རོང་བྲག་རྫོང་སོག་པོ་ཡུལ་ཚོས་དུར་སྐྱེལ་དང་ཤིད་ཇི་ལྟར་སྒྲུབ་པའི་སྐོར།

2016-09-27
0
  
  

  
སྤྲོ་སྣང་ཡུལ་གྱི་རྡོ་ཡི་རོ་སྒམ།

 

  ས་གནས་དེར་དར་བའི་དུར་སྒྲུབ་ཚུལ་ལ་གཙོ་བོ་ནི་མེར་སྲེག་པ་དང་ས་ལ་སྦ་བ་གཉིས་ཡིན་ཞིང་བྱིས་པ་ཤི་ན་ཆུ་ལ་བསྐུར་དགོས། ཧ་ཅང་ཆུང་ངུ་སྐྱེས་མ་ཐག་པའམ་སྐྱེས་ནས་ཡུན་རིང་མ་ལོན་པར་ཤི་སོང་བ་ཡིན་ན་རང་གི་ཁང་པའི་ས་གཏིང་དུ་སྦ་བའི་སྲོལ་གནའ་དུས་སུ་ཡོད་པར་གྲགས།

  དེ་ཡང་ཐོག་མར་མེར་བསྲེག་པ་ནས་བརྗོད་ན། ཤིང་སྒམ་སྣེ་གཉིས་ན་བུ་ཕུག་རིང་ཚད་སྨི་གཅིག་ཙམ་ཡོད་པ་ཞིག་གི་ནང་རྐང་ལག་རྣམས་བསྐུམས་ཏེ་བཅུག གནའ་དུས་སྒམ་སྣེ་གཉིས་ན་བུ་ག་ཕུག་སྲོལ་མེད་ཅིང་མེ་ལ་སྲེག་དུས་རོ་འཚིག་དཀའ་ཞིང་རེ་འགར་རོ་སྒམ་འཚིག་རྗེས་ནང་གི་རོ་ཕུང་དཀྲི་བྱེད་ཀྱི་རས་འཚིག་མི་ཐུབ་པར་ཤིང་སོགས་ཡོ་བྱད་གཞན་གྱིས་དབྲལ་དགོས་པའི་དུས་ཀྱང་མང་དུ་བྱུང་། དེ་རྗེས་སྒམ་སྣེ་འོག་མ་ནས་མེ་རྒྱུ་ཞིང་སྒམ་སྣེ་གོང་མར་དུ་བ་འཕྱུར་བའི་ཐབས་འདི་རྙེད་ཡོད། དེ་ཡང་རྒྱབ་ཏུ་རིའམ་ས་ཕུང་སོགས་ལ་བརྟེན་ཅིང་གཡས་གཡོན་གཉིས་ན་རྡོ་བརྩིགས་བྱས་ཏེ་མེ་ཐབ་ལྟ་བུ་ཞིག་གི་སྟེང་དུ་ཤུག་པའི་ཤིང་སྡོང་གི་གདུང་མ་གཉིས་བཀྲམ་ཏེ་འཇོག རོ་སྲེག་བྱེད་ལ་གཤིན་པོ་དེ་ཕོ་ཡིན་ན་ལི་ཤིང་དང་མོ་ཡིན་ན་སྟར་གའི་ཤིང་དགོས། དེ་ཡང་ཤིང་སྡོང་དེའི་ཡལ་ག་ལོ་འདབ་དང་བཅས་པ་ཕུང་པོ་དང་མཉམ་དུ་འཚིག་ཚར་དགོས་པ་ལས་ལུས་མི་རུང་། ཤུག་པའི་གདུང་མ་གཉིས་ཀྱི་སྟེང་དུ་སྲེག་བྱེད་ཀྱི་ཡལ་འདབ་རྣམས་འཕྲེད་དུ་བརྩིགས་རྗེས་རོ་ཕུང་བཅུག་པའི་ཤིང་སྒམ་དེ་འཛུགས་དགོས། ༼འདིར་འཛུགས་ཞེས་པ་ནི་གཤིན་པོའི་ལུས་ཀྱི་མགོ་མཇུག་བཞིན་དུ་མགོ་སྟེང་ཕྱོགས་དང་ལུས་སྨད་འོག་ཏུ་འཇོག་དགོས་པ་ལས་རང་དགར་གན་རྐྱལ་དུ་འཇོག་པ་སོགས་མི་རུང་བའི་དོན་ནོ། ། ༽

