ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་གི་འབག་འཆམ་སྐོར་མདོ་ཙམ་གླེང་བ།

2019-05-28
0

ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་གི་འབག་འཆམ་སྐོར་མདོ་ཙམ་གླེང་བ།

       དེ་ཡང་ལི་ཐང་དགོན་ཆེན་ནམ་ཐུབ་བསྟན་བྱམས་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་ཞེས་གྲགས་པ་འདི་ནི། ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་གྱི་རྒྱལ་དབང་བསོད་ནམས་རྒྱ་མཚོའི་རྣམ་ཐར་གྱི་སྐབས་ལས།  “བོད་རབ་བྱུང་བཅུ་པའི་ལྕགས་ལུག་གི་ལོ(སྤྱི་ལོ༡༥༧༡)སོག་པོའི་ཨལ་ཐན་རྒྱལ་པོས་རྗེ་འདིའི་སྙན་པ་གསན་པས་དད་པ་ཐོབ་སྟེ། ཤར་ཕྱོགས་སོག་ཡུལ་དུ་འབྱོན་དགོས་པར་གསོལ་བ་བཏབ། རྗེ་འདིས་ཀྱང་རང་གི་གདུལ་སྐལ་དུ་གཟིགས་ནས་འབྱོན་པར་ཞལ་གྱིས་བཞེས། སླར་མཚོ་ཁར་མཆོད་ཡོན་ཞལ་འཛོམ་རྩིས་ཀྱི་ཞལ་བཀོད་གནང་སྟེ་རེ་ཞིག་བླ་མཆོད་དུ་འདུལ་བ་བླ་མ་བརྩོན་འགྲུས་བཟང་པོ་རྫོང་ཏ་མཛད་པ་ལས་སྐུ་ཉིད་དངོས་སུ་མ་ཕེབས། དེ་ནས་ས་སྟག་ལོ(སྤྱི་ལོ༡༥༧༨)དེ་སྔར་ཨལ་ཐན་ཏ་རྒྱལ་པོའི་བླ་མཆོད་དུ་མངགས་པའི་ཆོས་རྗེ་བརྩོན་འགྲུས་བཟང་པོ་དང་། ལོ་ཙཱ་བ་གཽ་ཤཱི་གཉིས་ཀྱིས་གཙོས་པའི་རྟ་པ་ལྔ་བརྒྱ་སྐོར་རྒྱལ་པོའི་གམ་ནས་བསུ་བ་ལ་འབྱོར། རིམ་གྱིས་ཕེབས་ཏེ་ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔའི་ཉིན་ལ་ཨན་ཐན་རྒྱལ་པོ་ཉིད་ཀྱི་བསུ་མ་རྒྱ་ཆེན་འོག་སོག་ཡུལ་དུ་དངོས་སུ་འབྱོར། ཤ་ཁྲག་ཁོ་ན་ལ་ལོངས་སྤྱོད་པའི་མུན་ནག་ཁྲག་མཚོའི་གླིང་ལྟ་བུ་འདི་ལ། མཆོད་ཡོན་ཉི་ཟླ་ཟུང་གཅིག་གི་བཀའ་དྲིན་ལས་དམ་པ་ཆོས་ཀྱི་ལམ་བཏོད། ཁྲག་མཚོ་འོ་མར་བསྒྱུར་བ་འདི་བཀའ་དྲིན་ཆེ་བ། མི་དགེ་བཅུ་སྤངས་ཀྱི་བཀའ་ཁྲིམས་ལེགས་པར་གཏན་ལ་འབེབས། དམ་ཆོས་ཀྱི་བདུད་རྩི་མང་པོ་བསྩལ།”ཞེས་འཁོད་འདུག་པ་མ་ཟད་ཁྱད་པར་དུ་“འཇམ་མགོན་བླ་མའི་བསྟན་པ་ཡུན་རིང་དུ་གནས་པའི་ཕྱིར་ལི་ཐང་ཐུབ་ཆེན་བྱམས་པ་གླིང་དང་། འཇམ་མགོན་བླ་མ་གང་དུ་འཁྲུངས་པའི་སྐུ་འབུམ་སོགས་སུ་དགེ་འདུན་གྱི་སྡེ་མང་དུ་བཙུགས།”①ཞེས་གསུངས་པ་དང་།  གཞན་ཡང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དགའ་ལྡན་ཆོས་འབྱུང་བཻཌཱུརྱ་སེར་པོ་ལས།“སྤོ་འབོར་གྱི་སའི་ཆ་ལི་ཐང་ཆོས་སྡེ་དགའ་ལྡན་ཐུབ་ཆེན་ཆོས་འཁོར་གླིང་ནི། སྲིད་གསུམ་འགྲོ་བའི་མགོན་པོ་ཕྱག་ན་པདྨོ་བསོད་ནམས་རྒྱ་མཚོའི་སྡེའམ་རྡོ་རྗེ་འཆང་ཏཱ་ལའི་བླ་མ་ཉིད་ཆེན་པོ་ཧོར་གྱི་ཡུལ་གྲུར་གསེར་གྱི་རྒྱལ་པོའི་ལེགས་བྱས་ཀྱི་མགྲོན་དུ་གདན་དྲངས་པའི་ཚེ། ཕྱོགས་དེའི་བསྟན་པའི་བྱ་བ་རྣམས་ཕལ་ཆེར་མཛད་ཟིན་ཏེ་སྒར་ཆེན་མདོ་ཁམས་བརྒྱུད་དེ་བོད་ཡུལ་གྱི་རྡོ་རྗེ་གདན་དུ་རིམ་པས་འབྱོན་པར་བཞེད་ནས་ཡུལ་འདིར་ཕེབས། རྒྱལ་བ་གཉིས་པ་འཇམ་མགོན་བཙོང་ཁ་པ་ཆེན་པོའི་བསྟན་པ་བླ་ནས་བླར་འགྱུར་བའི་ཆེད། ལྕགས་ཕོ་འབྲུག་གི་ལོ་ལ་གཙུག་ལག་ཀུན་དགའ་ར་བ་དང་བཅས་རྨང་བཏིང་། སའི་ཆོག་ཡང་དག་པར་མཛད། ཐུབ་ཆེན་འགྲན་ཟླ་དང་བྲལ་བ་སོགས་རྟེན་དང་བརྟེན་པ་བཞེངས། མཚན་དགའ་ལྡན་ཐུབ་ཆེན་ཆོས་འཁོར་གླིང་ཞེས་བསྩལ།”②ཞེས་ཀྱང་བཀོད་འདུག་པས།  སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་མི་ཉམས་གོང་འཕེལ་དང་།  ཉམས་པ་སླར་གསོའི་ཆེད་དང་།  སྒོས་ཞྭ་སེར་གྱི་བསྟན་པ་འཛིན་སྐྱོང་སྤེལ་བའི་སླད་དུ། བོད་རབ་བྱུང་བཅུ་པའི་རྣམ་གནོན་ཏེ་ལྕགས་ཕོ་འབྲུག་གི་ལོར(སྤྱི་ལོ༡༥༨༠)རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ(༡༥༤༣ནས༡༥༨༨)དགུང་ལོ་སོ་བརྒྱད་ལ་ཕེབས་པའི་སྐབས་ཀྱི་བོད་ཟླ་ལྔ་པའི་ཚེས་བཅུ་གཉིས་ཉིན་ལ་མགོ་བརྩམས་ཏེ་གསར་དུ་བཞེངས་བ་ཡིན་ནོ།། ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་ནི་ཧོར་དགོན་ཆེན་བཅུ་གསུམ་ལས་ད་དུང་ལོ་བདུན་ཅུ་ལྷག་ཙམ་གྱིས་སྔ་བ་དང་། དགེ་འདུན་པ་ཆེས་མང་བའི་སྐབས་སུ་གྲྭ་སུམ་སྟོང་བདུན་རྒྱ་ཙམ་ཟིན། གཙུག་ལག་ཁང་འདིའི་འཛུགས་བསྐྲུན་གྱི་རྒྱ་ཁྱོན་དང་། སྐུ་གསུང་ཐུགས་ཀྱི་རྟེན་བཞེངས། དགེ་འདུན་པའི་གྲངས་ཚད་སོགས་གང་གིས་ཐད་ནས་ཀྱང་ཁམས་ལྷོའི་ཕྱོགས་ཀྱི་དགོན་པ་ཆེ་ཤོས་སུ་ཆགས་འདུག

      སྐབས་བབ་ཀྱི་བརྗོད་བྱ་ནི་གཙུག་ལག་ཁང་འདི་ཉིད་ཀྱི་འབག་འཆམ་གྱི་རིག་གནས་སྐོར་ཡིན་ཏེ། སྤྱིར་འཆམ་ཞེས་དམིགས་བསལ་དགོན་སྡེའི་ནང་དུ་འཁྲབ་སྟོན་བྱེད་པ་འདི་ནི་སྔར་ཤཱཀྱ་ཐུབ་པས་གསང་སྔགས་ཀྱི་ཆོས་འཁོར་བསྐོར་བའི་སྐབས་སུ་གསང་སྔགས་ཀྱི་ནང་དོན་དང་མཐུན་པའི་སྐུའི་བཀོད་པ་སྣ་ཚོགས་སུ་བསྟན་པ་རྣམས་སྐུ་བརྙན་དུ་བྱས་པ་དང་རི་མོར་བྲིས་པ། ཞལ་འབག་ཏུ་བཞེངས་པ་རྣམས་རིས་མེད་གྲུབ་མཐའ་སོ་སོའི་གསང་སྔགས་ཀྱི་དཀྱིལ་འཁོར་སྒྲུབ་མཆོད་དུ་ཕྱག་བཞེས་མཛད་དེ་སྒྲུབ་མཆོད་དག་གི་སྐབས་དང་།  ཡང་ན་སྒྲུབ་མཆོད་དེ་དག་མཇུག་བསྒྲིལ་བའི་མཚམས་སུ་ཞི་ཁྲོའི་ལྷ་ཚོགས་རྣམས་ཆས་སུ་ཞུགས་ནས་སྦྱིན་བསྲེགས་བླུགས་པ་དང་། ལྕགས་མཁར་བསྲེགས་པ། གཏོར་ཟོར་འཕེན་པ་བཅས་ཀྱི་སྐབས་སུ་འཆམ་པ་ཡིན་གཤིས་དེ་ཡང་གསང་སྔགས་ཀྱི་ཆོ་གའི་འགྲོས་དང་བསྟུན་པའི་རྔ་བརྡུང་སྦུབ་དཀྲོལ། དུང་རྒྱ་གླིང་སོགས་རོལ་མོ་དཀྲོལ་ཐོག་འདོན་པའི་ཚིག་དང་རྟ་དབྱངས་འགལ་མེད་ཀྱི་ཐོག་ནས་འཆམ་པ་ཞིག་ཡིན། འཆམ་པོ་བ་རྣམས་ཀྱིས་བྱིན་རླབས་བསྩལ་བའི་དམིགས་པ་འཆང་བ་དང་། འཆམ་མཇལ་མཁན་རྣམས་ཀྱིས་དེ་དང་འདྲ་བར་བྱིན་རླབས་ཞུ་པའི་དམིགས་པ་བཟུང་གིན་ཡོད། ལི་ཐང་དགོན་ཆེན་འདིས་ཀྱང་རང་གི་སྒྲུབ་མཆོད་དང་བསྟུན་ནས་ལོ་རེར་འཁྲབ་སྟོན་ཐེངས་རེ་བྱས་པ་ལས་གང་འབྱུང་མང་བྱུང་འཁྲབ་སྟོན་བྱེད་པའི་སྲོལ་