གཙང་ཁུལ་འདྲེན་ཐང་ཡུལ་གྱི་ཤར་པའི་གཉེན་སྲོལ་སྐོར་ཅུང་ཙམ་གླེང་བ།

2016-09-27
0
    དེ་ཡང་ཤར་པ་ཞེས་པ་མི་རིགས་གང་དུ་གཏོགས་པ་དང་།  མིང་ཇི་ལྟར་ཐོགས་པའི་སྐོར་ལ ཤར་པའི་ཆོས་འབྱུང་དང་མེས་རབས་བཞུགས་སོ་ཞེས་པ་ལསགངས་ཅན་བོད་ཀྱི་མིའི་བྱེ་བྲག་ཅིག་ལ་ཤར་པ་ཞེས་མིང་ཐོགས ཞེས་པ་དང་། ཡང་ན།  “དེང་རི་ནས་ཡོང་སྟེ་དཀའ་ཚེགས་ཆེན་པོས་གངས་རི་བརྒལ་ནས་བལ་ཡུལ་གྱི་ཤར་ཕྱོགས་མི་མེད་ལུང་སྟོང་སྦས་ཡུལ་ཁུམས་པའི་གནས་སུ་མི་ཆེན་གྲགས་པ་སོགས་གློ་བུར་དུ་ཡོང་སྟེ་གནས་པ་ལ་ཤར་པ་ཞེས་སམ། གོར་སྐད་དུ། པུར་བ་ལི་ཞེས་བལ་ཡུལ་པ་རྣམས་ཀྱིས་མིང་བཏགས་པ་ཡིན་ནོ”②ཞེས་གསུངས་པ་བཞིན་ཤར་པ་ནི་བོད་རིགས་ཀྱི་བྱེ་བྲག་ཅིག་ཡིན་པས། དེའི་གཉེན་སྒྲིག་གི་སྲོལ་དང་བོད་རིགས་གཞན་དག་གི་གཉེན་སྒྲིག་སྲོལ་ལ་འདྲ་བའི་ཆ་མང་པོ་ཡོད་ལ།  གཞན་ད་དུང་ཤར་པ་རང་ལ་ཐུན་མོང་མ་ཡིན་པའི་གཉེན་སྒྲིག་གི་སྲོལ་ཡང་ཡོད།  ཤར་པའི་མེས་རྒྱུད་ནས་གཉེན་སྒྲིག་གི་སྲོལ་ནི་ཁྱོ་གཅིག་ཤུག་གཅིག་གི་གཉེན་སྒྲིག་བྱེད་པའི་སྲོལ་དེ་ཡིན་ཞིང་།  གཉེན་སྒྲིག་གཙོ་བོ་ཕ་མས་ཐག་གཅོད་བྱེད་ཀྱི་ཡོད།  གཙང་ཁུལ་འདྲེན་ཐང་ཡུལ་ལྟ་བུར་ཆ་མཚོན་ན།  ས་བབ་དམའ་ཞིང་ཁ་ཁུ་སིམ་པའི་ཁུག་ཅིག་ཡིན་པས།  འགྲིམ་འགྲུལ་སྟབས་བདེ་མེད་ལ།   ཕྱི་ཕྱོགས་ཀྱི་ཆ་འཕྲིན་ཤེས་རྟོགས་དཀའ་བ། ཁུལ་གཞན་གྱི་མི་དང་འབྲེལ་འདྲིས་ཉུང་བ་སོགས་ཀྱི་རྐྱེན་པས་ཁོ་ཚོ་རང་ལ་ཐུན་མོང་མ་ཡིནེ་པའི་གཉེན་སྒྲིག་བྱེད་ཚུལ་ཡོད་པ་ནི་བརྗོད་མེད་རེད། འདྲེན་ཐང་ཤར་པའི་གཉེན་སྒྲིག་བྱེད་སྐབས་སློང་ཆང་གཏོང་ཚུལ་ལ་ཁག་གཉིས་ཙམ་ཡོད་དེ།

 

