གཟི་ཡི་རིག་གནས་དང་དེའི་ཁྱད་ཆོས་སྐོར་ནས་གླེང་བ།

2019-05-24
0

《གཟི་ཡི་རིག་གནས་དང་དེའི་ཁྱད་ཆོས་སྐོར་ནས་གླེང་བ།》 

                                                         ནམ་མཁའི་ནོར་བུ།

   བོད་ཡུལ་དུ་རིན་པོ་ཆེའི་རིགས་རྣམས་ཀྱི་ནང་ནས་རུན་ཐང་ཆེ་ཤོས་སུ་བརྩི་བ་གཅིག་ནི་གཟིའི་རིགས་རྣམས་རེད། རིན་ཐང་ཆེ་བའི་རྒྱུ་མཚན་ཡང་། གཟིའི་རྒྱུ་དེ་རིན་པོ་ཆེའི་རིགས་ཤིག་ཡིན་པ་ཙམ་དུ་མ་ཟད། དེང་དུས་བཟོ་འཕྲུལ་ཡར་རྒྱས་ཆེན་པོ་འདི་འདྲ་བའི་དུས་སུ། གཟི་དངོས་དག་ནི་སུས་ཀྱང་གསར་བཟོ་བྱེད་མི་ཤེས་ཤིང་།

   གཟིའི་རིས་མོ་དེ་དག་རྫས་སྦྱོར་གང་འདྲ་ཞིག་ལ་བརྟེན་ནས་བཟོས་ཡོད་པ་ཧ་གོ་ཐུབ་ཀྱི་མེད་པ་དེ་ག་རེད། གཟིའི་རིགས་ལ་ཆུ་མིག་དང་། རི་མོ་མི་འདྲ་བ་མང་དུ་ཡོག་རེད། གནའ་བོའི་དུས་སུ་མི་ཚོས་གཟིའི་རིགས་དེ་དག་རྒྱན་ཆའི་ཆེད་དུ་བཟོས་པའམ་མི་ཚོས་རྒྱན་དུ་འདོགས་ཀྱི་ཡོད་མེད་ཤེས་དཀའ་ཡང་། དེང་དུས་ཀྱི་དངུལ་ལྟར་རིན་ཐང་གཞལ་ཐུབ་པའི་དངོས་པོ་ཞིག་ཡིན་པ་ནི། དེ་དག་ལ་ཆུ་མིག་གི་གྲངས་མང་ཉུང་དང་། རི་མོའི་རྣམ་པ་མི་འདྲ་བ་མང་དུ་ཡོད་པ་ལས་ཤེས་ཐུབ་ཀྱི་ཡོག་རེད། 

    གཟིའི་རིགས་ཚང་མར་ཨི་ཁུང་ཡོད་སྟངས་ལ་བལྟས་ན། གཟི་དེ་དག་སྐུད་པར་བརྒྱུས་ཏེ། ལུས་ཀྱི་ཆ་གང་རུང་དུ་བཏགས་ནས་བེད་སྤྱོད་བྱས་པའམ། ཕལ་ཆེར་རྒྱན་ཆ་དང་ཕྱོགས་འདྲ་བ་ཞིག་ཀྱང་ཡིན་སྲིད་ཀྱི་རེད། གཟི་ནི་བོད་ཀྱི་ཡུལ་ཁོ་ནར་བྱུང་བའི་དངོས་པོ་ཁྱད་པར་ཅན་ཞིག་རེད། དེའང་གནའ་དུས་ཀྱི་བོད་མི་ཚོའི་མཛོད་ཁང་ནས་རྙེད་པ་དང་། ཡུལ་འགའ་ཤས་སུ་གྲོང་ཤུལ་དང་། ཞིང་ཁ་སོགས་ནས་རྙེད་ཐུབ་པ་དང་། སྐབས་འགར་རི་བོ་མཐོན་པོའི་རུད་ཤུལ་ནས་རྙེད་པའི་སྐབས་ཀྱང་ཡོག་རེད། འོན་ཀྱང་དེ་ཚོ་ལ་ཡ་མཚན་དགོས་པ་གང་ཡང་ཡོག་མ་རེད། 

    གང་ལ་ཟེར་ན། ལོ་གྲངས་སུམ་སྟོང་ལྷག་ཙམ་འདས་པའི་དུས་སུ་བྱུང་བའི་ཞང་ཞུང་གི་རྒྱལ་པོ་གྲགས་ཆེ་བ་དེ་དག་གི་རྒྱལ་ས་དང་དུས་སྐབས་དེ་དག་གི་ཡུལ་གྲོང་ཕལ་མོ་ཆེ། དེང་དུས་གྲོང་ཤུལ་ཙམ་མམ། མང་ཞིག་གི་གྲོང་ཤུལ་ཡང་མི་མངོན་པ་དེ་ཙམ་དེ་འདྲ་ཡིན་ཙང་། གནའ་དུས་ཀྱི་བོད་མིའི་ཡུལ་གྲོང་རྣམས་ལ་ཆགས་འཇིག་མང་དུ་བྱུང་ཡོད་པ་ནི་བཤད་མ་དགོས་པ་ཞིག་རེད། སྤྱིར་བཏང་ཡུལ་གང་འདྲ་ཞིག་ཡིན་ཡང་རུང་། རི་བོ་དང་། སྒང་དང་། གཤོང་སོགས་ཡུལ་གྱི་བཀོད་པ་མི་འདྲ་བ་མང་དུ་ཡོད་པ། དེ་ཚོའི་འབྱུང་རྐྱེན་ནི་གནའ་བོའི་དུས་སྐབས་རྣམས་སུ་རུད་ཆེན་པོ་བྱུང་བའམ། ས་གཡོ་ཆེན་པོ་བྱུང་སྟེ། རི་བོ་དང་། སྒང་དང་། གཤོང་སོགས་སུ་གྱུར་ཅིང་། དེར་རྩི་ཤིང་དང་ནགས་ཚལ་སྐྱེས་ནས་ཡུལ་གྱི་བཀོད་དབྱིབས་སྣ་ཚོགས་ཡོང་གི་ཡོད་པ་ལྟར། 

བོད་ཡུལ་དུ་རི་བོ་མཐོན་པོ་མང་དུ་ཡོད་པ་དེ་ཚོའང་གནས་ཚུལ་དེ་དང་འབྲེལ་བ་ཞིག་ཏུ་སོང་ཙང་། དུས་སྐབས་དེ་དག་ཏུ་གཏོར་བརླགས་སོང་བའི་བོད་ཀྱི་གནའ་མི་དེ་ཚོའི་དངོས་པོ་གཟི་ལ་སོགས་པ་དེང་དུས་རི་བོ་ཆེན་པོའི་ཁྲོད་ནས་ཀྱང་རྙེད་པའི་སྐབས་སྲིད་ཀྱི་ཡོག་རེད། གནས་ཚུལ་དེས་བོད་ཀྱི་མི་རིགས་ནི་རྒྱ་དཀར་ནག་སོགས་ཀྱི་མི་རིགས་ཀྱི་ལོ་རྒྱུས་དང་ཕྱོགས་ཀུན་ནས་མཚུངས་པ། བསྐལ་པ་ཡ་ཐོག་ནས་བྱུང་བའི་མི་རིགས་དང་མི་བརྒྱུད་ཅིག་ཡིན་པའི་བདེན་དཔང་གསལ་པོར་བྱེད་ཐུབ་ཀྱི་ཡོག་རེད།



  • 顶 0