མེད། སྤྱིར་འཆམ་ནི་སངས་རྒྱས་ཤཱཀྱ་ཐུབ་པའི་གསང་སྔགས་ཀྱི་རྒྱུད་སྡེ་བཞི་ནང་གི་རྣལ་འབྱོར་རྒྱུད་དང་བླ་མེད་རྒྱུད་ལས་གསུངས་པའི་རྡོ་རྗེ་གར་ཞེས་པ་དེ་ཡིན། དེ་ནི་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་སློབ་དཔོན་པདྨ་འབྱུང་གནས་དང་མཁན་པོ་བོ་དྷི་ས་ཏྭ་རྣམ་པ་གཉིས་ཀྱིས་བོད་དུ་ཐོག་མར་དར་བའི་སྲོལ་ཕྱེས། ཁོང་གཉིས་པོ་བོད་དུ་ཕེབས་ནས་བསམ་ཡས་མི་འགྱུར་ལྷུན་གྱིས་འགྲུབ་པའི་གཙུག་ལག་ཁང་གི་རབ་གནས་མཛད་སྒོའི་སྐབས་སུ་རྒྱུད་དང་མཐུན་པའི་རྡོ་རྗེའི་གར་མཛད་པ་དང་། དེ་རྗེས་བསྟན་པ་ཕྱི་དར་གྱི་དུས་སུ་མངའ་རིས་གུ་གེ་རྒྱལ་པོ་ལྷ་བླ་མ་སྐུ་མཆེད་གཉིས་ཀྱིས་མཐོ་ལྡེང་གཙུག་ལག་ཁང་ བཞེངས་ཤིང་། གསང་སྔགས་ཀྱི་རྒྱུད་མང་པོ་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་རྗེས་ལོ་ཙཱ་བ་རིན་ཆེན་བཟང་པོས་རྒྱུད་སྡེའི་དགོངས་པ་དང་མཐུན་པའི་རྡོ་རྗེའི་གར་གྱི་རིགས་རྣམས་དར་སྤེལ་མཛད། དེ་བཞིན་ས་དགེ་བཀའ་རྙིང་དང་ཇོ་ནང་སོགས་ལ་རང་རང་གི་ཕྱག་བཞེས་སུ་ཡོད་པའི་གར་འཆམ་མང་པོ་ཞིག་ཡོད་པ་རྣམས་ཀྱང་རྒྱུད་སྡེའི་དགོངས་པ་དང་མཐུན་པར་མཛད་པ་ཡིན་པས་དེ་ལ་རང་རང་གི་ཁུངས་རེ་ཡོད་པ་སྨོས་མ་དགོས་སོ།། སྤྱིར་ལག་སྟབས་གཙོ་བོ་བྱེད་པ་ལ་གར་དང་། རྐང་སྟབས་གཙོ་བོ་བྱེད་པ་ལ་འཆམ། རྐང་ལག་གཉིས་ཀ་ཟུང་དུ་འབྲེལ་བ་ལ་གར་འཆམ་ཞེས་ཟེར་ཞིང་། བསྟན་པ་སྔ་དར་གྱི་དུས་སུ་རྣལ་འབྱོར་པ་རྣམས་ཀྱི་གསང་བ་ཤིན་ཏུ་དམ་པར་མཛད་དེ། སོ་སོའི་སྒྲུབ་ཁང་ནང་དུ་ཕྱག་ལེན་བསྟར་བ་ལས་གཞན་དུ་མི་མངོན་པར་གྲགས། རི་བོ་དགེ་ལྡན་པའི་དབང་དུ་བྱས་པ་ཡིན་ན་པཎ་ཆེན་སྐུ་ཕྲེང་བཞི་བ་བློ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་གིས་སྤྱི་ལོ༡༧༠༧ལོར་ཙམ་ལ་འཆམ་གཟིགས་བཙུགས་པ་དང་། དེ་བཞིན་རྒྱལ་མཆོག་བདུན་པ་སྐལ་བཟང་རྒྱ་མཚོས་པོ་ཏཱ་ལའི་རྣམ་རྒྱལ་གྲྭ་ཚང་དུ་འཆམ་གཟིགས་བཙུགས། དེ་ནས་སོག་ཡུལ། ཁམས་ཁུལ། དབུས་གཙང་རི་ཁྲོད་ཁག་དང་ཁམས་ཕྱོགས་སུ་འཕེལ་རྒྱས་སུ་སོང་བ་ཡིན་ནོ།།

      ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་དུ་འཆམ་གྱི་སྲོལ་ཐོག་མ་བཙུགས་པ་ནི། བོད་རབ་བྱུང་བཅུ་གཉིས་པའི་ས་བྱ་ལོ་སྟེ་སྤྱི་ལོ༡༧༢༩ལོར་རྒྱལ་དབང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་ལི་ཐང་ཐུབ་ཆེན་ཆོས་འཁོར་གླིང་དུ་ཕེབས་པའི་སྐབས་སུ་ཡིན། ལི་ཐང་དུ་འབག་འཆམ་མཁན་ལ་འཆམ་པོ་བ་ཟེར་ཞིང་།  དེ་ནི་སྤྱིར་ཕྱི་སྐུ་ལུས་ཀྱི་ཆ་རྐྱེན་དང་། སྒོས་ནང་ཐུགས་ཡོན་གྱི་ཆ་རྐྱེན་དག་འཛོམས་དགོས་ཤིང་།  དེའང་སྐུ་ལུས་ཀྱི་ཆ་རྐྱེན་ལ། ལང་ཚོ་དར་ལ། ལུས་སྟོབས་རྒྱས་པ། དབང་པོ་ལ་སྐྱོན་མེད་པ་བཅས་དང་། ཐུགས་ཡོན་གྱི་ཆ་རྐྱེན་ལ་ལམ་ཐུན་མོང་བའི་རྒྱུད་སྔོན་དུ་སོང་བའི་སྒོ་ནས་བླ་མེད་རྒྱུད་སྡེ་གང་རུང་གི་དཀྱིལ་འཁོར་དབང་བསྐུར་ཐོབ་ཅིང་། དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་རྒྱུ་སྨོས་མེད་ཐོག་བསྙེན་སྒྲུབ་ཚད་དུ་འཁྱོལ་བ་བྱུང་ན་རབ་ཡིན།  དེ་མ་ཐུབ་རུང་མ་མཐའ་ཡང་ལས་རུང་གི་བསྙེན་པ་རེ་སྔོན་དུ་འགྲོ་དགོས་པ་བཅས་ཡིན། འཆམ་རྒྱག་པའི་སྐབས་ཀྱི་སྐུའི་སྟངས་སྟབས་ཀྱི་ཆ་ནས་གཡས་བརྐྱང་གཡོན་བསྐུམ་དང་།  ས་ག  ཟླུམ་པོ།  རྡོ་རྗེ་རྒྱ་གྲམ། དགའ་འཁྱིལ་སོགས་ཕྱག་ཞབས་དང་སྐུའི་ཉམས་འགྱུར་སོགས་དམིགས་བསལ་གྱི་ཁྱད་ཆོས་དང་མཚོན་བྱེད་སྣ་ཚོགས་ཡོད། 

       