     གཅིག་ནི་སྦྲུམ་པའི་སྐབས་ནས་གཉེན་གན་འཇོག་པ་དང་།  གཉིས་ནི་ཕྲུ་གུ་ཆུང་ཆུང་ནས་གཉེན་གན་འཇོག་པ་དེ་ཡིན་ཞིང་། ཁོ་ཚོའི་སློང་ཆང་གཏོང་བའི་བྱ་རིམ་ནི་རྙོག་འཛིང་ལྡན་པ་ཞིག་ཡིན།  དེ་ན་ཁོ་བོས་དཔྱད་ཐུང་འདིའི་ནང་གཙང་ཁུལ་འདྲེན་ཐང་ཤར་པ་བའི་གཉེན་སྲོལ་གྱི་སྐོར་ལས་སློང་ཆང་གཏོང་བའི་བྱ་རིམ་དང་གཉེན་སྒྲིག་གི་ཤུགས་རྐྱེན་བཅས་ཅུང་ཙམ་གླེང་བ་ནི་སྐབས་ཀྱི་དོན་དམ་པ་ཡིན།

དང་པོ། འདྲེན་ཐང་ཤར་པ་བའི་སློང་ཆང་གཏོང་བའི་བྱ་རིམ།

    སློང་ཆང་གཏོང་བའི་གོམ་པ་དང་པོ། གཉེན་སྒྲིག་ཞུ་བ།  དེ་ཡང་ཁྱོ་ཕྱོགས་ཀྱི་ཕ་མས་ཨ་ཡག་མངགས་ནས། ཨ་ཡག་གིས་ཆང་དང་ཁ་བཏགས་འཁྱེར་ནས་ཤུག་ཕྱོགས་ཀྱི་ཁྱིམ་དུ་གཉེན་སྒྲིག་ཞུ་བར་འགྲོ་གི་ཡོད། གལ་སྲིད་ཤུག་ཕྱོགས་ཀྱི་ཁྱིམ་མིས་ཆང་དང་ཁ་བཏགས་ཉར་བ་ཡིན་ན་ཐེངས་འདིའི་གཉེན་སྒྲིག་ཞུ་བ་ཁས་བླངས་པ་མཚོན་པར་བྱེད་པ་དང་། གལ་ཏེ་དེ་ལས་ལྡོག་སྟེ་ཤུག་ཕྱོགས་ཀྱི་ཁྱིམ་མིས་རང་གི་བུ་མོ་དེ་སྟེར་འདོད་མེད་གེ  ཁྱོ་ཕྱོགས་ཀྱི་འཁྱེར་ཡོང་བའི་ཆང་དང་ཁ་བཏགས་སོགས་མི་ཉར་བ་དང་། བར་མིས་ཨུ་ཚུགས་ཀྱིས་བཞག་ཀྱང་རང་གི་བུ་མོར་ཆང་དང་ཁ་བཏགས་སྐུར་ནས་ཁྱོ་ཕྱོགས་ཀྱི་ཁྱིམ་དུ་ཕར་སློག་ཏུ་གཏོང་གི་ཡོད།  གལ་སྲིད་ཁྱོ་ཕྱོགས་ཀྱིས་གཉེན་སྒྲིག་འདི་མ་བྱས་ཐབས་མེད་རེད་བསམ་ན།   བར་མི་བསྐྱར་དུ་མངགས་ནས་ཤུག་ཕྱོགས་ཀྱི་ཁྱིམ་དུ་ཆང་དང་ཁ་བཏགས་སྐྱེས་སུ་གཏོང་གི་ཡོད།