  རོ་ཚིགས་རྗེས་ཆུ་གཏོར་ནས་རུས་པ་རྣམས་གྲང་བར་བྱས་ཏེ་འཐུ། དེ་ནས་བང་སོ་བརྩིགས་ཤིང་སྲེག་ཤུལ་གྱི་ཐལ་རྡུང་དང་བཅས་པ་ཁྱེར་ནས་འགྲམ་དུ་སྤུངས། བང་སོའི་ངོས་སུ་མར་མེ་འབར་ཡུལ་གྱི་ཁུང་བུ་ཞིག་ཀྱང་བཏོད། མཐའ་ནས་དར་ལྕོག་གིས་བསྐོར་ཞིང་ཕུང་པོ་ཁྱིམ་ནས་ཕུད་པ་ནས་ལེགས་པར་ཡོངས་སུ་གྲུབ་པའི་བར་གྱི་བྱ་བ་ཚང་མ་ཉིན་དེར་མཇུག་རྫོགས་དགོས་པ་ནི་གདགས་ངོས་ཀྱི་གྲོང་གསེབ་བདུན་པོའི་སྲོལ་ཡིན་ཞིང་། སྲིབས་ངོས་ཀྱི་གྲོང་གསེབ་བཞི༼མིང་དུ་ཕུ་གོང་སྟེང་བ་འབོད༽པོས་གཤིན་རྩིས་ནས་བབས་པའི་ཉིན་དེའི་ཕྱི་དྲོ་ནས་བསྲེག་པ་དང་། མཚན་མོ་ཡང་བསྲུངས་ཤིང་རུས་པ་རྣམས་རང་བཞིན་གྱིས་གྲང་རྗེས་ད་གཟོད་བཏུས་ཏེ་ཉིན་གཉིས་པར་མཇུག་རྫོགས་པའོ། །

  ས་ལ་སྦ་བ་ནི་རྩིས་ལས་དུར་ས་གང་ལ་བབས་པའི་གནས་དེར་བརྐོ་དགོས་ཤིང་། རྐོ་དུས་རྡོ་དང་ཕྲད་ན་རྡོ་དེ་བཅག་ནས་བརྐོ་ཨེ་ཐུབ་བལྟ་དགོས་པ་ལས་དུར་ས་གཞན་དུ་བརྗེ་མི་རུང་། གལ་སྲིད་ཐབས་མེད་པའི་རྡོ་ཆེན་དང་ཕྲད་ན་ཁྱིམ་ཚང་དེར་ད་དུང་འཆི་བ་འོང་བའི་སྔ་ལྟས་སུ་སེམས་བཞིན་ཡོད་པས་ཁྱིམ་དུ་བཅོས་ཐབས་ཤིན་ཏུ་དྲག་པོ་བྱེད་དགོས་སོ། ། རྡོ་དེ་ལུས་ཀྱི་ཆ་ཤས་གང་དང་ཕྲད་ཡོད་ན་གཤིན་པོའི་འཆི་རྐྱེན་གནད་དེ་ནས་བྱུང་བར་སེམས་བཞིན་ཡོད། རོ་ཕུང་འཇོག་སྒམ་ནི་མེར་སྲེག་དང་མི་འདྲ་བར་ཆེ་ཙམ་དགོས། དེའི་ནང་དུ་རོ་ཕུང་གི་རྐང་ལག་སོགས་མི་སྐུམ་པར་དྲང་པོར་ཉལ་བ་ལྟར་འཇོག་ཅིང་ཁའི་ནང་དུ་གསེར་བཅུག་པ་དང་། བྱུ་རུའམ་དངུལ་གྱི་ལག་དཀྲིས་སོགས་རིན་པོ་ཆེའི་རིགས་ཀྱང་རོ་དང་མཉམ་དུ་སྦ། ཐོག་མར་རོ་ཕུང་ལེགས་པར་བཀྲུས་རྗེས། ལུས་ཀྱི་བུ་ག་ཡོངས་སུ་མར་གྱིས་བརྫངས་པ་དང་རས་དཀར་པོས་རོ་ཕུང་ལགས་པར་དཀྲི་དགོས་པ་ནི་མེར་བསྲེག་དང་དུར་སྦ་གཉིས་ཀ་ལའོ། །

