཀྱི་འགྱུར་ལྡོག་ཞིབ་མོར་བརྗོད་དང་བརྗོད་མུས་རེད། འདི་ནི་བརྩམས་ཆོས་ཀྱི་ས་ཁམས་ཡིད་བརྙན་གྱི་དཀྱོགས་མཚམས་ཤིག་ཀྱང་རེད་དེ། དང་ཐོག“གྲོང་ཁྱེར”སྒྲུང་གཏམ་གྱི་ས་ཁམས་ཡིད་བརྙན་ཡིན་པ་ནས“མཐོ་སྒང་གི་གྲོང་ཚོ”ཞིག་སྒྲུང་གཏམ་གྱི་ས་ཁམས་ཡིད་བརྙན་དུ་འཕོ་བའི་གོ་རིམ་ཡང་རེད།
—བོན་སྐོར་དོན་གྲུབ་ཚེ་རིང་།
        ང་རང་ལ་མཚོན་ན། སྒྲུང་གཏམ«གདགས་སྲིབ»བཀླགས་རྗེས་སུ། ཡིད་ལ་ཐད་ཀར་འཆར་འོངས་པ་ནི་སྒྲུང་གཏམ་ནི་ཤེས་བྱའི་བང་མཛོད་ཅིག་རེད་ཟེར་བ་དེ་ཡིན་ལ། མཚམས་ལན་རེར་སྒྲུང་གཏམ་ནི་མིང་བརྡ་འགྲེལ་བཤད་ཀྱི་ཐབས་ལམ་ཡག་པོ་ཞིག་དང་ཉམས་ལེན་གྱི་གོ་རིམ་ཆ་ཚང་ཞིག་ཀྱང་རེད་ཅེས་ཟེར་འདོད་བྱུང་། རྒྱུ་མཚན་ནི«གདགས་སྲིབ»ལ་མཚོན་ནས་བཤད་ན། ང་ཚོས་མི་སྣ་གཙོ་བོ་རྐང་གསུམ་འདྲུད་འཁོར་གྱི་ཁ་ལོ་བའི་གནས་སྟངས་ལ་བརྟེན་ནས་སྤྱིར་བཏང་གི་མི་ཞིག་རྐྱེན་ལམ་དུ་ཤོར་བའི་རྗེས་ཀྱི་འགྲོ་འདུག་དང་། ཞེན་ཆགས། འཕྲུལ་སྣང་། སྙིང་རྗེ་ཡི་ཉམས་སོགས་བརྙན་རིས་ཇི་བཞིན་དུ་ཉམས་སུ་ལེན་ཐུབ་པ་མ་ཟད། མིང་བརྡ་མང་པོ་ཞིག་གི་ནང་དོན་ནི་དཔེ་ངོས་ཀྱི་མིང་ཚིག་འགྲེལ་བཤད་ཙམ་མ་ཡིན་པར་རེག་རྒྱུ་དང་མྱངས་རྒྱུ་ཡོད་པ་ལྟ་བུ་ཞིག་ཏུ་མཐོང་། དེ་བས་སྒྲུང་གཏམ་འབྲི་མཁན་ལ་རྣམ་དཔྱོད་ཅིག་དགོས་པ་གཞིར་བཞག་སྒྲུང་གཏམ་ཀློག་པ་པོ་ལ་ཡང་ཀློག་་པ་པོའི་རྣམ་དཔྱོད་ཅིག་ལྡན་དགོས་པ་ནི་སྒྲུང་གཏམ་བཀླག་པའི་རྩ་བའི་ཆ་རྐྱེན་རེད། གཞན་ཡང་སྒྲུང་གཏམ«གདགས་སྲིབ»ཀྱིས་གསལ་བཏབ་པ་ཤེས་བྱ་གང་ཞིག་ཡིན་རུང་གོ་ཐོས་ཙམ་གྱིས་རྒྱང་མི་ཆོད་པ་མ་ཟད་སླར་ཡང་རང་ཉིད་འཆིང་བྱེད་ཀྱི་སྒྲོག་ཏུ་མི་འགྱུར་བའི་ངེས་པ་ཡང་མེད་དེ། དཔེ་བཞག་ན། «མི་ལའི་མགུར་འབུམ»ལས། “ཆོས་པས་ཉེ་རིང་མ་སྤངས་ན། །ཕུང་ལ་དེ་བས་ཆེ་བ་མེད། །མཁས་པས་ཉམས་ལེན་མ་བྱས་ན། །ཁྲེལ་ལ་དེ་བས་ཆེ་བ་མེད། །བཙུན་པས་ཚུལ་ཁྲིམས་མ་བསྲུངས་ན། །ངོ་ལ་དེ་བས་ཚ་བ་མེད། །”ཅེས་པ་ལྟར་རོ། །མཇུག་མཐར་སྒྲུང་གཏམ«གདགས་སྲིབ»འདི་གལ་སྲིད་གློག་བརྙན་འཁྲབ་གཞུང་དུ་བཅོས་ནས་གློག་བརྙན་གྱི་ལམ་ཁ་ནས་སྟོན་ཐུབ་ཚེ་ཇི་འདྲའི་ཤུགས་རྐྱེན་ཅན་ཞིག་ཡིན་པ་ལ་ཨང་ཞེས་ཀྱང་སེམས་སོ། །
—དཀོན་མཆོག་རྒྱལ་པོ།
        སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱིས«1986ལོའི་ཆར་ལྭ»དང«བཀྲ་ཤིས་ཞེས་པའི་ཁྱི་རྒན་ཞིག་རྗེས་སུ་དྲན་པ»གཉིས«སྦྲང་ཆར»དུ་སྤེལ་རྗེས། ཁོ་བོས་ད་གཟོད་སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱིས་སྒྲུང་གཏམ་གསར་རྩོམ་གྱི་ལམ་སྣེ་གསར་ཞིང་ཡངས་པ་ཞིག་ཟིན་པར་རྟོགས། དེའི་དུས་རྩོམ་པ་པོ་ཁོང་ཉིད་གྲོང་ཁྱེར་ནས་ཕ་ཡུལ་དུ་ལོག་ཅིང་། དེ་ནི་ཁོང་གི་སྒྲུང་གཏམ་གསར་རྩོམ་ལ་མཚོན་ན་དཀྱོགས་མཚམས་གལ་ཆེན་ཞིག་ཀྱང་རེད་འདོད། རྩོམ་པ་པོ་ཞིག་ལ་མཚོན་ན་འབྲི་ཐབས་སྣ་གཅིག་དང་བརྗོད་བྱ་རིགས་གཅིག་ལ་གཡེང་སྟེ་ཡུན་རིང་འགོར་ཚེ། རང་ཉིད་ཀྱི་མདུན་ཐད་དུ་རང་ཉིད་ཀྱིས་བརྩིགས་པའི་གསར་རྩོམ་གྱི་བཀག་རྡོ་ཞིག་འབྱུང་སྲིད་ལ། དེར་རང་གི་བརྩམས་ཆོས་ཀྱི“ཕ་རྒན”ཞེས་ཀྱང་ཟེར་སྲོལ་མཆིས། མ་ཟད། འབྲི་སྟངས་རིགས་གཅིག་པ་དེའི་ཐད་ནས་ཡང་ཡང་བསྐྱར་ཟློས་འབྱུང་བའམ་གནས་མལ་གཅིག་ཏུ་ལུས་པའི་ཉེན་ཁའང་ཤིན་ཏུ་ཆེ། དེ་བས་ངེས་པར་དུ་ཐབས་བཀོད་ཅི་རིགས་འཐེན་ནས་རང་ཉིད་ཀྱི་བཀག་རྡོའམ“ཕ་རྒན”དེ་ལས་བརྒལ་ཅི་ཐུབ་བྱེད་དགོས་པ་རེད།
        སྒོ་མེ་ཚེ་རིང་བཀྲ་ཤིས་ལ་མཚོན་ན། ཐོད་བརྒལ་དེ་བྱུང་བའི་རྟགས་མཚན་ནི་སྨྲས་མ་ཐག་གི་སྒྲུང་གཏམ་དེ་གཉིས་ཐེ་བའི་ཕ་ཡུལ་གྲོ་ཞིང་ཁའི་མུ་འབྲེལ་སྒྲུང་གཏམ་དག་རེད། འདི་ནི་ཅི་ཞིག་འབྲི་བའི་གནད་དོན་ཞིག་ཀྱང་མ་ཡིན་ནམ། སྐབས་དེ་མཚམས་ནས་བཟུང་། སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱིས་འབྲི་ཐབས་ཀྱི་ཆ་ནས«བྱ་ཞིག་ཡིན་ན་བསམས་བྱུང»དང«སད་དང་མ་སད་མི་འདུག»ལྟ་བུའི་སེམས་འགྱུ་ཁོ་ན་གཙིགས་སུ་འཛིན་པ་དང་སྣང་ལ་མ་ངེས་པ་དང་རབ་རིབ་མག་མོག་གི་འབྲི་ཐབས་དེའི་རིགས་བསྐྱུར་ཏེ། དངོས་བྲིས་ཀྱི་ཁྱད་ཆོས་འདོན་པའི་ཕྱོགས་ལ་གཞོལ་མགོ་བརྩམས་ཤིང་། ངོམ་དུ་རུང་བའི་སྒྲུང་གཏམ་འབོར་ཆེན་ཞིག་ཀློག་པ་པོའི་མདུན་སར་བྲིམས་པ་རེད། ཁོའི་གསར་རྩོམ་གྱི་བརྒྱུད་རིམ་དེ་དག་ལ་གཞིགས་ཏེ། ཁོ་བོས་ད་གཟོད«ཆུ་དཀར། ཆུ་ནག»ཅེས་པ་ནི་ཐོད་བརྒལ་ཞིག་རེད་ཟེར་བ་ཡིན།
        བྱེ་བྲག་སྒྲུང་གཏམ་འདིའི་ངོས་ཐད་ནས་བཤད་ན། གློག་བརྙན་ཞིག་ལ་ལྟ་བའི་སྣང་བ་འགོག་མིན་དུ་སྟེར་བར་བྱེད་ཅིང་། ཁུངས་སྣེ་མང་ཞིང་བྱུང་རིམ་ཀྱག་ཀྱོག་ཏུ་བསྟར་ཏེ་སྒྲུང་གཏམ་གྱི་བར་སྟོང་ཡངས་པོར་ཕྱེ་བར་མ་ཟད། ཀློག་འདོན་གྱི་དཀའ་ཁག(阅读障碍)ཀྱང་མི་ཉུང་བ་བཟོས་འདུག སྒྲུང་གཏམ་འདིར་ཐེངས་གཅིག་བལྟས་པས་མི་ཆོག་ལ། ཡང་ཡང་བལྟས་ན་ད་གཟོད་དེའི་མགོ་རྔ་ཆ་ཚང་ཞིག་བློ་ཁོག་ཏུ་ངེས་ཤིང་། དེའི་ཐབས་རྩལ་དང་བཅས་པར་རྒྱུས་ལོན་ཅུང་ཟད་ཡོང་ཐུབ།
        ཁོའི་སྒྲུང་གཏམ་དེ་དགུན་ཁ་ཞིག་དང་དགུན་ཁའི་ཞོགས་པ་ཞིག་ནས་མགོ་བརྩམས་ཏེ། དོན་དག་དང་བྱུར་རྐྱེན་སྣ་མང་རྐྱ་འཐབ་པའི་སྒོ་ནས། ལྕགས་བྱམས་དང་ཚེ་རིང་། བསོད་ནམས་བཅས་ཁུངས་སྣེ་གཙོ་བོ་གསུམ་མམ་མི་སྣ་གཙོ་བོ་གསུམ་གྱི་གཏམ་རྒྱུད་བྲིས་པ་བརྒྱུད། ཕན་ཚུན་ཁ་ཁ་ཡིན་རུང་བྱུང་རིམ་གཞི་གཅིག་ཏུ་བསྣོལ་པའི་མཚུངས་སུ། མཇུག་ཏུ་སྒྲོལ་མ་འདྲེས་བཟུང་བ་རྐྱེན་དུ་བྱས་ཏེ། བྱུང་རིམ་ཁ་ཁ་དེ་དག་དཀྱུས་གཅིག་ཏུ་སྦྲེལ་བ་དང་། གཏན་ཚིགས་ཀྱི་ཆ་ནས་འོས་ཤིང་འཚམ་པའི་འབབ་སྟེགས་ལེགས་པོ་ཞིག་བསྐྲུན་འདུག