     སློང་ཆང་གཏོང་བའི་གོམ་པ་གཉིས་པ། ཁ་ཁུ་གསོལ་མར། དེ་ཡང་ཁྱོ་ཕྱོགས་ཀྱི་ཁྱིམ་གྱིས་ཨ་ཡག་དང་། གཏོད་པོ།   ཨ་ཞང་།  མེས་དབོན་བཅས་མི་བཞི་མངགས་ནས།  ཁོ་ཚོས་ཤིང་ལས་བཟོས་པའི་ཟུར་གསུམ་གྱི་ཆང་སྣོད་ནང་ཆང་གང་དང་ཁ་ཡཏགས་འགའ་ཤས་འཁྱེར་ནས་ཤུག་ཕྱོགས་ཀྱི་ཁྱིམ་དུ་བསྐྱོད་ནས་སྔོན་ལ་ཤུག་ཕྱོགས་ཀྱི་ཕ་མ་གཉིས་ལ་ཁ་བཏགས་གཡོགས་པ་དང་ཆང་བཀྱགས་དགོས་ཀྱི་ཡོད།   དེ་རྗེས་མངགས་མི་བཞི་པོས་ཀྱང་ཤུག་ཕྱོགས་ཀྱི་ཕ་མ་གཉིས་དང་མཉརྨ་དུ་ཆང་འཐུང་བྱེད་དགོས་ཀྱི་ཡོད་ཅིང་། དེ་ནི་དངོས་སུ་སློང་ཆང་བཏང་བའི་མཚོན་ཚུལ་ཞིག་ཡིན།   ཉིན་དེ་ནས་བཟུང་ཉིན་གསུམ་གྱི་ནང་ཁྱོ་ཕྱོགས་ཀྱི་ཨ་ཡག་གིས་ཕྲུ་གུ་བུ་དེ་ཕྲུ་གུ་བུ་མོ་དེའི་ཁྱིམ་དུ་སྐྱེལ་བ་དང་།  ཕོ་མོ་གཉིས་མཉམ་དུ་ངལ་རྩོལ་བྱེད་པ་དང་།  འཚོ་བར་རོལ་བའི་ཐབས་ལམ་བརྒྱུད་ནས་ཁོ་ཚོའི་བརྩེ་དུང་གསོ་སྐྱོང་བྱེད་ཀྱི་ཡོད།

     སློང་ཆང་གཏོང་བའི་གོམ་པ་གསུམ་པ། ལ་ཆང་། དེ་ཡང་ཁྱོ་ཕྱོགས་ཀྱི་ཁྱིམ་གྱིས་ཡང་བསྐྱར་ཨ་ཡག་དང་།གཏོད་པོ། ཨ་ཞང་། མེས་དབོན་བཅས་མི་བཞི་མངགས་ནས། ཆང་འཁྱེར་ནས་ཤུག་ཕྱོགས་ཀྱི་ཁྱིམ་དུ་འགྲོ་དགོས་པ་དང་།  ཤུག་ཕྱོགས་ཀྱི་ཕ་མ་གཉིས་དང་མཉམ་དུ་ཆང་འཐུང་ལ་རོལ་དགོས་ཀྱི་ཡོད། སྐབས་དེ་དུས་ཤུཀཕྱོགས་ཁྱིམ་གྱིས་ར་གཅིག་བཤས་ནས་དེའི་ཤ་རྣམས་བཙོས་ཏེ་ཚོས་ཟིན་རྗེས།  ཤུག་ཕྱོགས་ཀྱི་ཕ་མས་ཚོས་ཟིན་པའི་ར་ཤ་དེ་བགོས་ནས།  ར་མགོ་དེ་གཏོད་པོ་ལ་སྤྲོད་པ་དང་། ར་ཤའི་མཇིང་པའི་ཤ་རྣམས་ཨ་ཡག་ལ་སྤྲོད་པ། སུག་ལག་གཡས་པ་དེ་ཨ་ཞང་ལ་སྤྲོད་པ།   སྒལ་བའི་སྨད་ཀྱི་ཆ་རྣམས་མེས་དབོན་ལ་སྤྲོད་པ་དང་། ལྷག་མ་རྣམས་འཁོར་མི་ཚོར་སྦྱིན་གྱི་ཡོད་ཅིང་། དེ་རྗེས་ཤུག་ཕྱོགས་ཀྱི་ཕ་མས་སྐད་ཤུགས་ཆེན་པོས།  བུ་མོ་ག་གེ་མོ་ཉིན་དེ་རིང་ནས་བཟུང་བུ་ག་གེ་མོ་ལ་སྟེར་བ་ཡིན་པས།  སུས་ཀྱང་འཕྲོག་མི་ཆོག་ཅེས་ཁྱབ་བསྒྲགས་བྱེད་པ་དང་།   དེ་ཚར་རྗེས་མུ་མཐུད་དུ་ཁྱོ་ཕྱོགས་ཀྱི་ཨ་ཡག་གིས་བུ་དེར་དེ་རིང་ང་བརྒྱུད་ནས།  ཁྱིམ་ཚང་ག་གེ་མོའི་བུ་མོ་ག་གེ་མོ་ཁྱེད་ཀྱི་མནའ་མར་སློང་ཐུབ་པ་བྱུང་ཡོད། ཕྱིས་བྱུང་ཡག་པོ་ཡོད་ཀྱང་འདྲ།  ཡག་པོ་མེད་ཀྱང་འདྲ།  བུ་མོ་ག་གེ་མོ་ནམ་ཡང་གཡུག་མི་ཆོག་ཅེས་མངགས་བྱ་བྱེད་དགོས་ཀྱི་ཡོད།

