ལྷོ་ཁ་ལྕེ་བདེ་ཞོལ་པང་གདན་བཟོ་རྩལ།

2020-04-26
0

བོད་རིགས་ཀྱི་བལ་ལས་བཟོ་རྩལ་ལ་ཡུན་རིང་གི་ལོ་རྒྱུས་ལྡན་ཡོད། བལ་བཟོས་ཐོན་རྫས་ཀྱི་ནང་ནས་པང་གདན་དང་ཁ་གདན་གཉིས་ནི་མིང་གྲགས་ཆེ་ཤོས་ཡིན། བོད་རིགས་མི་དམངས་ཚོས་རྒྱུན་དུ་བལ་ལས་བཟོས་པའི་པང་ཁེབས་ལ་པང་གདན་ཞེས་བརྗོད་ཅིང་། པང་གདན་ནི་བོད་རིགས་བུད་མེད་ཚོས་ཧ་ཅང་དགའ་པོ་བྱེད་པའི་གྱོན་གོས་ཀྱི་གྲས་ཤིག་རེད། དེ་ཐོན་སྐྱེད་བྱེད་ཡུལ་གཙོ་བོ་ནི་ལྷོ་ཁ་དང་། གཞིས་ཀ་རྩེ། ལྷ་ས་སོགས་ས་ཁུལ་དུ་ཡིན་པ་དང་དེའི་ཁྲོད་ནས་གོང་དཀར་རྫོང་ལྕེ་བདེ་ཞོལ་གྱི་པང་གདན་ནི་གྲགས་ཆེ་ཤོས་ཡིན་ལ་ཁུལ་དེར“པང་གདན་གྱི་ཕ་ཡུལ”ཞེས་སྙན་གྲགས་གང་སར་ཁྱབ་ཡོད། ལྕེ་བདེ་ཞོལ་གྲོང་རྡལ་གྱིས་ཐོན་སྐྱེད་བྱས་པའི་བལ་རྒྱུའི་ཐོན་རྫས་ལ་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན་ཡོད་ལ། པང་གདན་ཐོན་སྐྱེད་བྱས་ནས་ཀྱང་མ་མཐར་ཡང་ལོ་ངོ་ལྔ་བརྒྱ་དྲུག་བརྒྱ་ལྷག་ཙམ་ཕྱིན་ཡོད་ཅིང་། ཁྱིམ་ཚང་རེ་རེའི་ནང་ཉུང་མཐར་ཡང་འཁལ་འཐག་འཕྲུལ་འཁོར་གཅིག་ཡོད་པའི་གྲོང་རྡལ་ཅིག་ཡིན། ཁོང་ཚོའི་འཁལ་ལས་དཀྱུས་མ་རྣམས་དང་སྣམ་བུ་ལ་སོགས་ནི་རྒྱུན་དུ་ནས་བེད་སྤྱོད་བྱེད་ཀྱི་ཡོད་ཅིང་། ལྕེ་བདེ་ཞོལ་གྲོང་རྡལ་དུ་ད་བར་ཁྱིམ་དུད780ལྷག་ཙམ་དང་། མི་གྲངས2200ལྷག་ཙམ་ཡོད་པ་ཚང་མས་འཐག་ལས་བྱེད་ཀྱི་ཡོད་ལ། ལྕེ་བདེ་ཞོལ་ནི་སྤྱིའི་ཆ་ནས་པང་གདན་འཐག་ལས་བྱེད་པའི་ལྟེ་གནས་ཤིག་ཡིན། པང་གདན་ནི་ཁུལ་དེའི་དམིགས་གསལ་ཁྱད་ཆོས་ལྡན་པའི་ཁྱད་ལྡན་ཐོན་རྫས་ཤིག་ཡིན་ལ། པང་གདན་འཐག་པའི་ལག་རྩལ་གཞི་རྩའི་ཆ་ནས་ལྕེ་བདེ་ཞོལ་གྱི་ཞིང་པའི་ཁྱིམ་ཚང་མི་རེ་ངོ་རེའི་ཁྲོད་དུ་མི་རབས་ནས་མི་རབས་བར་རྒྱུན་མཐུད་ཐུབ་པ་བྱུང་ཡོད། 
པང་གདན་གྱི་ལོ་རྒྱུས་འབྱུང་ཁུངས་ངོས་ནས་བཤད་ན་ཐོན་རྫས་དེ་ནི་ཧ་ལམ་ལོ་ངོ་ཆིག་སྟོང་ལྷག་ཙམ་གྱི་སྔོན་ནས་བོད་རིགས་མེས་པོ་ཚོས་ཆར་བབ་པའི་རྗེས་འཇའ་ཚོན་གྱི་ཁ་དོག་ལ་གཞིགས་ནས་བཟོས་པ་ཡིན་ཞེས་བརྗོད་ཀྱི་ཡོད། པང་གདན་གྱི་རྒྱུ་ཆ་ནི་ཚོན་མདོག་སྣ་ལྔའི་སྲིད་སྐུད་དམ་བལ་སྐུད་ལག་བཟོའི་ཐབས་ལ་བརྟེན་ནས་གྲུབ་པ་ཡིན་ཞིང་། ལོ་ངོ་སྟོང་ཕྲག་མང་པོའི་ནང་ཉམས་པ་མེད་པར་བོད་རིགས་བུད་མེད་ཚོའི་སྐེད་པར་བཅིངས་ཀྱི་ཡོད། སྤྱིར་བཏང་ནས་པང་གདན་ནི་བོད་རིགས་ཀྱི་གྱོན་གོས་ནང་གི་དམིགས་བསལ་ཁྱད་ཆོས་ལྡན་པའི་མཚོན་རྟགས་ཤིག་ཏུ་ཡང་གྱུར་ཡོད། བཤད་རྒྱུན་དུ། རྒྱ་བཟའ་འུན་ཤིན་ཀོང་ཇོས་གྱོན་མྱོང་བའི་སྣམ་བུའི་གྱོན་གོས་ནི་ལྷོ་ཁ་གོང་དཀར་ལྕེ་བདེ་ཞོལ་ནས་བཟོས་པ་རེད་ཅེས་བརྗོད་ཀྱི་ཡོད། སྔར་ནས་ད་བར་དུ་ལྕེ་བདེ་ཞོལ་གྱི་པང་གདན་ཐོན་རྫས་ཀྱི་རྣམས་གྲངས་དང་། རི་མོའི་ཚོས་གཞི། བཟོ་རྩལ་གྱི་བརྒྱུད་རིམ་སོགས་ཀྱི་ཐད་ལ་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད་ལ། ཐོན་རྫས་དེ་ཉིད་རྒྱལ་ནང་དུ་སྙན་གྲགས་ཆེན་པོ་ཡོད་པ་མ་ཟད། ད་དུང་རྒྱང་རིང་གི་ཧིན་རྡུ་དང་། བལ་ཡུལ། འབྲུག་ཡུལ་དེ་བཞིན་ཡོ་རོབ་ནུབ་མ་ལ་སོགས་རྒྱལ་ཁབ་དུ་ཕྱིར་འཚོང་བྱེད་ཀྱི་ཡོད། བཅིངས་འགྲོལ་མ་བཏང་སྔོན་ནས། ལྕེ་བདེ་ཞོལ་དུ་རྒྱུ་སྤུ་འཁེལ་བ་དང་། འཐག་ལས་བྱེད་པ། དཔེ་རིས་འབྲི་བ། ཚོས་རྒྱག་པ་ལ་སོགས་ཀྱི་ལག་རྩལ་དེ་དར་ཡོད་ཅིང་། སྔོན་ཆད་ཁོང་ཚོའི་ཐོན་རྫས་དག་དམིགས་གསལ་བཟོ་རྩལ་གྱི་ཐོན་རྫས་ཤིག་གི་ངོས་ནས་བོད་ལྗོངས་ས་གནས་སྲིད་གཞུང་གི་ཆེད་སྤྱོད་ཐོན་རྫས་ཤིག་ཏུ་གྱུར་ཡོད། པང་གདན་ནི་བལ་ལས་བཟོས་པ་ཞིག་ཡིན་པས། རྒྱུ་སྤུས་ལེགས་པ་དང་། བཟོ་རྩལ་ཞིབ་ཚགས་པ། ཚོན་མདོག་ལྟ་ན་སྡུག་པ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། ལྕེ་བདེ་ཞོལ་པང་གདན་འཐག་ལས་བྱེད་པའི་རྒྱུད་རིམ་ནི་སྔོན་ལ་བལ་གཙང་པོ་འཁྲུས་པ་དང་། དེ་རྗེས་ཉི་མར་སྐེམ་པ། བལ་འཁེལ་བ། བཀལ་ཟིན་པའི་བལ་སྐུད་ནང་ནས་སྦོམ་པ་དག་གིས་སྤུན་སྐུད་བྱེད་པ་དང་། ཕྲ་བ་དག་གིས་རྒྱུ་སྐུད་བྱས་ཏེ་འཐག་ལས་བྱེད་ཀྱི་ཡོད། འཐག་ལས་བྱེད་པའི་རྒྱུད་རིམ་ནང་ཞུས་པ་དང། སྤེལ་བ། འཐེན་པ་སོགས་བྱེད་དགོས་ཀྱི་ཡོད་ལ། འཐག་ཟིན་རྗེས་ཚོས་རྒྱག་པ་དང་། སྤུ་ཤུད་གཏོང་བ། འཁྲུས་པ། ཉི་མར་སྐེམ་པ་སོགས་ལས་མང་པོ་བྱ་དགོས་ཀྱི་ཡོད། ལྕེ་བདེ་ཞོལ་གྱི་པང་གདན་ལ་རིགས་འདྲ་མིན་སྣ་ཚོགས་ཡོད་དེ། ལོ་ན་ཆུང་བའི་བུ་མོ་། ན་སོ་དར་ལ་བབ་པའི་བུད་མེད། དུས་ཆེན་དང་། ངལ་རྩོལ་བྱེད་དུས་ལ་སོགས་ཀྱི་དབྱེ་བས་པང་གདན་ལ་ཡང་ཁྱད་པར་ཡོད་ལ། དེ་བཞིན་དུ་པང་གདན་གྱི་རྒྱན་རིས་ཡང་རྣམ་པ་སྣ་ཚོགས་ཅན་ཡིན། པང་གདན་འཐག་ལས་བྱེད་མཁན་གྱི་མི་སྣའི་ཐད་ལ་ཡང་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད་པ་སྟེ། དེ་སྔོན་གྱི་ཕོ་མོ་ཚང་མས་འཐག་ལས་བྱེད་པ་ནས། དེང་གི་བུད་མེད་གཙོ་བོས་འཐག་ལས་བྱེད་པའི་ངལ་རྩོལ་ཚོགས་པའི་ཕྱོགས་སུ་འཕོ་འགྱུར་ཕྱིན་ཡོད།
ལྕེ་བདེ་ཞོལ་གྱི་པང་གདན་ལ་རིགས་མང་པོ་ཡོད་དེ། པང་གདན་ཡག་ཤོས་ལ་ཤད་མ་(shad-ma)ཟེར་ཞིང་། ཚོན་སྣ་མི་འདྲ་བ་བཅུ་བཞི་ནས་ཉི་ཤུའི་བར་རྒྱག་དགོས་ལ། བལ་རྒྱུ་སྤུས་དག་དང་ལག་རྩལ་རྩེ་གྲ་བེད་སྤྱད་ནས་བཟོས་པ་ཞིག་ཡིན། རིམ་པ་གཉིས་པར་སྤུ་རུགས་སམ་སྤུ་ཕྲུག་(spu-phrug)ཅེས་ཟེར་ཞིང་། དེ་ནི་པང་གདན་དཀྱུས་མ་ཞིག་ཡིན། པང་གདན་གྱི་ངོས་ནི་སྤྱིར་བཏང་ནས་ལིའི་རྨིད་20གཡས་གཡོན་ཙམ་ཡོད། པང་གདན་གྱི་མཛེས་རིས་དང་ཚོན་མདོག་ལ་དབྱེ་བ་ཕྱེ་ན། དཀར་ཁྲ་ཞེས་པ་ཁྲ་ཐིག་བྱས་པ། ཁྲ་ཆེན་ཞེས་པ་ཁྲ་ཐིག་རྒྱ་ཆེ་ཙམ་བྱས་པ། འཇའ་ཚོན་ལྟར་གྱི་ཚོན་སྣ་སྤེལ་བའི་པང་གདན་དང་། དེ་བཞིན་དུ་ཚོན་མདོག་སེར་པོ་གཙོ་བོ་བྱས་པའི་བཙུན་མས་རྟག་ཏུ་བཅིངས་པའི་པང་གདན། ལྷག་པར་དུ་ཚང་མས་དོ་སྣང་ཆེན་པོ་བྱེད་པའི་པང་གདན་ནི་འཇའ་ཚོན་ལྟར་གྱི་པང་གདན་དེ་རེད། པང་གདན་དེ་རིགས་བུ་མོ་ཆུང་ཆུང་ཚོའི་སྐེད་པར་བཅིངས་ན། མཛེས་ཤིང་ཡིད་དུ་འོང་ལ། བཀྲག་མདངས་རྣམ་པར་བཀྲ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། 