གཙུག་ལག་ཁང་འདིའི་འཆམ་གོས་ནི་སྔོན་ལྷ་ལུང་དཔལ་གྱི་རྡོ་རྗེས་བཙན་པོ་གླང་དར་བཀྲོངས་བའི་སྐབས་ཀྱི་ཆས་སུ་བཀླུབས་ན་རྟེན་འབྲེལ་གྱི་ཁྱད་པར་ཡོད་པ་གསུངས། ཕོད་ཀ་ཞེས་པ་ཕུ་ཐུང་གཡས་གཡོན་གཉིས་སུ་མདའ་གཞུ་བཅུགས་ཡོད་པ་དང་། ཞྭ་ནག་ཞེས་པ་དེ་ནི་ཀུན་མཁྱེན་ངག་དབང་བློ་བཟང་རྒྱ་མཚོའི་གསུངས་ལས།“མིག་སྨན་མདངས་འཛིན་བདུད་ཕོད་ལྷབ་ལྷུབ་གཡོ།། བན་ཕུར་ཐོགས་ཤིང་སྲིད་པའི་སྤྱི་ཞྭ་གྱོན།།”ཞེས་གྲགས་པ་ལྟར་རོ།། འཆམ་གོས་གྱོན་སྐབས་གཡས་ནས་བླངས་དེ་གར་སྟབས་པད་སྐོར་གྱི་གོན་དགོས་པ་ལས། རྒྱུན་སྤྱོད་ཀྱི་གོས་གྱོན་པ་ལྟ་བུར་མི་རུང་བར་གསུངས་པ་དང་། དེ་བཞིན་དོ་རར་ཕེབས་སྐབས་ཀྱང་ཐ་མལ་པའི་གོམ་སྟབས་མིན་པར། རྡོ་རྗེའི་འགྲོས་ཀྱི་ལིང་ལིང་དུ་ཕེབས་དགོས་པ་ཡིན།

ལི་ཐང་དགོན་པའི་འཆམ་གྱི་རོལ་མོའི་ཆིངས་ནི་འབུད་པའི་རོལ་མོ་དུང་དང་།  རྒྱ་གླིང་།  རྐང་གླིང་བཅས་དང་།  དཀྲོལ་པའི་རོལ་མོ་ཅང་ཏེའུ་དང་།  དྲིལ་བུ།  སིལ་སྙན། བརྡུང་བའི་རོལ་མོ་རྔ་དང་སྦུབ་ཆལ་བཅས་སོ་སོར་དམིགས་བསལ་གྱི་ཆིངས་དང་། བརྡ་མཚོན་རེ་ཡོད་ཅིང་།  དཔེར་ན། རྔ་བརྡུང་བའི་སྐབས་སུ། ཟུར་གསུམ་སྤྱོད་ལ་ལྷོད་གསུམ་བརྡུང་།། རྒྱ་མཚོ་ཆེན་པོའི་དཀྱིལ་མ་དཀྲུགས།། རི་བོ་ཆེན་པོའི་མཐའ་མ་བཅོག།

       ཞེས་གསུངས་པ་ལྟར་འདིར་ཟུར་གསུམ་ཞེས་པ་ནི་རིམ་བཞིན་རྔའི་ཟུར་དང་། རང་གི་སྤུས་མོའི་ཟུར། ཐོད་པའི་ཟུར་བཅས་གསུམ་ལ་གོ་བ་དང་། ལྷོད་གསུམ་སྟེ་ནང་གི་སེམས། ལག་པ། རྔ་དབྱུག་བཅས་གསུམ་ལྷོད་དགོས་ཤིང་།  རྔའི་དཀྱིལ་འཁོར་གཉིས་ཕུང་པའི་གསུམ་གཅིག་མཚམས་སུ་རྔ་གཡོག་བརྡུང་དགོས་པ་དང་། རོལ་མོའི་དཀྲོལ་ལུགས་ལའང་ཉའི་ཁ་དང་། རྒོད་ཀྱི་གཤོག་པ། ཡང་ན་གླང་པོའི་རྣ་ལྟར་བརྡུང་ཞེས་ཀུན་མཁྱེན་ལྔ་བ་ཆེན་པོའི་གསུངས་པ་ལྟར་རོ།། དེའང་དུང་ཆེན་སྐད་ཚ་བ་རང་ཤུགས་སུ་ཡོད་ལ་སྙན་པ་གཙོ་བོར་དགོས་པ་དང་། རྒྱ་གླིང་ནི་སྙན་པ་རང་ཤུགས་སུ་ཡོད་ལ་སྐད་གསང་བ་གཙོ་བོར་གསུངས་པ་དང་། རྐང་གླིང་ནི་སྐད་ཚ་ངར་ལྡན་དགོས་ལུགས་སོགས་ཀྱང་གར་འཆམ་དང་ཕན་ཚུན་གཞོགས་འདེགས་ཀྱིས་གཅིག་ཕན་གཅིག་གྲོགས་སུ་ཐོན་དགོས་པ་ཡིན། འཆམ་འགོ་ཚུགས་པ་དང་མཇུག་སྒྲིལ་སྐབས་དུང་རྒྱ་གླིང་གཙོ་བོ་བྱེད་ལ།   གཞུང་དངོས་ཀྱི་སྐབས་རྔ་སྦུབ་གཙོ་བོ་བྱེད་དོ།། 