  མེར་བསྲེག་དང་དུར་སྦ་གང་དགོས་ནི་ཤི་བོ་མ་འདས་གོང་དུ་ཁ་ཆེམས་བཞག་པ་དེར། སྒོམ་པས་རྩིས་རྒྱག་སྟེ་མི་འགྲིག་པ་མེད་ན་དེ་ལུགས་དང་། མི་འགྲིག་པ་ཆེན་པོ་དང་ཕྲད་ན་ཁ་ཆེམས་ལྟར་མི་བྱེད་མོད་དུས་རྒྱུན་ནི་ཁ་ཆེམས་གཙོའི། །

  བོད་ཀྱི་ཡུལ་ཕྱོགས་གཞན་པ་ཀུན་དང་འདྲ་བར་འདས་ཆོག་ནི་གཤིན་པོའི་རྗེས་སུ་དགེ་བ་བསྒྲུབ་རྒྱུ་སོགས་ལས་མ་འདས། དེར་བརྟེན་འགོ་ནས་འཇུག་མ་རྫོགས་བར་དུ་སྣེ་ཁྲིད་པ་ནི་བླ་མ་དང་སྒོམ་པ༼སྔགས་པ༽རྣམས་ཡིན། དེ་ཡང་ཐོག་མར་ཚེ་ལས་འདས་དུས་སྔས་མགོ་པ་ཞེས་པ་དགོས་ཤིང་དེ་ནས་འཕོ་བ་བྱེད་མཁན་གྱི་བླ་མ་དང་དེ་མིན་སྒོམ་པ་རྣམས་ཡོད་དགོས། ༼ས་ཕྱོགས་གཞན་དང་ཅུང་མི་འདྲ་བར་འདི་ན་སྒོམ་པའི་བྱེད་ནུས་ཤིན་ཏུ་ཆེ་བར་མངོན། ༽བླ་མས་འཕོ་བ་དང་སྒོམ་པས་གཤིན་རྩིས་བརྒྱབ་ནས་བབས་པའི་ལོ་རྟགས་མི་མཐུན་པས་གཤིན་པོའི་རོ་ལ་ལྟ་རེག་སོགས་བྱེད་མི་རུང་བ་རྣམས་ཐོག་མ་ནས་ཁྱིམ་བདག་ལ་ངོ་གསལ་པོར་སྤྲད། དེ་ནས་བླ་མ་དང་སྒོམ་པ་རྣམས་ཀྱིས་གཤིན་པོའི་རྗེས་སུ་ཆོས་མང་པོ་ཀློག་དགོས་ཤིང་། སྒོམ་པ་ནི་དྲག་པོའི་ཚུལ་བསྟན་དགོས་པ་དཔེར་ན་སྒོམ་པ་གཤིན་པོའི་ཁྱིམ་ཚང་ནས་ཕྱིར་བུད་དུས་ཁྱིམ་བདག་གིས་ཅུང་ཙམ་བཞུགས་རོགས་སོགས་བརྗོད་ན། སྒོམ་པས་ཤིན་ཏུ་ཁྲོ་བའི་ཚུལ་བསྟན་ནས་ཕྱིར་བུད་པ་ལས་ངོ་ཡ་བྱེད་མི་སྲིད། དེ་ནི་དངོས་སུ་ཁྲོ་བ་མིན་རུང་ངེས་པར་དུ་བསྟན་དགོས་པའི་ཚུལ་ཞིག་སྟེ་བླ་མས་ཞི་བ་དང་སྒོམ་པས་དྲག་པོ་ལ་བརྟེན་ནས་འདས་ཆོས་རྣམས་སྒྲུབ་པ་འདྲ།  ཐོག་མར་ཚེ་ལས་འདས་དུས་ནས་རོ་སྲེག་སྦ་དང་མཇུག་ཞག་ཞེ་དགུ་མ་རྫོགས་བར་དུ་ཆོས་ཀྱི་བྱེད་སྒོའི་རྒྱུན་མི་ཆད། འོན་ཏེ་གནས་དེར་ཞེ་དགུ་ནི་ཞེ་དགུ་དངོས་མིན་པར། ཞེ་དགུ་མ་ཚང་ཙམ་དང་ཡང་ན་ཞེ་དགུ་བརྒལ་ཙམ་ལ་ངོས་འཛིན་བཞིན་ཡོད་པ་ནི་བོད་ཀྱི་ཡུལ་ཕྱོགས་གཞན་པ་ཁག་དང་ཅུང་ཁྱད་དོ། །