    སློང་ཆང་གཏོང་བའི་གོམ་པ་བཞི་པ།  མཇུག་ཆང་།དེ་ཡང་མཇུག་ཆང་ནི་དོན་དངོས་ཐོག་ཆང་སའི་མཛད་སྒོ་དེ་ཡིན།   འདྲེན་ཐང་དུ་ཤར་པ་བས་ཀྱང་མཇུག་ཆང་བཏུང་རྗེས་དོན་དམ་དུ་ཆང་སའི་ཐོ་བཀོད་བྱས་པར་ངོས་འཛིན་གྱི་ཡོད། གལ་སྲིད་མཛད་སྒོ་དེ་ལྟ་བུ་ཞིག་མ་གཉེར་བ་ཡིན་ན།  ཕོ་མོ་གཉིས་ཀྱི་བཟའ་ཚང་གི་འབྲེལ་བ་དེ་ཡང་མ་དག་པ་ཞིག་དང་། མང་ཚོགས་ཀྱིས་ཁས་ལེན་ཐོབ་མེད་པར་བརྩི་བས།  དེར་བརྟེན་ཕོ་མོ་གཉིས་ལུས་སྦྲེལ་བྱས་ནས་སྐྱེས་པའི་ཕྲུ་གུ་དེ་ལ་ཡང་བྱི་ཕྲུག་ཅེས་གཞན་གྱིས་བརྙས་བཅོས་དང་མཐོང་ཆུང་བྱ་ཡུལ་ཞིག་ཏུ་གྱུར་གྱི་ཡོད།  དེ་དང་ཆབས་ཅིག་ཏུ་ཤར་པ་བར་ད་དུང་གཉེན་འཕྲོག་བྱེད་པའི་ལུགས་སྲོལ་ཡང་ཡོད་པ་སྟེ།  གལ་སྲིད་སྐྱེས་པ་ཞིག་རང་ཉིད་ཀྱིས་ཕ་རོལ་གྱི་བུ་མོ་དེ་ཡིད་ལ་མཛེས་པ་དང་།  མོས་པ་ཆེན་པོ་སྐྱེས་ཀྱང་། ཕ་རོལ་གྱི་བུ་མོ་དེའི་ཕ་མ་དང་ཡང་ན་བུ་མོ་རང་ཉིད་ཀྱིས་ཁས་ལེན་མ་བྱས་རྨ སྐྱེས་པ་དེས་མི་གཞན་འགའ་ཤས་གླས་ནས་བུ་མོ་དེ་ངལ་རྩོལ་བྱེད་པ་དང་ཕྱི་ལོག་ཏུ་འགྲོ་བའི་གོ་སྐབས་དང་བསྟུན་ནས།  སྔོན་ལ་བུ་མོ་འཕྲོག་སྟེ་རང་ཁྱིམ་ནང་གི་མི་མངོན་པའི་སར་ཉར་གྱི་ཡོད།  དེ་རྗེས་ཕ་རོལ་གྱི་བུ་མོའི་ཁྱིམ་གྱི་ཕ་མར་ཆང་དང་། ལག་རྟགས། དེ་བཞིན་ཕ་རོལ་དང་འབྲེལ་བ་ཟབ་པའི་མི་གཞན་གདན་འདྲེན་བྱས་ནས་གཏམ་གང་དྲག་བཤད་དུ་འཇུག་པ་སོགས་བྱེད་ཀྱི་ཡོད།  གལ་སྲིད་ཕ་རོལ་བུ་མོའི་ཁྱིམ་གྱིས་རྩ་བ་ནས་ཁས་མ་བླངས་ན། ཕ་རོལ་གྱིས་ཁས་བླངས་མ་བྱས་བར་དུ་ཁ་ཁུ་སིམ་པོས་བྲོས་པའམ་མི་མངོན་སར་ཡིབ་པ་སོགས་བྱེད་ཀྱི་ཡོད།