སྒྲུང་གཏམ་དེས་གློག་བརྙན་གྱི་མོང་ཐེ་ཆི(蒙太奇)ལྟ་བུའི་ལག་ཐབས་བེད་སྤྱད་དེ། བྱུང་རིམ་ཁེར་ཚུགས་ཡིན་ལ་ཕན་ཚུན་རྐྱ་འཐབ་ཅིང་། དོན་དག་སོ་སོ་ཡིན་ཡང་གཞི་གཅིག་ཏུ་འབྲེལ་བ། བྱུང་རིམ་མམ་དུས་ཚོད་ཀྱི་ཆ་ནས་ལུགས་འབྱུང་ལུགས་ལྡོག་གང་རུང་དུ་བྱས་པ་སོགས་ཐབས་རྩལ་གྱི་དགེ་མཚན་མང་པོ་མཆིས་པར་མ་ཟད། ལྷག་པར་དུ་རྩོམ་པ་པོའི་ཀུན་རྟོག་གི་ནུས་པ(想象力)ཕུན་སུམ་ཚོགས་པ་ཞིག་ཏུ་བསྐྱེད་པའི་སྣང་བ་སྟེར། གཞན་ཡང་། སྒྲུང་གཏམ་དེར་རིག་གནས་དང་སྲོལ་རྒྱུན་གྱི་བརྡ་དོན་མང་པོ་ཞིག་མངོན་ལྐོག་གཉིས་སུ་ཚིག་གི་ཕྲེང་བར་བསྟར་འདུག་པས། བརྩམས་ཆོས་ཀྱི་ཤ་ཁ་ཅུང་ཟད་གང་འདུག་པའི་ཡོན་ཏན་ཡང་ལྡན་པར་འདོད།
—ཨ་བུ།
        ཁྲི་སེམས་དཔའ་ནི། བརྩམས་ཆོས་ཤིན་ཏུ་མང་བའི་གྲས་ཡིན། ལྷག་པར་དུ་སྒྲུང་གཏམ་འབོར་ཆེན་བྲིས་ཡོད། ཀློག་པ་དང་འབྲི་བ། དེབ་སྐྲུན་པ་སོགས་སྦྲེལ་ནས་ཀྱང་བྱེད།
        ཁོ་རང་འདི་ལྟར་རྩོམ་པའི་ལས་ལ་ཧུར། རིག་པའི་གནས་ལ་དད། ངོ་རྟག་ཅིང་གསར་ངས་མི་ཆེ་བ་ཞིག་ཀྱང་ཡིན། ལས་སུ་བྱ་བ་གང་ཡང་ཁྲལ་ལས་ཙམ་དུ་མི་འཛིན་པས་ན། དེའི་ཚོད་ཀྱི་སྙིང་པོ་ཡང་ལོན་ཡོད་ངེས་སུ་སེམས། གང་གིས་ཤེ་ན། “མ་ཚང་མེད་རྒྱུ་དེ་ལ་ནི། །འབྲས་བུ་གང་གིས་ལྡོག་པར་འགྱུར། །”ཞེས་གསུངས་པའི་ཕྱིར་རོ། །
        མདོར་བསྡུས་ན། «གྲོ་ཞིང་ཁ»ནི་དེབ་མིང་ཙམ་ལས་བརྒལ་ཏེ་རྩོམ་པ་པོའི་ཡོད་ཚད་ཀྱི་བསྡུས་གཟུགས་སུ་སྨྲ་ཆོག་ཚོད་ཡིན། དཔེར་ན། སྐྱིད་སྡུག་སྤེལ་མར་བརྒྱུས་པའི་རྔོ་ཐོགས་པ་དང་ཆགས་སྡང་ནར་མའི་དབང་གིས་གྱི་ནར་ལུས་པ། སྙིང་ཐག་པ་ནས་བྱས་པ་དང་ཅི་མ་ཡིན་དུ་གྱུར་པ་སོགས་ཀྱང་གྲོ་ཞིང་ཁའི་ལྡེམ་ཤུགས་གཞན་ཞིག་ཏུ་ཟད་དོ། །
—སེང་རྡོར།
