༄༅།།གཤིན་པོའི་འདས་མཆོད།

2016-09-27
0
     གཤིན་པོའི་འདས་མཆོད་བྱེད་སྟངས་དང་འདས་མཆོད་བྱེད་དགོས་པའི་རྒྱུ་མཚན།   བར་དོའི་ངོ་སྤྲོད་འཇུག་གི་བསླབ་བྱ་བཅས་བཞུགས་སོ།   །ཞེས་པའི་དཔེ་ཆའི་དོན་ཚན་གཉིས་པ་ཆ་ཚང་གཤམ་གསལ།གཤིན་པོའི་འདས་མཆོད་བྱེད་སྟངས་ལས།

དང་པོ།   གཤིན་པོའི་ལུས་བཅོས་ཐབས་ནི།   གཤིན་པོ་དེ་ཉིད་ཚེ་ལས་འདས་ཁར་རང་ཉིད་ཀྱིས་སམ་གཞན་ཞིག་གིས་ཚེ་ལས་འདས་ཁར་མགོ་བྱང་དུ་བསྟན།   གཞོགས་གཡས་ས་ལ་ཕབ་སྟེ་སེང་གེའི་ཉལ་ཐབས་ཀྱིས་མཅོས་ཏེ།   དབུགས་སྣ་སྦུག་གཡོན་ནས་གཏོང་ཐུབ་པ་ཞིག་བྱ་དགོས། དེ་གང་ལགས་ཟེར་ན།   སྣ་གཡས་ནས་འགྲོ་འོང་བྱེད་པའི་རླུང་ནི་ཉོན་མོངས་པའི་རླུང་དང།   སྣ་གཡོན་ནས་འགྲོ་འོང་བྱེད་པའི་རླུང་ནི་ཡེ་ཤེས་ཀྱི་རླུང་རེད།   དེར་བརྟེན།རླུང་སྣ་གཡོན་ནས་དབུགས་གཏོང་ཐུབ་པ་བྱས་ཏེ།   མདུན་དུ་རང་གང་ལ་མོས་པའི་ཞིང་ཁམས་དང།   ཞིང་ཁམས་དེའི་སྟོན་པའི་སྐུ་འདྲ་གཤམས་པའམ།   ཡང་ན་ཡིད་ལ་བསྒོམས་ཏེ་རྣམ་ཤེས་དེ་ཡི་རླུང་དང་མཉམ་དུ་སྣ་སྦུག་གཡོན་ནས་སངས་རྒྱས་ཀྱི་སྐུ་དེར་འཕོས་ཏེ།   སེམས་ཅན་གྱི་དོན་དུ་སྤྲུལ་སྐུ་འབྱུང་བའི་སེམས་བསྐྱེད་དང། སྨོན་ལམ་བྱས་ན།   དག་པའི་ཞིང་དེར་རམ།མིན་ཀྱང་མཐོ་རིས་ཀྱི་གནས་སུ་ཆོས་ལྡན་གྱི་ལུས་རྟེན་ཐོབ་ཐུབ་ཀྱི་ཡོད་པ་རེད།

