མེ་ཏོག་རྫོང་གི་ཕོ་མོའི་གཉེན་སྒྲིག་སྐོར།

2016-09-27
0
 བཅིངས་འགྲོལ་མ་བཏང་གོང་མེ་ཏོག་རྫོང་ཁོངས་སུ་གཉེན་སྒྲིག་གི་བྱ་བ་དེ་གཙོ་བོ་ཕ་མས་ཐག་གཅོད་བྱེད་ཀྱི་ཡོད་པས་ཕོ་མོ་ཕན་ཚུན་རང་མོས་གཉེན་སྒྲིག་བྱེད་པ་ནི་ཉུང་ཙམ་ཡིན། གཉེན་སྒྲིག་ལོ་ཚད་ནི་ལོ་བཅོ་ལྔ་ནས་བཅོ་བརྒྱད་ཀྱི་བར་ལ་ཡིན་ཞིང་། ཕོ་མོ་ཕན་ཚུན་གཉེན་སྒྲིག་རང་དབང་མེད། དེ་ཡང་གཙོ་བོ་མག་པའི་པ་ཕ་དང་མནའ་མའི་ཕ་མ་གྲོས་མོལ་བྱས་ཏེ་ཐག་གཅོད་བྱེད་ཀྱི་ཡོད། མག་པའི་ནང་ནས་མནའ་མ་སློང་བར་ཐེངས་གསུམ་འགྲོ་སྲོལ་ཡོད་པ་དང་། ཐེངས་དང་པོ་དང་གཉིས་པ་ལ་ཨ་རག་དང་དངུལ། རས་སྐུད་བཅས་འཁྱེར་ནས་མནའ་མའི་ཕ་མ་དང་གཅེན་གཅུང་ལོ་ན་ཉི་ཤུ་ལོན་པའི་མི་ཚང་མར་བཞེས་རག་བཀྱག་དགོས་པ་དང་དངུལ་ཊམ་ཀ་རེ་དང་རས་སྐུད་ཏོག་ཙམ་རེ་སློང་རྟེན་དུ་སྤྲོད་དགོས་ཀྱི་ཡོད། ཐེངས་གསུམ་པ་འགྲོ་སྐབས་བཞེས་རག་ཕུད་མི་རེ་ལ་དངུལ་ཊམ་ཀ་༡ནས་༢བར་སྤྲོད་དགོས་པ་མ་ཟད། མནའ་མའི་ཚབ་ནོར་ཡོད་ན་སྒོ་ཕྱུགས་གཅིག་སྤྲོད་དགོས། སྒོ་ཕྱུགས་མེད་ན། ཟངས་ལྟིར་གསར་པ་གཅིག་སྤྲད་དེ་གཉེན་སྒྲིག་བྱེད་སྒོའི་དུས་ཚོད་སོགས་གཏན་འཁེལ་བཟོ་བ་དང་། བུ་མོ་ཁྱིམ་ནས་ཁ་མ་བྲལ་གོང་དུ་ཕ་མ་གཉིས་ཀྱིས་སོ་སོའི་བུ་མོ་ལ་རྒྱུ་སྐལ་སྒོ་ཕྱུགས་གཅིག་དང་གྱོན་ཆས་གསར་པ་ཆ་ཚང་དང་འབྱོར་བ་ཆེ་ཆུང་གི་གཟི་དང་བྱུ་རུ་སོགས་སྤྲད་དེ་བཀྲ་ཤིས་གཡང་ཆགས་ཡོང་བའི་སྨོན་ལམ་འདེབས་ཀྱི་ཡོད། གཉེན་སྒྲིག་གི་རྟེན་འབྲེལ་མཛད་སྒོ་ཚུགས་སྐབས་མནའ་མའི་ནང་ནས་ཆང་དང་ཨ་རག་འཁྱེར་ནས་སྐྱེལ་མ་བྱེད་པ་དང་། མག་པའི་ནང་གིས་ཆང་དང་ཨ་རག་འཁྱེར་ཏེ་མནའ་མ་བསུ་བར་ཡོང་ནས། མནའ་མ་མག་པའི་སྒོ་འགྲམ་དུ་འབྱོར་སྐབས་བུ་མོ་མཛེས་མ་གཉིས་ཀྱིས་གཡས་གཡོན་ནས་སྐྱོར་ཏེ་མནའ་མའི་མགོ་སྟེང་འབུ་རས་དམར་པོ་ཞིག་གིས་བཀབ་ཏེ་སྒོ་ནང་ཡར་འཛུལ་དུས་རག་ལྟིར་གསར་པ་གཅིག་ནང་ཆུ་གང་བླུགས་ཏེ་མི་གཅིག་གིས་སྨན་ཤིང་སྡོང་པོའི་ལོ་མ་ཆུ་ནང་བཅུག་སྟེ་མནའ་མའི་མགོ་སྟེང་དུ་ཆུ་ཐིགས་ཁ་ཤས་གཏོར་གྱི་ཡོད།

  གཉེན་སྒྲིག་གི་རྟེན་འབྲེལ་བྱེད་སྒོ་དང་པོ་དེ། མག་པ་དང་མནའ་མ་ཕ་མ་སྤུན་མཆེད་ཚང་མ་བཞུགས་གྲལ་དུ་འཁོད་རྗེས། དང་པོ་མགར་སྟོང་བཙན་ཞེས་བག་སྟོན་གྱི་བྱེད་སྒོ་གཙོ་སྐྱོང་གནང་མཁན་གྱིས་མཆོད་ཆང་ཐེངས་གསུམ་རེ་བཀྱག་རྗེས། བོད་ཀྱི་བློན་པོ་མགར་གྱིས་རྒྱ་བཟའ་ཀོང་ཇོ་བོད་དུ་མནའ་མར་སུས་པའི་ལོ་རྒྱུས་ཆ་ཚང་ཞིག་བཤད་དགོས། གཉིས་པ་མག་པའི་ཕ་མ་གཉིས་ཀྱིས་གཟི་བྱུར་སོགས་རྒྱན་ཆ་མནའ་མའི་སྐེ་ལ་གཡོགས་ཏེ་ཁྱིམ་ཚང་ཚེ་རིང་ནད་མེད་བདེ་སྐྱིད་ཡོང་བ་དང་ཕ་མར་བམས་སྐྱོང་གྲོང་རོགས་ལ་འཆམ་མཐུན་ཡོང་བའི་སྨོན་ཚིག་དང་ཁ་ཏ་བྱེད་སྲོལ་ཡོད། གསུམ་པ། བླ་མས་ཁྱིམ་ཚང་མི་ཕྱུགས་དར་རྒྱས་ཕུན་སུམ་ཚོགས་པ་དང་། ལོ་ཕྱུགས་ལེགས་པོ་ཡོང་བའི་བཀྲ་ཤིས་སྨོན་ལམ་བརྒྱབ་ནས་མཚམས་བཞག་རྗེས། སྐུ་མགྲོན་རྣམས་ལ་ཞལ་ལག་གྲ་རྒྱས་པོ་བཏང་གི་ཡོད་པ་རེད། གཉེན་སྒྲིག་གི་བྱེད་སྒོ་སྤེལ་སྐབས་དབང་ཆ་ཆེ་ཤོས་ནི་ཨ་ཞང་རེད། སྐུ་མགྲོན་གཞན་ལས་ལྷག་པའི་སྣེ་ལེན་གཟབ་ནན་མ་བྱུང་ན། ཨ་ཞང་གིས་རླུང་བསྟན་སྲོལ་ཡོད་པས། དེར་བརྟེན་ཕ་མ་གཉིས་ཀྱིས་དངུལ་དང་རས་སྐུད་སྤྲད་ནས་ཨ་ཞང་གི་ངོ་སྲུང་དགོས་ཀྱི་ཡོད། གྲོང་ཚོའི་ཁྱིམ་དུད་སོ་སོ་ནས་ཟས་རིགས་དང་ཆང་ཨ་རག་འཁྱེར་ནས་མཉམ་བཟའ་མཉམ་འཐུང་བྱས་ཏེ་དགའ་བའི་གཞས་དང་ཞབས་བྲོ་སོགས་འཁྲབ་ནས་ཉིན་གཉིས་གསུམ་བར་སྤྲོ་སྐྱིད་གཏོང་སྲོལ་ཡོད།