        «བྱང་ཆུབ་སེམས་དཔའ་ངུས་བྱུང»ཞེས་པའི་སྒྲུང་གཏམ་འདི་བྱིས་པའི་ཀློག་འགྲོས་ལ་བརྒྱུས་ཏེ་དལ་ཞིང་ལྷོད་པ། གཙང་ཞིང་དྭངས་པའི་བསམ་རྒྱུན་གྱིས་བཀླགས་ཤིང་མྱངས་ནས་བྱིས་པའི་སེམས་ཁམས་དང་གཤིས་ཀའི་ངོས་ལ་བཏབ་དུས། སྒྲུང་འདིའི་ཐ་སྙད་དང་དཔེ་དོན། མཚོན་ཐབས་དང་སྒྲིག་གཞིའི་འཕར་ལྡིང་དག་བྱིས་པའི་སེམས་ཁམས་དང་གཤིས་ཀར་ཆུ་ལ་ཆུ་བཞག་གིས་འཐིམ་ཞིང་སྨིན་པར་མཐོང་ལ། བྱིས་པའི་མཐོང་སྣེ་ནས་བྱིས་པའི་སེམས་ཁམས་ཐང་མར་བཀྲལ་བའི་སྒྲུང་གཏམ་འདིས་ད་ཆ་སྟོང་ཆར་ལུས་པའི་བོད་ཀྱི་སྒྲུང་གཏམ་གྱི་ངོས་ཤིག་ལ་ཐོད་བརྒལ་བྱས་འདུག་ཅེས་ཀྱང་བྱུང་རྒྱལ་དུ་མི་འདུག་པའི་གདེང་ཚོད་བྱིས་བློར་འཁོར།
—མོག་བུ་ཡེ་ཤེས་སྐྱབས།
        ང་རང་སྒྲུང་གཏམ་འབྲི་སྦྱོང་གི་ལམ་ལ་ཞུགས་པ་ནས་བཟུང་། ངས་བོད་ཀྱི་སྒྲུང་གཏམ་རྩོམ་པ་པོ་ཕལ་ཆེར་གྱི་བརྩམས་ཆོས་བཀླགས་ཏེ་རྒྱུས་ལོན་དང་སློབ་སྦྱོང་བྱས་པ་ཡིན། དྲང་མོར་བཤད་ན། སྒྲུང་གཏམ་འབྲི་བའི་ལས་དང་པོ་བ་ཞིག་ལ་མཚོན་ན་ཞིབ་འཇུག་དང་རྟོག་དཔྱོད་ཀྱི་བློ་མིག་མེད་པར་རྨོངས་ཚོད་ཀྱིས་སྒྲུང་གཏམ་འདྲ་མིན་སྣ་ཚོགས་ཀློག་པ་ནི་ནོར་འཁྲུལ་ཞིག་ཡིན་ཤས་ཆེ་མོད། གང་ལྟར་ཡང་ངས་རྩོམ་པ་པོ་རྒན་གཞོན་ཚང་མའི་བརྩམས་ཆོས་བཀླགས་པ་དང་། དེའི་ཁྲོད་ནས་རྩོམ་པ་པོ་སྒོ་མེ་ཚེ་རིང་བཀྲ་ཤིས་ལགས་ཀྱི་བརྩམས་ཆོས་སྔ་མ་འགའ་ཞིག«སྦྲང་ཆར»ལས་བཀླགས་པ་ཕུད། རང་ལ་བག་ཆགས་ཆེ་ཤོས་ནི«སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱི་སྒྲུང་ཐུང་ཕྱོགས་བསྒྲིགས»ཞེས་པ་ཡིན་ཏེ། རྩོམ་པ་པོས་རང་གི་བྱིས་དུས་ལ་ཕྱིར་དྲན་བྱེད་པའམ་ཡང་ན་ཕ་ཡུལ་གྱི་རི་ལུང་ཐང་གསུམ་གྱི་དྲན་པ་མཐའ་དག་ཟིན་ཐོར་འགོད་ཆེད་དུ། རང་ཉིད་ཀྱི་ཕ་ཡུལ་སྟེ“གྲོ་ཞིང་ཁ”ཞེས་པའི་ཁོར་ཡུག་ཅིག་གཏན་འབེབས་བྱས་ཏེ། ཁོར་ཡུག་དེར་བྱུང་བའི་གཏམ་རྒྱུད་མང་པོ་ཞིག་མུ་འབྲེལ་གྱི་ཚུལ་དུ་བྲིས་ཡོད་པ་དེས་ང་རང་གི་ཡིད་སེམས་དབང་་མེད་དུ་ཕྲོགས་པ་སྟེ། དབྱིན་ཇིའི་རྩོམ་པ་པོ་ནཱ་ཡེ་ཕོལ་གྱི«མི་གྷེལ་སྲང་