པང་གདན་གྱི་ཚོས་སྣའི་རིགས་ནི་རི་ནས་འཚོལ་བསྡུ་བྱས་པའི་གཏེར་དངོས་དང་རྩི་ཤིང་ཡིན་ཞིང་། ཚོས་ཀྱི་རྒྱུ་ཆ་དེ་རྣམས་ཁུངས་ཐུབ་པོ་ཡོད་པ་མ་ཟད། ཚོས་ལོག་མི་བྱེད་པའི་ཁྱད་ཆོས་ལྡན་པས་ལྕེ་བདེ་ཞོལ་པང་གདན་ཚོང་རའི་ཐོག་བྲིན་ཁ་རྒྱུགས་པོ་ཡོད། པང་གདན་གྱི་རིན་ཐང་ངོས་ནས་བརྗོད་ན། ལྕེ་བདེ་ཞོལ་པང་གདན་གྱིས་ལག་ཤེས་བཟོ་ལས་ཧྲིལ་པོའི་ཁྲོད་དུ་གལ་ཆེའི་གནས་བབ་བཟུང་ཡོད་ལ། བོད་ཁུལ་པང་གདན་གྱི་མཚོན་ཚུལ་ཞིག་ཏུ་ཡང་གྱུར་ཡོད། ཁོང་ཚོའི་ཐོན་རྫས་ནི་བོད་ལྗོངས་ས་ཁུལ་གྱི་དམངས་ཁྲོད་ཕུལ་བྱུང་གི་ལག་ཤེས་རིག་གནས་ཤིག་ཡིན་ལ། ཁྱིམ་ཚང་གི་དཔལ་འབྱོར་ཡོངས་འབབ་ཀྱི་འབྱུང་ཁུངས་ཤིག་ཀྱང་རེད། ལྕེ་བདེ་ཞོལ་གྱི་པང་གདན་བཟོ་གྲྭས་ད་ལྟ་ཐོན་རྫས་ཁ་གྲངས་ཉི་ཤུ་ལྷག་ཙམ་བཟོ་ཐུབ་པ་དང་། ཡུལ་སྐོར་བ་ཚོས་དགའ་ཤོས་བྱེད་པའི་ཐོན་རྫས་ཤིག་ཏུ་ཡང་གྱུར་ཡོད། ལྕེ་བདེ་ཞོལ་གྱི་འཐག་ལས་ནི་རིམ་གྱིས་ཁྱིམ་ཚང་གི་དཔལ་འབྱོར་ཡོངས་འབབ་འབྱུང་སའི་ཁུངས་ཤིག་དང་། ད་དུང་འགའ་ཤས་ཤིག་གིས་རླངས་འཁོར་ཉོས་ནས་འབོར་འདྲེན་བྱ་བཞག་སྤེལ་ནས་བོད་ལྗོངས་དུ་སྐད་གྲགས་ཡོད་པའི་ཚོང་ལས་ཚོགས་པའི་གྲོང་རྡལ་དུ་གྱུར་ཡོད། ས་ཆ་འདིའི་སྣམ་བུའི་བཟོ་རྩལ་དང་ཚོས་རྒྱག་པའི་ཐབས་ཤེས་ལ་རང་ཉིད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་ཡོད། ཁོང་ཚོས་བཟོས་པའི་ཤད་མ་སྤུ་རུབས་ཐེངས་མང་རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱི་སྔོན་ཐོན་ཐོན་རྫས་སུ་བདམས་ཐོན་བྱུང་ཡོད། གྲོང་རྡལ་འདི་ནས་ཉེ་དུས་སྣམ་བུས་རྒྱུ་ཆ་བྱས་པའི་ཡུལ་སྐོར་གྱི་ཐོན་རྫས་ཧུར་བརྩོན་གྱིས་ངང་ཐོན་སྐྱེད་བྱེད་བཞིན་ཡོད་ལ། ཞིང་པའི་ཡོངས་འབབ་ཀྱི་80%ཡན་སྣམ་བུས་ཟིན་གྱི་ཡོད་ལ། ཁྱིམ་ཆས་གློག་ཆས་ཉོ་སྒྲུབ་དང་། ཁྱིམ་ཚང་མི་ཉུང་བ་ཞིག་ད་དུང་རླངས་འཁོར་ཉོས་ཡོད་པ་མ་ཟད། ཁ་པར་ཀྱང་བཙུགས་ཡོད། གནའ་དུས་ཀྱི་སྣམ་བུ་བཟོ་བའི་ལག་རྩལ་གྱིས་ལས་ལ་བརྩོན་པའི་ལྕེ་བདེ་ཞོལ་གྱི་གྲོང་མི་ཚོ་འབྱོར་འབྲིང་གི་འཚོ་བའི་ཕྱོགས་སུ་སྣེ་ཁྲིད་ཐུབ་ཡོད། 