   མོན་པ་རིགས་ཀྱི་གཉེན་སྒྲིག་ནི་མི་རིགས་མི་འདྲ་བར་དམིགས་བསལ་གྱི་བཀག་འདོམས་བྱེད་སྲོལ་མེད་ཅིང་། ཕ་རྒྱུད་ཀྱི་རིགས་རྒྱུད་དང་གཉེན་སྒྲིག་བྱེད་མི་ཆོག མ་རྒྱུད་དེ་ཨ་ཞང་གི་བུ་མོ་དང་གཉེན་སྒྲིག་བྱ་རྒྱུ་བྱུང་ན་ཧ་ཅང་གི་ཡག་པོ་རྩི་བ་དང་། གལ་ཏེ་ཨ་ཞང་གི་བུ་མོ་མི་གཞན་ལ་མནའ་མར་སྟེར་ན། ཨ་ནེའི་བུ་ལ་འཇོན་ཐང་མི་འདུག་ཞེས་བཤད་དེ་ཨ་ཞང་དང་ཨ་ནེའི་དབར་མི་མཐུན་པའི་འགལ་ཟླ་ཡོང་གི་ཡོད་པ་རེད། དཔེར་ན། ཨ་ཞང་གི་བུ་ལ་ཨ་ནེའི་བུ་མོ་མནའ་མར་སློང་སྐབས་མོས་མཐུན་མ་བྱས་ཚེ། ཨ་ཞང་ཚང་ལ་ཐོབ་པའི་དབང་ཆ་ཡོད་པས། ཨ་ནེ་ཚང་གིས་དངོས་རྫས་ཕྲན་བུ་སྤྲད་དེ་དགོངས་སེལ་ཞུ་བའི་ལམ་སྲོལ་ཡོད་པ་རེད།
བཟའ་ཚང་ཁ་བྲལ་མིན་རང་མོས་ཡིན། ཕན་ཚུན་མ་མཐུན་པར་ཁ་བྲལ་ཚེ་སོ་སོའི་རྒྱུ་དངོས་སོ་སོར་ཁྱེར་ཆོག ཡིན་ནའང་ཕྱོགས་གཅིག་གི་མོས་མཐུན་མ་བྱས་ཚེ་གཉེན་སྒྲིག་རྟེན་འབྲེལ་སྐབས་ཀྱི་འགྲོ་སོང་བརྩིས་ནས། ནོར་གཅིག་དང་དངུལ་དང་དངོས་པོ་སོགས་སྤྲོད་དགོས་ཀྱི་ཡོད་པ་རེད། གལ་སྲིད་མ་སྤྲད་ན་ཚོ་དཔོན་སོགས་ལ་ཞུ་གཏུག་བྱས་ནས་ཐག་གཅོད་བྱེད་ཀྱི་རེད། ཕྲུ་གུ་ཡོད་ན་བུ་ཕ་དང་མཉམ་དུ་འགྲོ་རྒྱུ་དང་བུ་མོ་མ་དང་མཉམ་དུ་འགྲོ་དགོས། ཁ་བྲལ་རྗེས་ཡང་བསྐྱར་བཟའ་ཟླ་འཚོལ་མིན་ཐད་སུས་ཀྱང་ཐེ་གཏོགས་བྱེད་ཀྱི་མེད་པ་རེད།
  མོན་པ་རིགས་ཀྱི་ཁྱིམ་ཚང་ལ་བུ་གཅིག་ལ་མནའ་མ་གཉིས་དང་བུ་མོ་གཅིག་ལ་ཁྱོ་ག་གཉིས་བྱས་པ་ཉུང་ཤས་ཡོད། བུ་རྒན་གཞོན་ལ་མནའ་མ་གཅིག་བླངས་ན་གཅེན་པོ་ནི་ཁྱིམ་བདག་གཙོ་བོ་ཡིན། ཕྲུ་གུ་སྐྱེས་ན་ཕ་ངོ་མ་སུ་ཡིན་དབྱེ་བ་འབྱེད་ཀྱི་མེད། ཕྲུ་གུས་ཕ་ཆེ་བ་དང་ཆུང་བ་ཞེས་འབོད་ཀྱི་ཡོད། བུ་མོ་རྒན་གཞོན་གཉིས་ལ་མག་པ་བླངས་ན་ཕྲུ་གུས་ཨ་མ་ཆེ་བ་དང་ཆུང་བ་ཞེས་འབོད་ཀྱི་ཡོད།

 

  • 顶 0