       ལི་ཐང་གི་འཆམ་ལ་འཆམ་དཔོན་བཞི་ཡོད་དེ། གཉིས་ལ་སོག་རྒན་ཟེར་ཞིང་། དེ་ནི་སོག་པོའི་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་དང་། ཚྭ་ཁ་ཨ་བསྟན་རྒྱལ་པོ་སྟེ་ལི་ཐང་དགོན་ཆེན་བཞེངས་པའི་སྐབས་སུ་སྐུ་དྲིན་ཤིན་ཏུ་ཆེ་བའི་སྦྱིན་བདག་གཉིས་ཡིན་ཞིང་། དེ་ནས་ཆོས་རྒྱལ་འཆམ་དཔོན་དང་། ཞྭ་སྟབས་འཆམ་དཔོན་བཅས་བཞི་ལ་ཟེར་བ་ཡིན། དེ་ནས་རྒྱ་ནག་ཧ་ཤང་དང་དེའི་དགེ་ཕྲུག་བཞི་ཡོད་པ་དེ་དག་ལ་སྦྱིན་དྲུག་ཟེར་ཞིང་། དེས་རྒྱ་ནག་ཧྭ་ཤང་དེ་ཉིད་སྟོབས་འབྱོར་ཆེ་ཞིང་ཆོས་ལུགས་ལ་དད་ཅིང་གཏོང་ཕོད་ཆེ་བས་ལོངས་སྤྱོད་ཀྱི་རྟེན་འབྲེལ་མཚོན། དེ་ནས་རིམ་བཞིན་ཨ་ཙ་ར་དཀར་ནག་གཉིས། ཐོད་སྐམ་ཕོ་མོ་གཉིས། ཀེང་རུས་བཞི། ཡུམ་ཙ་མིན་ཊི། རྡོ་རྗེ་འཇིགས་བྱེད། གཤིན་རྗེ་དཀར་དམར་དང་ལས་མཁན་གཉིས་བཅས་བཞི། སྟོད་སྨད་སྐུ་ཚབ་གཉིས། ཤྭ་དང་ཤྭ་ཁྱི། དཔལ་ལྡན་ལྷ་མོ། ཆུ་སྲིན་གདོང་ཅན། སེང་གེ་གདོང་ཅན། དབྱར་དགུན་སྟོན་དཔྱིད་བཅས་རྒྱལ་མོ་བཞི། རྒྱལ་ཆེན་རྣམ་ཐོས་སྲས། ཨ་ཕྱི་ཆོས་ཀྱི་སྒྲོལ་མ། བསེ་ཁྲབ་ཅན། གནས་ཆུང་འཕྲིན་ལས་རྒྱལ་པོ་བཅས་དང་། ཞྭ་སྟབས་འཆམ་དཔོན་གཙོས་སྔགས་པའི་ཆ་ལུགས་ཀྱི་ཞྭ་ནག་ཅན་ཉི་ཤུ་བཅས་བསྡོམས་པས་འཆམ་པོ་བ་ལྔ་བཅུ་ཐམ་པས་འཆམ་དགོས་པའི་སྲོལ་ཆགས་ཡོད་དོ།།

        མདོར་ན་ལི་ཐང་ཐུབ་བསྟན་བྱམས་ཆེན་ཆོས་འཁོར་གླིང་གི་འདོན་རྟ་དབྱངས་དང་རྔ་སྦུབ་ཆལ། འཆམ་གྱི་སྲོལ་དང་དེའི་འཆམ་ཚུགས་བཅས་ནི་རྒྱལ་དབང་གཉིས་པ་དགེ་འདུན་རྒྱ་མཚོའི་ཆོས་འཁོར་རྒྱལ་མེ་ཏོག་ཐང་གི་ཕྱག་ལེན་དང་སྲོལ་རྒྱུན་ལ་བརྟེན་པ་ཡིན་ཞེས་གསུངས་སོ།།


  • 顶 0