 གཉིས་པ།   འདྲེན་ཐང་ཤར་པ་བའི་གཉེན་སྒྲིག་གི་ཤུགས་རྐྱེན།

     དེ་ལྟར་འདྲེན་ཐང་ཤར་པ་བའི་ལུགས་སྲོལ་རྙིང་པའི་གཉེན་སྒྲིག་བྱེད་ཐབས་དེ་རིགས་ཀྱི་རྐྱེན་པས་སྤྱི་ཚོགས་དང་མི་སྒེར་རང་ཉིད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་དེ།  གཅིག་ནས་ཆང་ས་རྒྱག་པའི་གྲངས་འབོར་ཧ་ཅང་མང་བ་སྟེ།  འདྲེན་ཐང་གི་གཞོན་ནུ་ཚོ་སྤྱིར་བཏང་གིས་ལོ་བཅུ་གཅིགོ་ནས་ལོ་བཅུ་བདུན་བར་དུ་ཆང་ས་རྒྱབ་ཚར་གྱི་ཡོད་ལ། ཐ་ན་འགའ་རེར་ཁྱོ་ཤུག་གཉིས་ནས་གཅིག་སློབ་གྲྭར་འགྲོ་བ་དང་གཅིག་ཁྱིམ་དུ་སྡོད་དགོས་པའི་གནས་ཚུལ་ཡང་ཡོད་པས། རྒྱུ་མཚན་དེའི་རྐྱེན་གྱིས་ཁོ་ཚོའི་རིག་གནས་ཀྱི་ཤེས་བྱ་སྦྱོང་བའི་གོ་སྐབས་བཟང་ཤོས་དེ་ཡང་འཕྲོ་བརླགས་སུ་འགྲོ་བ་མ་ཟད། སློབ་གྲྭ་ཞིག་གི་ངོས་ནས་བརྗོད་ན་ཡང་སློབ་གསོའི་སྤུས་ཚད་སོགས་གང་ཅིའི་ཐད་ལ་ཤུགས་རྐྱེན་ཆེན་པོ་བཟོ་གི་ཡོད། གཉིས་ནས་བཟའ་ཚང་ཁ་བྲལ་བའི་གྲངས་འབོར་ཧ་ཅང་མཐོ་བ་ཡིན་པ།  འདྲེན་ཐང་དུ་གཉེན་སྒྲིག་གི་རྩོད་གཞི་ནི་རྒྱུན་དུ་ནས་མཐོང་རྒྱུ་ཡོད་པ་ཞིག་ཡིན།  དེའི་རྒྱུ་མཚན་ནི་ལོ་ཆུང་ཆུང་ནས་གཉེན་སྒྲིག་བྱས་པས།   ཆེན་པོ་ཆགས་སྐབས་རྒྱུ་རྐྱེན་སྣ་ཚོགས་ཀྱི་རྐྱེན་གྱིས་བརྩེ་དུང་མེད་པར་གྱུར་ནས་གཉེན་སྒྲིག་ཁ་བྲལ་བྱེད་དགོས་པ་ཡོང་གི་ཡོད་ལ།  དེ་དང་ཆབས་ཅིག་འདྲེན་ཐང་ཤར་པ་བས་གཉེན་སྒྲིག་བྱས་རྗེས་གཉེན་སྒྲིག་ལག་འཁྱེར་མ་བླངས་བར།  མཇུག་ཆང་གི་མཛད་སྒོས་གཉེན་སྒྲིག་ལག་འཁྱེར་གྱི་ཚབ་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་ཡིན་ལ། ཐ་ན་ཁྱིམ་ཚང་འགའ་ཤས་ཀྱི་དཔལ་འབྱོར་གྱི་ནུས་པ་ཧ་ཅང་གཞན་པའི་སྟབས་ཀྱིས་མཇུག་ཆང་གི་མཛད་སྒོ་ཡང་སྤེལ་མི་ཐུབ་པ་དང་།  ཁྱིམ་ཚང་འགའ་རེར་ཕྲུ་གུ་སྐྱེས་ཚར་ཚར་བར་དུ་མཇུག་ཆང་གི་མཛད་སྒོ་སྤེལ་རྒྱུ་མ་བྱུང་བས། དུས་ཚོད་དེའི་ནང་ཕོ་མོ་གཉིས་ཀྱི་བརྩེ་དུང་ལ་ཉེན་ཁ་ཡོང་བ་མ་ཟད། བཟའ་ཚང་ཁ་བྲལ་བའི་གནས་ཚུལ་མང་ཞིང་། རྩོད་གཞི་ཡང་ཧ་ཅང་མང་པོ་ཡོང་གི་ཡོད། དེས་ན་ཁོ་ཚོའི་གཉེན་སྒྲིག་བྱེད་པའི་ལམ་ལུགས་དམིགས་བསལ་གྱི་རྐྱེན་པས་བཟའ་ཚང་ཁ་བྲལ་བའི་སྐབས་ཁྲིམས་ཁང་གི་ཐག་གཅོད་བྱེད་པའི་ལས་ཀར་ཡང་དཀའ་ངལ་ཆེན་པོ་བཟོ་གི་ཡོད་ལ། ལྷག་པར་དུ་ཁྲིམས་ཁང་གིས་རྒྱུ་ནོར་བགོས་པའི་ལས་ཀ་དག་དེ་བས་ཀྱང་བྱེད་ཁག་པོ་ཞིག་ཏུ་འགྱུར་གྱིན་ཡོད།