བོད་རིགས་ཀྱི་ལག་ཤེས་འཐག་ལས་བྱ་བཞག་གིས་གྲོང་རྡལ་དེ་མིང་གྲགས་ཆེ་རུ་བཏང་ཞིང་། ས་ཆ་དེ་ནས་འཐག་པའི་པང་གདན་ནི་ཚོན་མདངས་རྣམ་པར་བཀྲ་ལ། ནམ་ཡང་ཉམས་པ་མེད་པ། བཀྲུས་ཀྱང་ཚོས་མི་ལོག་པ་བཅས་ཀྱི་བོད་ལྗོངས་གྲགས་ཅན་ཐོན་རྫས་སུ་གྱུར་ཡོད། དུས་རྒྱུན་གྱི་ངལ་རྩོལ་ནང་པང་གདན་གྱིས་བོད་ཆས་གཞན་རྣམས་སྲུང་སྐྱོང་བྱེད་པ་དང་། དངོས་པོ་འབོར་བའི་ནུས་པ་ཐོན་ཐུབ་པ་མ་ཟད་དུས་ཆེན་གྱི་སྐབས་མཛེས་རྒྱན་གྱི་ནུས་པ་ཡང་ཐོན་གྱི་ཡོད། 
ཡུལ་དེའི་ཐུན་མོང་མ་ཡིན་པའི་པང་གདན་གྱིས་ལྕེ་བདེ་ཞོལ་ལ་ཡང་དེ་སྔོན་རྒྱལ་ཁབ་རིག་གནས་པུའུ་ཡིས་ཀྲུང་གོའི་དམངས་ཁྲོད་སྒྱུ་རྩལ་གྱི་ཕ་ཡུལ་ཞེས་པའི་མིང་བཏགས་ཐོབ་ཡོད་ལ། ལྕེ་བདེ་ཞོལ་གྲོང་རྡལ་གྱིས་མི་རིགས་ལག་ཤེས་བཟོ་ལས་འཕེལ་རྒྱས་ཤུགས་ཆེན་ཕྱིན་པས་དེས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ཕན་པའི་སྨན་བཟང་ལྟར་དུ་འགྱུར་ཡོད། ད་ལྟའི་བར་གྲོང་རྡལ་ཡོངས་ལ་ཤང་གྲོང་ཁེ་ལས་4ཡོད་ཅིང་ལོ་རེའི་ཐོན་རྫས་ཀྱིས་དངུལ་སྒོར་ཁྲི60ཙམ་ཟིན་གྱི་ཡོད། 1976ལོར་གཉེར་བའི་ལྕེ་བདེ་ཞོལ་པང་གདན་བཟོ་གྲྭ་དེས་མི་རིགས་ལག་ཤེས་ཐོན་རྫས་དེ་ཚོང་ཟོག་འཕེལ་རྒྱས་གྱི་རྣམ་པར་འགྱུར་ཡོད། པང་གདན་གྱིས་གཙོ་བྱས་པའི་ཐོན་རྫས30ཙམ་ལས་ལ་ལར་བོད་རང་སྐྱོང་ལྗོངས་དང་ཡང་བའི་བཟོ་ལས་པུའུ་ཡི་གཟེངས་བསྟོད་ཐེངས་མང་ཐོབ་མྱོང་ཡོད་པ་མ་ཟད་ ད་ལྟ་ལྕེ་བདེ་ཞོལ་རྟགས་ཅན་གྱི་མི་རིགས་ལག་ཤེས་དེའི་མཚན་སྙན་གནས་གང་སར་ཁྱབ་ནས་ལྗོངས་ནང་ཁུལ་གྱི་ས་ཁུལ་དང་རྒྱལ་ཁབ་ཁག་ལ་བྲིན་ཁ་ཤིན་ཏུ་རྒྱུགས་པའི་རྣམ་པ་བཟང་པོ་མངོན་བཞིན་ཡོད།

  • 顶 0