     གཉིས་པ།འཕོ་བ་ཞུ་སྟངས་ནི།   གཤིན་པོའི་ཕུང་པོ་དེར་བླ་མའམ་དགེ་བའི་གཤེས་གཉེན་ནམ།   རྣལ་འབྱོར་པ་གང་རུང་གིས་འཕོ་བ་གནང་མ་གྲུབ་པའི་སྔོན་དུ་སུས་ཀྱང་ལག་པས་རེག་མི་རུང་ཞིང།   མ་འགུལ་བར་རང་སོར་བཞག་དགོ། དེ་མིན་ཐོག་མར་སུས་ལག་པ་འཆང་ས་དེ་ནས་འདས་པོའི་རྣམ་ཤེས་ཕྲ་མོ་ཕྱིར་ཐོན་གྱི་ཡོད་པ་རེད།   དེ་ཡང་སྐེད་པ་མན་ཆད་ངན་སོང་གི་གནས་དང།   སྐེད་པ་ཡན་ཆད་ནས་འཆང་ན་བདེ་འགྲོར་སྐྱེས་ཟེར་སྲོལ་ཡོད།   རྣམ་ཤེས་ཐོན་སའི་སྒོ་ནི་དགུ་ཡོད།   རྣམ་ཤེས་འཚོག་ནས་ཐོན་ན་གཟུགས་མེད་སྐྱེ་མཆེད་མུ་བཞིའི་ལྷ་གནས་སུ་སྐྱེས།   དེ་བཞིན་སྨིན་མཚམས་ནས་ཐོན་ན་གཟུགས་ཁམས་གནས་རིགས་བཅུ་བདུན་གྱི་ལྷ་གནས་སུ་སྐྱེས།   ལྟེ་བ་ནས་ཐོན་ན་འདོད་ལྷ་རིགས་དྲུག་གི་ལྷ་གནས་སུ་སྐྱེས།   རྣ་བ་གཉིས་ནས་ཐོན་ན་མི་འམ་ཅིར་སྐྱེས།   སྣ་སྒོ་གཉིས་ནས་ཐོན་ན་གནོད་སྦྱིན་ལ་སྐྱེ།   མིག་གཉིས་ནས་ཐོན་ན་མིར་སྐྱེ།   ཁ་དང་གསང་གནས་ནས་ཐོན་ན་ཡི་དྭགས་སུ་སྐྱེས།   ཆུ་ལམ་ནས་ཐོན་ན་དུད་འགྲོར་སྐྱེས།   འོག་སྒོ་བཤང་ལམ་ཐོན་ན་དམྱལ་བར་སྐྱེ་བ་ཡིན།   སྤྱི་གཙུག་འཚང་པའི་བུ་སྒོ་ཐར་པའི་སྒོ་ཡིན་པས།རྣམ་ཤེས་དེ་ནས་ཐོན་ཐུབ་ན་དག་པ་མཁའ་སྤྱོད་ཀྱི་གནས་སུ་སྐྱེས་པར་གསུངས་པས།འཕོ་བ་ཞུ་བ་དེ།བླ་མ་རྩ་ཆེན་ནམ།   དགེ་བའི་གཤེས་གཉེན་ནམ།   རྣལ་འབྱོར་པས་འཁོར་བར་སྐྱེས་བྱེད་ཀྱི་སྒོ་དགུ་པོ་དེ་དམིགས་པས་བཀག་ནས།   སྒོ་གཅིག་འཚང་བའི་སྦུ་སྒོ་དེ་ཕྱེ་ནས་འདས་པོའི་རྣམ་ཤེས་དེ་ཐར་པའི་ལམ་དུ་བསྐྱོད་ཐབས་བྱེད་པའི་གསང་སྔགས་ཀྱི་ཐབས་ལམ་ཁྱད་པར་དུ་འཕགས་པ་ཞིག་རེད།   དེར་བརྟེན།   འཕོ་བའི་སྦྱངས་རྟགས་ཐོན་པའི་བླ་མའམ།   དགེ་བའི་གཤེས་གཉེན་ནམ།   རྣལ་འབྱོར་གང་རུང་ཞིག་འཆི་ཁར་གདན་ཞུ་བྱས་ཏེ་ཕྱི་དབུགས་ཆད།   ནང་དབུགས་མ་ཆད་པའི་བར་དེར་འཕོ་བ་ཞུ་དགོས།   གལ་ཏེ་གདན་ཞུ་མ་ཐུབ་ཚེ་རྒྱང་འཕོ་གནང་རོགས་ཞུ་དགོས་པ་མ་ཟད།   ཕུང་པོའི་མགོ་བལྟ་ཡུལ་ཇི་འཁེལ་གསལ་པོ་ཞུ་དགོས།   ཡང་བླ་མ་འགའ་ཞིག་ནས་འཕོ་རྫས་རིལ་བུ་གནང་སྲོལ་ཡོད་པས།   རིལ་བུ་དེ་གནང་ན་འདས་པོའི་ཕུང་པོར་གཞན་གྱིས་ལག་པས་མ་རེག་གོང་ཁྱོ་ག་རིགས་བཟང་གཅིག་གིས་ལག་པ་བཀྲུས་ཏེ་འབྲི་མར་རམ།   བ་མར་གང་རུང་འདས་པོའི་སྤྱི་གཙུག་ལ་སྦྱར།   དེའི་སྟེང་འཕོ་རྫས་རིལ་བུ་བཞག་དགོས།འཕོ་བ་གྲུབ་ནས་ཆུ་ཚོད་ཁ་ཤས་སོང་རྗེས་ཕུང་པོར་ལག་པ་ཐོག་མར་འཆང་བ་པོས།   ཐོག་མར་ཕུང་པོའི་སྤྱི་གཙུག་གི་སྐྲ་ནས་འཐེན་ཙམ་བྱས་ཏེ།   དེ་ནས་ལག་པ་འཆང་རུང་།   འདས་པོའི་རྣམ་ཤེས་སྒོ་དགུ་གང་རུང་ནས་ཐོན་ཐུབ་ཀྱང་།   སྤྱི་གཙུག་འཚང་པའི་བུ་སྒོ་ནས་ཐོན་དཀའ་ཞིང་།   དེ་ནས་ཐོན་ཐུབ་ན། སྡིག་པོ་ཆེ་ཡིན་ནའང་། བདེ་འགྲོ་ལྷ་མིའི་རྟེན་བཟང་ཐོབ་པ་སོགས་ཕན་ཡོན་རྒྱ་ཆེར་གསུངས།   དེར་བརྟེན། ས།   དགེ།   བཀའ།   རྙིང་ཚང་མའི་གསང་སྔགས་ཀྱི་ཐབས་ལམ་ཟབ་མོ་འཕོ་བ་གནས་སྨིན་ཞུ་རྒྱུ་དེ་འདས་པོའི་དགེ་རྩ་གལ་ཆེ་ཤོས་ཞིག་ཡིན།

  • 顶 0