ལམ»ཞེས་པའི་མུ་འབྲེལ་སྒྲུང་ཐུང་འབྲི་སྟངས་དང་ཅུང་ཙམ་མི་འདྲའམ་སྙམ་པ་ཞིག་བྱུང་། མདོར་དེད་ན་སྒོ་མེ་ཚེ་རིང་བཀྲ་ཤིས་ཟེར་དུས་གྲོ་ཞིང་ཁ་དྲན་ཡོང་བ་དང་གྲོ་ཞིང་ཁ་ཟེར་དུས་ཁྲི་སེམས་དཔའ་བློ་ངོར་ཤར་ཡོང་བ་ཞིག་ཏུ་གྱུར་སོང་།
—ཆོས་དབྱིངས་རྒྱ་མཚོ།
མིག་སྔར་པར་སྐྲུན་བྱས་ཟིན་པའི་རྩོམ་པ་པོའི་བརྩམས་དེབ་འགའ།
        སྒོ་མེ་ཚེ་རིང་བཀྲ་ཤིས། སྨྱུག་མིང་ལ་ཁྲི་སེམས་དཔའ་ཟེར། མདོ་སྨད་ཁྲི་ཀའི་གྲོ་ཞིང་ཁ་ཞེས་པའི་གྲོང་ཚོ་ཞིག་ཏུ་སྐྱེས། 2001ལོར་ལྷོ་ནུབ་མི་རིགས་སློབ་ཆེན་ནས་མཐར་ཕྱིན། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་། མཚོ་སྔཽན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཨུ་ཡོན་ལྷན་ཚོགས་སྐབས་བརྒྱད་པའི་ཨུ་ཡོན་བཅས་ཡིན། ལུའུ་ཞུན་རྩོམ་རིག་གླིང་གི་གྲངས་ཉུང་མི་རིགས་རྩོམ་པ་པོའི་གསོ་སྦྱོང་འཛིན་གྲྭ་སྐབས་བདུན་པ་དང་། ལུའུ་ཞུན་རྩོམ་རིག་གླིང་གི་མཚོ་སྔོན་དང་ཀྲེ་ཅང་གི་ན་གཞོན་རྩོམ་པ་པོའི་གསོ་སྦྱོང་འཛིན་གྲྭ། ལུའུ་ཞུན་རྩོམ་རིག་གླིང་གི་གཞོན་དར་མཐོ་རིམ་གསོ་སྦྱོང་འཛིན་གྲྭ་སྐབས33པ་བཅས་འགྲིམས། 2013ལོར་རྒྱལ་ཡོངས་ཀྱི་སྐབས་བདུན་པའི་ན་གཞོན་རྩོམ་པ་པོའི་གསར་རྩོམ་ཚོགས་ཆེན་དུ་ཞུགས། སྙན་ངག་དུས་དེབ«གངས་རྒྱན་མེ་ཏོག»གི་གདན་ཞུ་རྩོམ་སྒྲིག་པ་དང་། «འཛམ་གླིང་རྩོམ་རིག»གི་རྩོམ་སྒྲིག་ཁོངས་མི་ཡིན། སྔ་གཞུག་ཏུ«སྦྲང་ཆར»དང«གངས་རྒྱན་མེ་ཏོག» «མི་རིགས་ཀྱི་རྩོམ་རིག» «བོད་ཀྱི་རྩོམ་རིག་སྒྱུ་རྩལ» «ཟླ་ཟེར» «གངས་དཀར་རི་བོ» «མཚོ་སྔོན་བོད་ཡིག་གསར་འགྱུར»སོགས་བོད་ཡིག་གི་ཚགས་དེབ་སྣ་ཚོགས་དང་། དེ་མིན་རྒྱ་ཡིག་གི«མི་རིགས་ཀྱི་རྩོམ་རིག»དང«བོད་ཀྱི་རྩོམ་རིག» «སྙན་ངག་ཟླ་དེབ» «ཧྲའན་ཞིའི་རྩོམ་རིག» «ཡེ་ཚའོ» «མཚོ་ལྷོའི་རྩོམ་རིག» «རིག་རྩལ་ཚགས་པར» «སྐད་ཡིག་ཚགས་པར» «ཀྲུང་གོའི་རྩོམང་པ་པོའི་དྲ་བ»སོགས་སུ་རྒྱ་བོད་ཡིག་རིགས་གཉིས་ཀྱི་བརྩམས་ཆོས་མང་པོ་སྤེལ་མྱོང་།བརྩམས་ཆོས་ལ་འབོལ་རྩོམ་དེབ«བསམ་གཞིག་གི་ཁ་དོག»དང་སྙན་དེབ«དིང་གླིང་ཁེར་འབུད» «ཁྲི་སེམས་དཔའི་སྙན་ངག»(རྒྱ་ཡིག་པར་མ། འཕྲིན་ཁྱུང་གིས་བསྒྱུར) སྒྲུང་རིང་དེབ«མར་ངོའི་ཟླ་བ»སྒྲུང་ཐུང་དེབ«སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱི་སྒྲུང་ཐུང་ཕྱོགས་བསྒྲིགས»དང«བྱ་ཞིག་ཡིན་ན་བསམས་བྱུང»སྒྲུང་འབྲིང་དེབ«མདོ་དབུས་མཐོ་སྒང་གི་ཆེས་རིང་བའི་མཚན་མོ»འགྱུར་དེབ«ཕ་རི་སིའི་འཕགས་མའི་ཆོས་གྲྭ»དང«འཇིག་རྟེན་འདི་རྒུད་པའི་གཡང་དུ་ལྷུང» «པའེ་ཀྲན་ཐིང་བཙན་རྒྱལ» «གཡུ་ཆུང་དྲུག་དཀར» «དབྱང་ཚང་གི་དམག་དཔོན»སོགས་པར་སྐྲུན་བྱས་ཡོད་ཅིང་། བརྩམས་ཆོས་ཁག་ཅིག་ཉི་ཧོང་གི་སྐད་སོགས་ཕྱི་ཡིག་ཏུ་ཡང་བསྒྱུར་ཡོད། གཞན་ཡང་རྒྱས་འཕྲིན་སོགས་གསར་འགྱུར་རྩོམ་ཡིག་སྐོར་འབོར་ཆེན་སྤེལ་ཡོད་ཅིང་། «ང་ཚོ་ནམ་ཡང་ཡུལ་ཤུལ་མི་དམངས་དང་མཉམ་དུ་ཡོད»ཅེས་པ་ཞིང་ལྗོངས་ལྔའི་མཐོ་འབྲིང་གི་སྐད་ཡིག་སློབ་དེབ་ནང་བསྡུས་ཡོད། “སྦྲང་ཆར་སྨྱུག་གསར་བྱ་དགའ”དང“སྦྲང་ཆར་རྩོམ་རིག་བྱ་དགའ” “བོད་ཀྱི་རྩོམ་རིག་སྒྱུ་རྩལ་ལོ་ཟུང་བྱ་དགའ།” “མཚོ་སྔོན་ན་གཞོན་རྩོམ་རིག་བྱ་དགའ།” “གངས་རྒྱན་རྟགས་མའི་རྩོམ་རིག་བྱ་དགའ།” “མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་བྱ་དགའ།” “གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ།” “ཟླ་ཟེར་རྩོམ་རིག་བྱ་དགའ།” “ཨེ་པ་ཚང་རྩོམ་རིག་བྱ་དགའ།” “མཚོ་སྔོན་ཞིང་ཆེན་གསར་འགྱུར་བྱ་དགའ”སོགས་ཐོབ་མྱོང་། ད་ལྟ་ཚགས་པར་ཁང་ག་གེ་མོར་གསར་འགྱུར་གྱི་ལས་ཀ་གཉེར་བཞིན་ཡོད།
འབྲེལ་ཡོད་འོས་སྦྱོར།
  • 暂无相关信息roking


  • 顶 0