  ཚེ་ལས་འདས་ནས་ཞག་གསུམ་མམ་ཡང་ན་དྲུག་གམ་བདུན། ཆེས་རིང་བ་ཞག་དགུ་ལ་ཐོན་པའང་ཡོད་པ་སྟེ་རྩིས་ནས་བབས་པའི་རོ་སྐྱེལ་བའི་དུས་དེར། རོ་ཕུང་ཧྲིལ་པོ་ལེགས་པར་བཀྲུས་ཤིང་རས་དཀར་རམ་སེང་རས་ཀྱིས་དཀྲིས་ཏེ་སྒམ་དུ་བཅུག  མེ་ལ་བསྲེགས་ན་རང་གི་བུའམ་བུ་མེད་ན་ཚ་བོས་རྒྱབ་ཏུ་ཁུར་དགོས། རྒྱབ་ཏུ་ཁུར་སྟངས་ནི་ཁ་ཕྱིར་གཏད་དགོས་པ་སྟེ་གཤིན་པོའི་ངོ་ཁྱིམ་གྱི་ཕྱོགས་སུའམ་བསྐྱོད་ཟིན་པའི་ལམ་ཕྱོགས་སུ་གཏད་དགོས་པ་ལས་དུས་རྒྱུན་མི་རྒྱབ་ཏུ་ཁུར་སྟངས་ལྟར་བྱེད་མི་རུང་། ས་ལ་སྦས་ན་མི་མང་པོས་ཁུར་དགོས་པ་ལས་གཅིག་གིས་ཁུར་མི་ཐུབ། ཕུང་པོ་ཕྱིར་བཏོན་དུས་སྒོ་སོགས་ལ་ཐོགས་ན་མི་རུང་བར་བརྩིས། ཕུང་པོ་ཁུར་མཁན་གྱི་རྗེས་ནས་རྩིས་ཀྱིས་བསྟན་པའི་ལོ་རྟགས་མི་མཐུན་པ་ཕུད་པའི་ཁྱིམ་མཚེས་དང་གཉེན་རྒྱུད་ཚང་མས་སྐྱེལ་ནས་འགྲོ་དགོས་ཤིང་། ལམ་དུ་སྐྱེས་ཕོ་མོ་ཚང་མས་རེས་མོས་བྱས་ཏེ་འཁོར་བ་དུང་སྤྲུགས་ཀྱི་སྙིང་པོ་སྟེ། ཨ་དཀར་ཨ་རྨད་དུ་ཏྲི་སུ་ནག་པོ་ཞི་ཞི་མལ་མལ་སྭཧྭ། ཞེས་པ་འདི་སྐྱོ་གླུ་རུ་བླངས། དེ་དུས་སྐྱེལ་མི་ཚང་མར་སྐྱོ་བ་ཤིན་ཏུ་དྲག་པོ་དབང་མེད་དུ་འཁོར་ཡོང་།

  ས་གནས་དེར་མི་ཞིག་ཚེ་ལོ་བརྒྱད་ཅུ་ཙམ་མམ་དེ་ཡན་ལ་འཚོ་ཐུབ་པ་ཞིག་ཡིན་ན། དེ་ནི་བསོད་ནམས་ཆེན་པོ་ཞིག་མ་བསགས་པ་ལ་འབྱུང་བ་མིན་པས་མི་དེའི་རོ་ཕུང་ལ་སྐྱེས་ཕོ་མོ་ཚང་མས་ལྷག་བསམ་རྣམ་དག་གིས་ཕྱག་འཚལ་ཞིང་དེ་ལ་བཀྲ་ཤིས་རྒན་པོའམ་རྒན་མོར་བརྗོད། སྤྱིར་བཏང་གི་གཤིན་པོ་ལ་ནི་རང་གི་བུ་རྒྱུད་དམ་ཚ་བོས་ཕྱག་འཚལ་བ་བོད་ཀྱི་ས་གནས་གཞན་པ་འགའ་རེ་དང་འདྲའོ། ། 

  • 顶 0