 དཔྱད་གཞིའི་ཡིག་རིགས།

     ①② <ཤར་པའི་ཆོས་འབྱུང་དང་མི་རབས་བཞུགས་སོ) ཤར་པ་སངས་རྒྱས་བསྟན་འཛིན་གྱིས་བརྩམས། བོད་ལྗོངས་བོད་ཡིག་དཔེ་རྙིང་སྐྲུན་ཁང་གིས་བསྐྲུན། ༢༠༠༣ལོའི་ཟླ༩བའི་པར་གཞི་དང་པོ། ཤོག་ངོས༡༣༥ནས༡༣༦བར་གསལ།

མཆན།

    ཨ་ཡག་ནི། འདིར་འདྲེན་ཐང་ཤར་པ་བས་ཕོ་མོ་གཉིས་གཉེན་སྒྲིག་མ་བྱས་གོང་གི་བག་མ་སློང་མཁན་དང་།  གཉེན་སྒྲིག་བྱས་རྗེས་ཀྱི་བར་འདུམ་བྱེད་མཁན། ཡང་ན་དཔང་མི་ལ་ཨ་ཡག་ཅེས་བརྗོད་པ་ཡིན།

 གཏོད་པོ་ནི།   འདིར་འདྲེན་ཐང་ཤར་པ་བས་བག་མ་བསུ་མཁན་གྱི་མི་ལ་གཏོད་པོ་ཞེས་བརྗོད་པ་ཡིན།

 མེས་དབོན་ནི།  འདིར་འདྲེན་ཐང་ཤར་པ་བས་བག་མ་ལེན་སྐབས་ཀྱི་དཔང་མི་ལ་མེས་དབོན་ཞེས་བརྗོད་པ་ཡིན།

 ཨ་ཞང་ནི།  འདིར་འདྲེན་ཐང་ཤར་པ་བས་བག་མ་ལེན་སའི་་སྐྱེས་པ་དེའི་ཨ་མའི་གཅེན་པོའམ་གཅུང་པོ་གང་རུང་ལ་ཨ་ཞང་ཞེས་བརྗོད་པ་ཡིན།

  • 顶 0